DKYD-KABUM-03-GA-003

From Khyentse Lineage - A Tsadra Foundation Project
Revision as of 08:43, 2 June 2024 by Jeremi (talk | contribs)
Wylie title
Location mdo mkhyen brtse bka' 'bum
Volume 3, Text 3, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Citation
Genre
[edit]
༄༅ཿ ཿབླ་མ་སྒྲུབ་ཐབས་བྱིན་རླབས་སྤྲིན་ཕུང་བཞུགསཿ

«༄༅ཿ ཀུན་ཏུ་བཟང་ལ་ཕྱག་འཚལ་ལོཿ ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གིཿ སྙིང་པོ་བཅུད་ཀྱི་ཡང་ཞུན་ནིཿ བླ་མ་སྒྲུབ་པ་ཁོ་ན་སྟེཿ རྣལ་འབྱོར་སྒོམ་པའི་རིམ་པ་ནིཿ »ཨེ་མ་ཧོཿ མདུན་མཁར་འཇའ་འོད་སྤྲིན་ཕུང་འཁྲིགས་པའི་ཀློངཿ རིན་ཆེན་སེང་ཁྲི་པདྨ་ཉི་ཟླའི་སྟེངཿ རིགས་ཀྱི་བདག་པོ་བླ་མ་དྲི་མ་མེདཿ མཐིང་གསལ་ལོངས་སྐུའི་ཆས་རྫོགས་སྐྱིལ་ཀྲུང་བཞུགསཿ ཕྱག་གཉིས་གསེར་རྡོར་འཆི་མེད་ཚེ་བུམ་བསྣམསཿ ཐུགས་རྗེ་བརྩེ་བས་བདག་ལ་ལྷང་ངེར་གཟིགསཿ རྩ་གསུམ་དྲང་སྲོང་རིག་འཛིན་མཁའ་འགྲོས་བསྐོརཿ དད་མོས་རྩེ་གཅིག་མ་ཡེངས་གསལ་བར་སྒོམཿ «སྤྱན་འདྲེན་སྐྱབས་སེམས་ཡན་ལག་བདུན་པ་ནིཿ »ན་མོཿ བླ་མ་ཡི་དམ་མཁའ་འགྲོ་སྤྱན་འདྲེན་གཤེགསཿ སྤྱི་གཙུག་ཉི་ཟླ་པདྨའི་གདན་ལ་བཞུགསཿ བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆིཿ འགྲོ་དོན་སྨོན་འཇུག་དོན་དམ་སེམས་མཆོག་བསྐྱེདཿ སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོཿ ཕྱི་ནང་གསང་བའི་མཆོད་པ་དཔག་མེད་འབུལཿ ཉམས་ཆག་སྡིག་སྒྲིབ་ཐམས་ཅད་མཐོལ་ལོ་བཤགསཿ གསང་སྔགས་མཛད་པ་སྒྲུབ་ལ་རྗེས་ཡི་རངསཿ སྨིན་གྲོལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལཿ འགྲོ་བའི་དོན་དུ་མྱ་ངན་མི་འདའ་བཞུགསཿ དགེ་ཚོགས་བླ་མེད་བྱང་ཆུབ་ཆེན་པོར་བསྔོཿ «གསོལ་འདེབས་ཐུགས་དམ་གནད་བསྐུལ་ནིཿ »ཨེ་མ་ཧོཿ ཡེ་གཞི་ཐིམ་ལ་མ་རྨུག་བུམ་པའི་སྐུཿ ཆོས་སྐུ་འགྱུར་མེད་ཐབས་མཆོག་ཀུན་ཏུ་བཟངཿ ཤེས་རབ་བདེ་ཆེན་སྟོང་ཉིད་ཀུན་བཟང་མོཿ རོལ་རྩལ་མ་འགགས་རིགས་ལྔ་ཡབ་ཡུམ་ཤརཿ སྤྲུལ་པས་གར་བསྒྱུར་སྟོན་པ་རྡོ་རྗེ་འཆངཿ སྐུ་གསུམ་ཞིང་ཁམས་རྒྱ་མཚོའི་དཀྱིལ་འཁོར་གཙོཿ ཌཱཀྐི་ཡོངས་ཀྱི་མེས་པོ་ཧེ་རུ་ཀཿ བླ་མ་དྲི་མ་མེད་ལ་གསོལ་བ་འདེབསཿ ཁྱོད་སྐུ་མི་ཤིགས་རྡོ་རྗེའི་ཆོས་བདུན་ངོརཿ གང་གསུང་ཡན་ལག་དྲུག་ཅུའི་ཆོས་སྒྲ་སྒྲོགསཿ ཁྱེད་ཐུགས་ཀ་དག་བདེ་སྟོང་ལྷུན་གྱིས་གྲུབཿ བླ་མའི་གསང་བ་གསུམ་ལ་གསོལ་བ་འདེབསཿ བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནསཿ བདག་གི་སྐྱེ་དང་ཚེ་རབས་ཐམས་ཅད་དུཿ རིགས་ཀྱི་བདག་པོ་འདྲེན་པའི་བླ་མ་མཆོགཿ གཅིག་ཆོག་ནོར་བུའི་ལུགས་སུ་གསོལ་བ་འདེབསཿ ཉོན་མོངས་ལྔ་དང་སྡུག་བསྔལ་དྲག་པོ་ཡིསཿ རྣམ་པར་གཟིར་བའི་རྨོངས་འཁྲུལ་སེམས་ཅན་གྱིཿ སྤྱོད་ངན་ལོག་སྒྲུབ་ཐུགས་སུན་ལོག་ལྟ་ཤོརཿ ཁྱེད་ཐུགས་སྙིང་རྗེ་ཆེན་པོས་བཟོད་པར་བཞེསཿ རྣམ་གསུམ་དད་པས་རྩེ་གཅིག་གསོལ་འདེབས་བུརཿ མགོན་ཁྱོད་ཐུགས་རྗེ་བརྩེ་བའི་ཤུགས་ཕྱུང་ལཿ ས་དང་ལམ་གྱི་བར་ཆད་ཀུན་གྲོལ་ཞིངཿ བདུད་སྡེའི་གཡུལ་ལས་རྒྱལ་བར་ཐུགས་རྗེས་ཟུངསཿ བདེ་སྟོང་འོད་གསལ་འཕོ་མེད་ཉམས་ལེན་ལཿ ཉིན་མཚན་གཡེལ་བ་མེད་པར་འབད་པ་ཡིསཿ བླ་མ་མཆོག་དང་ཐུགས་དགོངས་དབྱེར་མེད་འདྲེསཿ མ་ལུས་འགྲོ་ཁམས་སྡུག་བསྔལ་རྒྱ་མཚོ་ལསཿ འདྲེན་པའི་དེད་དཔོན་ཆེན་པོར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་བཛྲ་གརྦྷེ་སུ་ཁ་ཛྙཱ་ན་སིདྡྷི་ཕ་ལ་ཧོཿ «ལྟེམས་རྐྱང་མེད་པར་ཆུ་བོའི་རྒྱུན་བཞིན་བཟླཿ ཐུགས་ཡིད་བསྲེ་ཞིང་སྐུ་གསུམ་དབྱེར་མེད་སྒོམཿ ཐུན་མཐར་དབང་བཞི་ལེན་པའི་མན་ངག་གནདཿ »བླ་མའི་སྐུ་གསུང་ཐུགས་ཡོན་འཕྲིན་ལས་འོདཿ བདག་གི་གནས་ལྔར་ཐིམ་པས་སྒྲིབ་ཀུན་དགཿ དབང་དང་བྱིན་རླབ་རྡོ་རྗེ་བཞིར་རྫོགས་ནསཿ རིག་འཛིན་རྣམ་པ་བཞིར་སྨིན་འབྲས་བུ་ཐོབཿ བླ་མའི་སྐུ་གསུང་ཐུགས་དང་དབྱེར་མེད་འདྲེསཿ མ་རིག་འཁོར་བའི་རྒྱ་མཚོ་དོང་སྤྲུག་ནསཿ དབྱེར་མེད་ལྷན་སྐྱེས་ཡེ་ཤེས་རྩལ་རྫོགས་ཤོགཿ ཨཱ་ཨཱ་ཨཱ་ཨཱ་ཨཱཿ «བྱིན་འཇུག་དམིགས་པའི་འཁྲུལ་འཁོར་ཞལ་ལས་ཤེསཿ རིགས་བདག་དྲི་མ་མེད་པ་ཡིཿ སྒྲུབ་ཐབས་བྱིན་རླབ་སྤྲིན་ཕུང་འདིཿ བདེ་བའི་དྲིན་ལྡན་ཌཱཀྐི་མའིཿ བར་ཆད་སེལ་ཞིང་ཞབས་བརྟན་ཕྱིརཿ ཁྲག་འཐུང་ཆགས་པའི་རྡོ་རྗེས་ཕུལཿ ཡི་གེ་དམ་ལྡན་བུ་ཡིས་བྲིསཿ བསྐལ་བ་རྒྱ་མཚོར་ཞབས་བརྟན་ཤོགཿ ཨ་ཡུར་བྷྲཱུྃཿ རཱ་ཧུ་ལ་ཡི་བླ་རྡོའོཿ