DKYD-KABUM-05-CA-010

From Khyentse Lineage - A Tsadra Foundation Project
Revision as of 09:48, 2 June 2024 by Jeremi (talk | contribs)
Wylie title
Location mdo mkhyen brtse bka' 'bum
Volume 5, Text 10, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Citation
Genre
[edit]
༄༅། «།ཨེ་མ་ཧོཿ བདག་འདྲ་པདྨ་འབྱུང་གནས་ཀྱིསཿ ཇོ་མོ་ཡེ་ཤེས་མཚོ་རྒྱལ་ལཿ ཚེ་གཅིག་གྲོལ་བའི་གདམས་པ་མཆོགཿ དཀའ་ཚེགས་མེད་ཅིང་གནད་འདུས་དོནཿ མ་ནོར་ཉམས་སུ་བླང་བྱ་བསྟནཿ སྔ་བར་རླུང་རོ་གསུམ་བསལ་ལཿ རང་རིག་ཀུན་ཏུ་བཟང་མོར་བསྐྱེདཿ »རང་རིག་སྟོང་གསལ་ཀུན་ཏུ་བཟང་མོ་ལཿ སྤང་བླང་མེད་པའི་ངང་ནས་སྐྱབས་སུ་མཆིཿ མ་རིག་འཁོར་བར་འཁྱམས་པའི་སེམས་ཅན་རྣམསཿ རིག་པ་ཡེ་ཤེས་རྟོགས་པར་སེམས་བསྐྱེད་དོཿ ཆོས་རྣམས་དམིགས་མེད་བརྗོད་བྲལ་དེ་བཞིན་ཉིདཿ རང་རིག་མ་བཅོས་ཆུ་ལས་ཉ་འཕར་ལྟརཿ རྒྱལ་ཀུན་སྤྱི་ཡུམ་རྡོ་རྗེ་རྣལ་འབྱོར་མཿ དམར་གསལ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་གདངསཿ ཞི་མ་ཁྲོ་ཞིང་ཆགས་པའི་ཉམས་དང་ལྡནཿ ཕྱག་གཡས་གྲི་གུག་འཕྱར་ཞིང་གཡོན་ཐོད་ཁྲགཿ ཐུགས་ཀར་འཛིན་ཅིང་གྲུ་མོར་ཁ་ཊྭཱྃ་འཆངཿ ཞབས་གཡས་བསྐུམས་པའི་རྟིང་བ་བྷ་གར་གཏདཿ གཡོན་རྐྱང་ཨེ་དབྱིངས་བཾ་རོའི་སྙིང་ཁར་བརྗིསཿ སྤྱི་བོར་ཕག་ཞལ་དུར་སྒྲ་ཕྱོགས་བཅུར་སྒྲོགསཿ འགྲོ་ཀུན་གཏི་མུག་གཉིད་ལས་སྒྲོག་པར་བྱེདཿ ནུ་འབུར་བྷ་ག་ལང་ཚོ་རབ་ཏུ་རྒྱསཿ འདོད་པ་མི་བཟོད་བདེ་བ་མེ་ལྟར་འབརཿ ལུས་དབུས་དབུ་མ་མཐིང་གསལ་སྒྲིབ་གཡོགས་བྲལཿ སྤྱི་བོར་རྩ་འདབ་སུམ་ཅུ་རྩ་གཉིས་ལཿ སངས་རྒྱས་མཁའ་འགྲོ་ཡབ་ཡུམ་གཙོར་གྱུར་པཿ བྷུདྡྷ་རིགས་ཀྱི་དཔའ་བོ་མཁའ་འགྲོ་འབུམཿ མགྲིན་པར་རྩ་འདབ་བཅུ་དྲུག་རིན་ཆེན་གྱིཿ མཁའ་འགྲོ་ཡབ་ཡུམ་གཙོར་གྱུར་འབུམ་ཕྲག་དངཿ སྙིང་ག་རྩ་འདབ་བརྒྱད་ལ་རྡོ་རྗེ་ཡིཿ མཁའ་འགྲོ་ཡབ་ཡུམ་གཙོ་གྱུར་འབུམ་ཕྲག་དངཿ ལྟེ་བར་རྩ་འདབ་དྲུག་ཅུ་རྩ་བཞི་ལཿ པདྨ་མཁའ་འགྲོ་ཡབ་ཡུམ་གཙོ་གྱུར་འབུམཿ གསང་གནས་རྩ་འདབ་ཉི་ཤུ་རྩ་བརྒྱད་ལཿ ལས་ཀྱི་མཁའ་འགྲོ་ཡབ་ཡུམ་གཙོ་གྱུར་འབུམཿ སྲུབ་སྦྱོར་ལྷན་སྐྱེས་ཡེ་ཤེས་ཉམས་དང་ལྡནཿ རྩ་འཁོར་ལྷ་རྣམས་སྐུ་ལ་འོད་འཕྲོས་པསཿ སྣང་བ་ཐམས་ཅད་ཡེ་ཤེས་མཁའ་འགྲོའི་སྐུཿ སྒྲ་གྲགས་ཐམས་ཅད་ཡེ་ཤེས་མཁའ་འགྲོའི་གསུངཿ དྲན་རྟོག་ཐམས་ཅད་ཡེ་ཤེས་མཁའ་འགྲོའི་ཐུགསཿ སྲིད་གསུམ་ཐམས་ཅད་ཡེ་ཤེས་མཁའ་འགྲོས་གངཿ ཆོས་ཉིད་ཉམས་ཀྱི་སྣང་བ་རབ་འུར་ཅིང་ཿ འཁྲུལ་རྟོག་ཡེ་ཤེས་ཆེན་པོར་འུབ་ཆུབ་ཤོགཿ ཌཱཀྐི་བཛྲ་དྷ་ར་བྷུདྡྷ་བཛྲ་རཏྣ་པདྨ་ཀརྨ་སརྦ་སིདྡྷི་ཕ་ལ་ཧཱུྃཿ «ཅི་ནུས་བཟླས་ཤིང་དམིགས་པའི་གཟེར་གྱིས་གཅུནཿ ཨ་འཐས་མ་ཡིན་སྣང་སྟོང་ཟུང་འཇུག་ངངཿ ཁྱབ་བརྡལ་ཀློང་ཡངས་ཆེན་པོའི་ངང་ལ་འབདཿ ཐུན་དང་མཚམས་ཀྱི་རེ་དོགས་ཡོད་མ་ཡིནཿ དུས་ཀུན་འབད་མེད་ཉམས་ལེན་སྤར་བཅིང་ངོཿ ཉལ་ཚེ་དམིགས་རིམ་གསལ་ཞིང་ཅུང་ཟད་བཟླཿ »སྣང་སྲིད་སྣོད་བཅུད་མཁའ་འགྲོའི་རང་བཞིན་ལཿ མཁའ་འགྲོ་ཐམས་ཅད་རྩ་གནས་སོ་སོར་ཐིམཿ བདག་དང་རྩ་གནས་མཁའ་འགྲོ་ཐམས་ཅད་ཀུནཿ དམིགས་མེད་ཆོས་དབྱིངས་ཡེ་བདལ་ཆེན་པོའི་ངངཿ ཨ་ཨ་ཨཱཿ «ཞེས་བརྗོད་ཀུན་རྟོག་དབང་དུ་མི་གཏོང་བརཿ རིག་པ་ཡེ་ཤེས་ངང་ནས་འོད་གསལ་འཇུགཿ པད་མ་བདག་གི་སྙིང་གི་ཟུངས་ཁྲག་སྟེཿ སྙིང་དང་འདྲ་བའི་མཚོ་རྒྱལ་ཁྱོད་ལ་གཏདཿ ད་ལྟ་ཉམས་མྱོང་དངོས་གྲུབ་ཐོབ་པའི་མཐའཿ མཁའ་དབྱིངས་ཀློང་དུ་ཌཱཀྐིའི་བརྡ་རིས་བཀོདཿ མ་འོངས་ང་སྤྲུལ་མཐུ་སྟོབས་དཔའ་བོ་དངཿ འཕྲད་ཚེ་གསང་བའི་ཡུམ་གྱིས་ཉམས་སུ་ལོངསཿ ཡབ་ཡུམ་དངོས་གྲུབ་འབྲས་བུ་ཐོབ་པར་ངེསཿ སྐྱེ་དེར་གསང་སྔགས་ནང་གི་དགོངས་པ་རྟོགསཿ ཕྱི་མར་མཁའ་འགྲོའི་ཚོགས་དཔོན་བྱེད་པར་ངེསཿ གཞན་དུ་འཁྱར་ན་ཡབ་ཡུམ་ཚེ་གུམ་འགྱུརཿ སྔགས་ཀྱི་བདག་མོ་ཨེ་ཀ་ཙ་ཏི་དང་ཿ དགེ་བསྙེན་ཆེན་པོ་བསྙོ་ཁ་ནག་པོ་ཡིསཿ ཐུབ་པར་ཟུངས་ཤིག་སྲོག་ལ་ཁ་ཐཾ་རྒྱཿ སྐུའི་རྒྱཿ གསུང་གི་རྒྱཿ ཐུགས་ཀྱི་རྒྱཿ ཁ་ཐཾཿ རྒྱ་རྒྱ་རྒྱཿ ཿ