སྔོན་འགྲོ་ལ་སོགས་པ་རྒྱུན་དུ་ཉམས་སུ་ལེན་པའི་སྐབས།

From Khyentse Lineage - A Tsadra Foundation Project
DKYD-KABUM-08-NYA-006
Wylie title sngon 'gro la sogs pa rgyun du nyams su len pa'i skabs
Location mdo mkhyen brtse bka' 'bum
Volume 8, Text 6, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Citation
Genre Practical Instructions - lag len - len thabs  ·  Preliminary Practices - sngon 'gro
[edit]
༄༅། །སྔོན་འགྲོ་ལ་སོགས་པ་རྒྱུན་དུ་ཉམས་སུ་ལེན་པའི་སྐབས། དང་པོ་ལུས་གནད་ནི། རྒྱལ་བ་དབེན་ས་བས། རྐང་པ་ལག་པ། རྐེད་པ་གསུམ་སོ་སུམ་ཅུ་ལྕེ་རྣམ་བསྡོམ་པ་བཞི། མགོ་མིག་ཕྲག་པ་དབུགས་དང་བཞི་རྣམ་པར་སྣང་མཛད་ཆོས་བརྒྱད་ཡིན། ཞེས་གསུངས་པ་ལྟར། རྐང་པ་གཉིས་རྡོ་རྗེ་སྐྱིལ་ཀྲུང་དང་གཅིག །ལག་པ་གཉིས་མཉམ་བཞག་དང་གཉིས། རྐེད་པ་དྲང་པོར་སྲོང་བ་གསུམ། སོ། མཆུ་རང་བབས་སུ་འཇོག་ཅིང་ལྕེ་རྩེ་རྐན་ལ་སྦྱར་བ་དང་བཞི། མགོ་བོ་མ་ཡོ་བར་དྲང་པོར་བསྲོང་ནས་མགྲིན་པ་ཅུང་ཟད་གུག་པ་དང་ལྔ༌། མིག་སྣ་རྩེར་ཕབ་པ་དང་དྲུག །ཕྲག་པ་གཉིས་ཐད་ཀར་འཇོག་ཅིང་དཔུང་པ་གཉིས་བརྐྱང་པ་དང༌། དེའི་སྟེང་དུ་དབུགས་བདུན་ཕྱིར་དལ་བུས་རྒྱུ་བ་འདི་བསྣན་ནས་ཆོས་བརྒྱད་ཟེར་བ་ཡང་ཡོད་པས་དེ་ལྟར་བྱས་ནས་བཞུགས་ཚུལ་དེ་ལའང་གེགས་སེལ་བོགས་འདོན་གྱིས་གནད་མི་འདྲ་བ་མང་པོ་ཡོད་པ་ཡིན་པས། ལུས་འདི་མ་འཆུགས་པ་གལ་ཆེ། ལུས་གནད་འཆུག་ན་རླུང་འཁྲུགས་དེ་ལ་བརྟེན་ནས་སེམས་འཁྲུགས་ཏེ། དགེ་སྦྱོར་གནད་དུ་མི་འགྲོ་བ་ཡིན་པས། དེས་ན་ལུས་གནད་འདི་གལ་ཆུང་དང་བག་མེད་ཀྱིས་སྤྱོད་པ་སོགས་སྤང་དགོས། གཉིས་པ་ངག་གནད་རླུང་རོ་དགུ་སྤྲུགས་ནི་རང་གི་ལག་པ་གཡོན་པས་སྣ་བུག་གཡོན་མནན་ནས། སྣ་བུག་གཡས་ནས་རླུང་ལན་གསུམ་བསལ་བས། བདག་སོགས་སེམས་ཅན་ཐམས་ཅད་ཀྱིས་སྔོན་ཐོག་མ་མེད་པ་ནས་ཉོན་མོངས་པ་ཞེ་སྡང་གི་སྒོ་ནས་བསགས་པའི་ནད་གདོན་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་རླུང་ལྗང་ནག་གི་རྣམ་པ་ཕྱི་རོལ་དུ་རྒྱངས་སེ་ཐོན་པར་བསམ། ཡང་ལག་པ་གཡས་ཀྱིས་སྣ་བུག་གཡས་མནན་ནས་གཡོན་པའི་ནང་ནས་རླུང་རོ་ལན་གསུམ་བསལ། བདག་སོགས་སེམས་ཅན་ཐམས་ཅད་ཀྱིས་སྔོན་ཐོག་མ་མེད་པ་ནས། ད་ལྟའི་བར་དུ་ཉོན་མོངས་པ་འདོད་ཆགས་ཀྱིས་སྒོ་ནས་བསགས་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་རླུང་རོ་དམར་ནག་གི་རྣམ་པ་ཕྱི་རོལ་དུ་ཐོན་པར་བསམ། ཡང་སྣ་བུག་གཉིས་མཉམ་དུ་རླུང་རོ་ལན་གསུམ་བསལ་བས་སྔོན་ཐོག་མ་མེད་པ་ནས་བདག་སོགས་སེམས་ཅན་ཐམས་ཅད་ཀྱིས་ཉོན་མོངས་པ་གཏི་མུག་གི་སྒོ་ནས་བསགས་པའི་ནད་གདོན་སྡིག་སྒྲིབས་བག་ཆགས་དང་བཅས་པ་རླུང་དུད་ཁུ་དང་སོལ་ཁུའི་རྣམ་པ་ཕྱི་རོལ་དུ་ཐོན་པར་བསམ། དེ་ལྟར་རླུང་རོ་དགུ་སྤྲུགས་སུ་བསལ། དེ་ལྟར་བྱས་ནས་རང་གི་སྤྱི་བོར་བླ་མ་བསྒོམ་ལ་ཕུར་ཚུགས་སུ་བསོལ་བ་འདེབས་པ་ནི། རང་གི་སྤྱི་བོར་རྩ་བའི་བླ་མ་དེ་ཉིད་སྐུ་གསུམ་ཀུན་འདུས་ཀྱི་བདག་ཉིད། འདས་པའི་སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་པ། ད་ལྟའི་སངས་རྒྱས་ཐམས་ཅད་ཀྱི་རྒྱལ་ཚབ། མ་འོངས་པའི་སངས་རྒྱས་ཐམས་ཅད་ཀྱི་འབྱུང་ཁུངས། མདོར་ན་ཕྱོགས་བཅུ་རབ་འབྱམས་ན་བཞུགས་པའི་རྒྱལ་བ་སྲས་བཅས་ཉན་རང་སོ་སྐྱེ་ཕོ་མོ་བྱ་དང་རི་དྭགས་ལ་སོགས་པ་བླ་མ་དེའི་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་རྣམ་རོལ་ཆོ་འཕྲུལ་སྤྲུལ་པ་སྣ་ཚོགས་ཀྱིས་སེམས་ཅན་ཅན་ཐམས་ཅད་ཀྱི་དོན་གང་ལ་གང་འདུལ་མཛད་པ་ཡིན་པས། སངས་རྒྱས་དང་དབྱེར་མེད་དུ་ཤེས་པའི་ངང་ནས་གསོལ་བ་འདེབས་དགོས་པ་ཡིན་ཏེ། ངག་ཏུ་རྒྱལ་བ་ཀུན་འདུས་རྗེ་བཙུན་བླ་མ་རིན་པོ་ཆེ་མཁྱེན་ནོ། །བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཀུན་བཟང་བཀའ་བརྒྱུད་ཀྱི་ངོ་བོ་ཡོངས་འདུས་ཡིད་བཞིན་གྱི་ནོར་བུ་རྩ་བའི་བླ་མ་དེ་མཁྱེན་ནོ། །མཆོག་ཐུན་དངོས་གྲུབ་ཀུན་རྩོལ་ཅིག །ལན་གཅིག་བརྗོད་ནས་མོས་གུས་ཀྱིས་མཆི་མ་འཁྲུགས་པར་བྱའོ། །དལ་འབྱོར་རྙེད་པར་དཀའ་བ་རྒྱུད་ལ་སྐྱེ་སླ་བའི་ཆེད་དུ་ཐབས་ཟབ་མོ་སྔགས་ཀྱིས་རྒྱུད་སྡེ་ལས་བྱུང་བ་འདི་ལྟར་བསྒོམ་པར་བྱ་སྟེ། དབེན་པ་རུ་གཅིག་པུར་གནས་ཤིང་བདེ་བའི་སྟན་ལ་རྐང་པ་ཕྱེད་སྐྱིལ་གཡས་ས་ལ་བཙུགས་ཏེ་བསླང་གཡོན་གྱི་པུས་མོ་ཕབ་ལ། ལག་པ་གཡས་ཀྱིས་གྲུ་མོ་པུས་མོ་ལ་བཙུགས་ཏེ་འགྲམ་པར་སྦྱར། གཡོན་པུས་མོ་ལ་བཀབ་པ་སྟེ། མྱ་ངན་གྱི་འདུག་སྟངས་ཅན་ལ་དམིགས་པ་ནི་ཡུལ་ཐམས་ཅད་ཡངས་ཤིང་རྒྱ་ཆེ་བ་ལ་ངན་སོང་གསུམ་གྱི་སེམས་ཅན་རྣམས་ལ་བསམ་གྱིས་མི་ཁྱབ་པ་རང་རང་གི་སྡུག་བསྔལ་གྱིས་ལན་ཏེ་ངུ་ཙིར་དི་རེ་བ། དེའི་དཀྱིལ་དུ་བྲག་རི་ཤིན་ཏུ་མཐོ་བ་གཅིག་གི་སྟེང་ན་རང་གཅིག་པུ་གྲོགས་མེད་པར་མི་ལུས་ཐོབ་ནས་ཡོད་པ་དེ་ཉིད། མར་ལྷུང་ལ་ཁད་ཡོད་པ་ལ་འདི་སྙམ་དུ་ཨ་ཙ་མ་དམྱལ་བ་ཡི་དྭགས་དུད་འགྲོ་དཔག་ཏུ་མེད་པ་འདི་ལྟ་བུའི་ནང་ནས་རང་གཅིག་པུ་མི་ལུས་ཐོབ་པ་འདི་སྔོན་དགེ་བའི་མཐུ་ཞིག་ཡིན་པས། རེ་དགའ་སྙམ་པའི་ངང་ནས་ཚིག་འདི་ལྷང་ལྷང་བརྗོད་དོ། །ཨ་ཙ་མ་ནི་ང་རེ་འཇིགས། །ངན་སོང་སེམས་ཅན་མང་ལུགས་སམ། །མི་ལུས་ཐོབ་པ་དཀོན་ལུགས་སམ། །མ་ཀིར་ལྷུང་བར་མགྱོགས་ལུགས་སམ། །རྙེད་པ་དཀའ་ལ་འཇིག་པ་སླ། །འདི་ལ་ཅི་ལྟར་བྱས་ན་ཐར། །ཐར་ཐུབ་ཡོད་ན་སྒྲུབ་པ་ལགས། །ཞེས་སྨྲེ་སྔགས་ལྷང་ལྷང་ཡོད་པའི་ཚེ། སྟེང་གི་ནམ་མཁའ་ལ་དྲིན་ཆེན་རྩ་བའི་བླ་མ་དེ་ཉིད་སྐུ་ལ་རུས་པའི་རྒྱན་དྲུག་གསོལ་བ་ཕྱག་གཉིས་སྐྱབས་སྦྱིན་ཕྱག་རྒྱ་དང་བཅས་པ་བྱོན་ཏེ་འདི་སྐད་གསུངས་པར་བསྒོམས་ལ། ཀྱེ་མ་དལ་འབྱོར་རྙེད་དཀའ་ཐོབ་པ་ད་རེས་ཙམ། །མྱུར་དུ་ངན་འགྲོའི་གནས་སུ་ལྷུང་ལ་ཁད། །ད་རེས་འདི་ལ་དོན་ཆེན་མ་བསྒྲུབ་ན། །ཕྱི་ནས་མི་ལུས་ཤིན་ཏུ་རྙེད་པར་དཀའ། །ཞེས་གསུངས། མ་ཐག་ཏུ་རང་གི་བསམ་པ་ལ་ད་ལན་འཁོར་བའི་སྡུག་བསྔལ་ལས་གྲོལ་བར་བྱས་ནས་སེམས་ཅན་གཅིག་ཀྱང་མ་ལུས་པ་བདག་གིས་བསྒྲལ་བར་བྱའོ། །སྙམ་དུ་སེམས་བསྐྱེད་མ་ཐག་ཏུ་བླ་མའི་ཐུགས་ཀ་ནས་འོད་ཟེར་གྱི་སྙིང་པོ་ཞིག་བདག་ལ་ཟུགས་པ་ཙམ་གྱིས་རང་ཉིད་བདེ་ཆེན་ཞིང་དུ་ཡེར་གྱིས་སླེབ་བྱུང་སྙམ་པ་དང༌། བདག་གི་སྙིང་ཁ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་ཏེ་སེམས་ཅན་དེ་དག་གཅིག་ཀྱང་མ་ལུས་པ་བདེ་ཆེན་གྱི་ཞིང་དུ་དྲང་བར་བསམ། སེམས་ཅན་ལ་སྙིང་རྗེ་དྲག་ཏུ་བསྒོམ་པར་བྱའོ། །མི་རྟག་པ་རྒྱུད་ལ་སྐྱེ་སླ་བའི་ཕྱིར་ཐབས་ཀྱིས་གནད་ཟབ་འདི་ལྟར། དམིགས་པ་ནི། ཡང་ལུས་གནད་གོང་ལྟར་བྱ་སྐྱིལ་ཀྲུང་བཅས་པ་ལ་བདག་གང་ནས་ཕྱིན་རུང་ཆ་མེད་པར་ལུང་པ་ཁ་བྱང་དུ་བསྟན་པ་མདོག་ནག་ཅིང་སྟོང་སེང་ངེ་བ་མིའི་རྒྱུ་འགྲུལ་མེད་པ་རྫ་རི་སྔོན་སྤུང་སྤུང༌། རྫ་ཆུ་སྔོན་པོ་ཁྲ་ལམ་ལམ་དུ་འབབ་པ། གྲོག་རོང་ལམ་མེད་པ་འཇག་རྐྱ་ཀྱུ་རུ་རུ་ཟེར་བ། མི་རོ་མང་པོ་གཅན་གཟན་གྱིས་ཕར་ཚུར་འཐེན་པ། ཝ་མོ་ཁོང་ཁོང་བརྒྱལ་བ། བྱ་རོག་གིས་སྟོང་སྟོང་སྒྲོགས་པ༌། འུག་པས་ཧ་ཧ་ཟེར་བ། བྲག་རི་མཐོ་སང་སང་ལྷགས་པ་འུ་རུ་རུ་བྱེད་པ། ཉི་མ་རི་རྩེ་ནས་ནུབ་པ་གྲིབ་སོ་ནག་ངམ་ངམ་པའི་དུས་དེར་སླེབ་སྟེ། སྔོན་ཆད་འགྲོ་ནི་མ་མྱོང༌། གྲོགས་མེད་གཏད་སོ་མེད་པར་ཐོམ་ཐོམ་དུ། ཀྱེ་མ་ཀྱེ་ཧུད་ཨ་ཙ་མ། །གར་འགྲོའི་གཏད་སོ་བདག་ལ་མེད། །བུ་དང་ནོར་རྫས་གར་ཡོད་དམ། །ཡུལ་དང་ཕ་མ་ནམ་སླེབ་བམ། །ཀྱེ་མ་ཀྱི་ཧུད་ང་རེ་སྐྱོ། །ཞེས་ལྷང་ལྷང་ཟེར་ཞིང་ཐོམ་ཐོམ་ཕྱིན་པ་ལ་ཅི་ཞིག་ཅེ་ན། བྲག་རོང་ཞིག་ཏུ་གློ་བུར་དུ་ལྷུང་བར་ལག་པ་གཡས་པ་བྲག་གི་དཀྱིལ་ན་རྩྭ་ཕུང་གཅིག་ཡོད་པ་དེ་ལ་ཟིན་ཏེ་དམ་དུ་བཟུང་རུང༌། འདར་ཕྲི་ལི་ལི་ཡོད་པ་ལ་བལྟས་པས་ན་གཏིང་མི་མངོན་པར་ཡར་ལ་བལྟས་པས་གནམ་ལ་སྙོག་པ་མེ་ལོང་གི་ངོས་ལྟར་འདྲེད་ཅིང༌། རྒྱ་ཆེ་བ་རླུང་འུ་རུ་རུ་ཟེར་བ་ཞིག་ཏུ་ཡོད་པ་ལ། རྩྭ་ཕུང་དེའི་གཡས་ཕྱོགས་ཀྱི་བྲག་གི་སེར་ཁ་གཅིག་ནས་བྱི་བ་དཀར་པོ་གཅིག་བྱུང་ནས་རྩྭ་ཉག་མ་གཅིག་བཅད་དེ་ཁྱེར་སོང་ཡང་གཡོན་ཕྱོགས་ནས་བྱི་བ་ནག་པོ་གཅིག་བྱུང་ནས་རྩྭ་ཉག་མ་གཅིག་བཅད་དེ་ཁྱེར་སོང༌། དེ་གཉིས་རེས་མོས་བྱས་ཏེ་ཁྱེར་པས་རྩྭ་ཕུང་དེ་ཇེ་ཆུང་ཇེ་ཆུང་ལ་སོང༌། དེ་ཡང་གཡས་ཀྱི་བྲག་གི་སེར་ཁ་ནས་བྱི་བ་དཀར་པོ་ཞིག་གིས་རྩྭ་ཉག་གཅིག་བཅད་དེ་ཁྱེར་བ་ནི། དེ་རིང་ནམ་ལངས་ནས་མུན་མ་རུབ་བར་དུ་ཚེ་ལ་ཉི་མ་གཅིག་ཐལ་བའི་དཔེ་ཡིན་གཡོན་གྱི་བྲག་གི་སེར་ཁ་ནས་བྱི་བ་ནག་པོ་གཅིག་གིས་རྩྭ་ཉག་མ་གཅིག་བཅད་དེ་ཁྱེར་བ་ནི་དོ་ནུབ་མུན་རུབ་ནས་སང་ནམ་ལངས་ཀྱི་བར་དུ་ཚེ་ནུབ་གཅིག་ཐལ་བའི་དཔེ་ཡིན་བྱི་བ་ལ་རྒོལ་ཐབས་ནི་མེད་བྱི་བ་ལ་ནི་འཇིགས། དངངས་སྐྲག་གདའ་སྟེ་ཨ་ཙ་མ། ད་ནི་བདག་ལ་འཆི་བ་སླེབ་སྟེ་ཐོས་པ་ནི་མེད་སྔོན་ཆད་འཆི་བ་མ་དྲན་པས་ཆོས་ནི་མེད་འཆི་བ་ཡོང་རྒྱུ་ཡིད་ལ་མེད་པར་གློ་བུར་དུ་སླེབས། ད་ནི་བུ་ཚ་ནོར་རྫས་ཉེ་འབྲེལ་ཡུལ་མི་ཁྱིམ་མཚེས་དང༌། དེ་རིང་ནས་བྲལ་ཏེ། དེང་ཕྱིན་ཆད་ནི་འཕྲད་མི་ཡོང༌། སྔོན་ལ་དགེ་བ་མ་བྱས། ནོར་བསགས་པ་ནི་ཤུལ་དུ་ལུས། སྔོན་ཆད་འགྲོ་མ་མྱོང་བའི་གཤིན་ཡུལ་མུན་ནག་ཐག་རིང་དུ། གྲོགས་མེད་པ་གཅིག་པུ་འགྲོ་དགོས་པས་ཨ་རྫིས་འཇིགས་ལ། འདི་ལས་ཐར་ཐབས་ཤིག་ཅི་དྲག །ད་ཅི་འདྲ། བྱེད་ཨ་ཙ་མ་འདི་ལས་ཇི་ལྟར་བྱས་ན་ཐར་ཞེས་སྐྲག་སྔངས་ལྷང་ལྷང་ཡོད་པའི་ཚེ། སྟེང་གི་ནམ་མཁའ་ནས་རྩ་བའི་བླ་མ་དེ་ཉིད་པད་ཟླའི་སྟེང་ན་སྐུ་ལ་རུས་པའི་རྒྱན་དྲུག་གསོལ་ནས། ཌ་དྲིལ་བསྣམས་ཏེ་གར་སྟབས་ལིང་ལིང་བྱེད་ཅིང་འདི་སྐད་དུ། ཀྱེ་མ་ད་ནི་མི་རྟག་མྱུར་དུ་འཇིག། །ཕྱི་ཡི་དུས་བཞི་མི་རྟག་འགྱུར་དུ་འགྲོ། །རྒན་རིམ་དགྲ་གཉེན་ཐམས་ཅད་འཆི་དང་རྒུད། །གཞོན་རིམ་དར་མ་ལོ་ཟླ་ཞག་གྲངས་འགྱུར། །འཆི་བ་འདི་ལ་བཟློག་ཐབས་ཅི་ཡང་མེད། །བཟློག་ཐབས་ཡོད་དམ་ད་ལྟ་འདི་ལ་ལྟོས། །ད་ནི་ལངས་མེད་བླ་མར་མོས་གུས་མཛོད། །ཅེས་གསུང་ཐོས་པ་ཙམ་གྱིས་འདི་ལྟ་བུ་འཆི་བ་ལ་མ་ཐུག་པའི་ཚེ་ཆོས་ཤིག་བྱ་རྒྱུ་ཡིན་པ་ལ། ཆོས་ཤིག་མ་བྱས་པ་ང་རེ་འགྱོད། ད་ནི་ཤི་རུང་བླ་མ་དཀོན་མཆོག་མཁྱེན། བླ་མ་དཀོན་མཆོག་གསུམ་ལ་ཐུགས་རྗེ་ཡོད་ན་བདག་འཁོར་བའི་གཡང་ས་ཆེན་པོ་འདི་ལས་བསྒྲལ་ན་ཅི་མ་རུང་བསམ་ཞིང་བླ་མ་དཀོན་མཆོག་མཁྱེན་ཞེས་སྙིང་ཐག་པ་ནས་མོས་གུས་དྲག་པོ་བྱས་པས་བླ་མའི་ཐུགས་ཀ་ནས་འོད་ཟེར་གྱི་སྙིང་པོ་ཞིག་བྱུང་སྟེ་བདག་ལ་ཟུག་པ་དང༌། རྩྭ་ཕུང་ཆད་པ་དང་མཚུངས་ཏེ། རང་ཉིད་འོད་ཟེར་དེས་ཡེར་གྱིས་བཏེགས་ནས་བདེ་ཆེན་གྱི་ཞིང་དུ་སླེབ་སྙམ་པ་དང༌། བདག་གི་སྙིང་ཁ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཁམས་གསུམ་གྱི་སེམས་ཅན་གཅིག་ཀྱང་མ་ལུས་པ། བདེ་ཆེན་དག་པའི་ཞིང་དུ་དྲངས་བར་བསམ་ཞིང༌། སྙིང་རྗེ་དྲག་ཏུ་བསྒོམ་པར་བྱའོ། །དེ་ལྟར་མི་རྟག་པའི་ཚུལ་གྱིས་བློ་བསྐུལ་ཏེ་མྱུར་དུ་ཆོས་ལ་འཇུག་དགོས་པ་ནི། སྒེག་མོའི་མགོ་ལ་མེ་ཤོར་བའམ། སྡར་མའི་པང་དུ་སྦྲུལ་བྱུང་བ་ལྟར། ལེ་ལོ་དང་ཕྱི་བཤོལ་ཀྱི་དབང་དུ་མི་གཏོང་བར་དགེ་བར་འབད་ཅིང༌། རྟག་འཛིན་བློ་དེ་ལྡོག་པར་བྱའོ།། །།