DKYD-KABUM-08-NYA-001
༄༅། །ཀུན་མཁྱེན་བླ་མའི་ཞལ་ལུང་སངས་རྒྱས་ལག་འཆང་བཞུགས། ། ༄༅། །བླ་མ་ལ་ཕྱག་འཚལ་ལོ། །ཡང་ལན་གཅིག་གི་ཚེ་མནལ་བའི་རྨི་ལམ་ན་ལྷ་སྲས་དཔོན་སློབ་ཟུང་དང་མཇལ་བ་རྗེ་ཡི་ཞལ་ནས་ཁྱེད་ལ་བླ་མའི་ཞལ་གདམས་འདྲ་ཅང་ཡོད་ན་ཡི་གེ་བྲིས་ནས་གཏོད་ཅིག་གསུངས་པ་ཞིག་བྱུང་བར། དེ་ལ་འདི་འདྲ་ཞིག་བྲིས་ནས་ཕུལ་བ་ལགས། ལགས་རིན་པོ་ཆེ། སྐྱབས་རྗེ་བླ་མས་ཚེ་གཅིག་གི་སངས་རྒྱས་ཐོབ་པར་འདོད་པས་ཉམས་སུ་ལེན་ལུགས་ལ། གཙོ་ཆེ་བ་བདུན་ཡོད་ཀྱང༌། འགག་བསྡུ་ས་གཅིག་ལས་མེད། བརྒྱད་པོ་འདི་ཤེས་ན་ཆོས་པ་གཤའ་མ་ཞིག་འོང་བ་ཡིན་གསུངས། དེ་ལ་གཙོ་ཆེ་བ་བདུན་ནི། དང་པོ་གཏན་གྱི་འདུན་མ་མ་ནོར་བ་ཆོས་སྒོར་ཞུགས་པ་འདི་གཙོ་ཆེ། དེ་ནས་དད་གཏོང་མོས་གུས་ཀྱིས་དགེ་བའི་བཤེས་གཉེན་དེའི་ཐུགས་ཟིན་པ་གཙོ་ཆེ། དེ་ནས་གང་ཉམས་སུ་ལེན་བྱའི་ཆོས་དེའི་དོན་མ་ཤེས་བར་དུ་བླ་མའི་དྲུང་ནས་ཐེ་ཚོམ་འདྲི་བ་གཙོ་ཆེ། དེ་ནས་གདམས་ངག་གང་ཐོབ་པ་དེ་ལ་ཡིད་ཆེས་པ་གཙོ་ཆེ། དེ་ནས་དམ་ཚིག་དང་སྡོམ་པ་གཙང་མ་བསྲུང་བ་གཙོ་ཆེ། དེ་ནས་དེ་དག་གི་དོན་གཅིག་ཏུ་དྲིལ་ནས་སྙིང་རུས་ཀྱིས་སྒོམ་སྒྲུབ་བྱེད་པ་ཁོ་ན་གཙོ་ཆེ་དེ་ནས་ཟབ་དགུའི་གདམས་པ་ནོར་ཕྱིར་མི་འཚོང་བ་ཡང་གཙོ་ཆེ། གཙོ་ཆེ་བ་བདུན་པོ་འདི་རྣལ་འབྱོར་པའི་ཚེ་གཅིག་གི་བྱུང་བ་སྒྲུབ་པའི་ཆིངས་ཡིན། དེ་དག་གི་འགག་བསྡུ་ས་གཅིག་པུ་ནི་དོན་དམ་མ་སྐྱེས་པའི་གནས་ལུགས་ཏེ། ས་ལམ་ལ་སྦྱངས་བགྲོད་མེད་པའི་ཡིན་ལུགས། ལྟ་སྒོམ་སྤྱོད་པ་འབྲས་བུ་སྟེ་རྣལ་འབྱོར་བཞིའི་རིམ་པའང་དོན་ལ་སོ་སོར་དབྱེ་རྒྱུ་དང་རིམ་པ་ཅན་མ་ཡིན་པའི་ཁོ་ཐག་རིམ་པ་སྐད་གཅིག་མའི་གཤིས་སུ་ཆོད་ཅིང༌། རྟེན་མེད། གནས་མེད། གཏད་མེད། ཡེངས་མེད། བལྟར་མེད། བསྒོམ་མེད། འཕོ་མེད། འགྱུར་མེད། ཡོད་མེད་ཀྱི་རྟོག་དཔྱོད་དང༌། ཐེ་ཚོམ་གྱི་རྒྱུ་མེད། ངེས་ཤེས་ཀྱི་དྲི་མས་མ་གོས། སྤང་བྱའི་བློ་ཟད། ཐོབ་བྱའི་ཆོས་བོར་བ་འདི་ལས་གཞན་པ་ཞིག །མཐོང་དུ་མི་བཏུབ་ཅིང༌། རྙེད་དུ་མི་འོང་བས་ན། བྱ་རྩོལ་ལས་འདས་པ་དེ་གའི་ངང་སྐྱོངས་དང་ནམ་ཞིག་གཏན་གྱི་འདུན་མ་འགྲུབ་པར་ཐེ་ཚོམ་མེད་དོ་གསུངས། ༈ ཡང་སྐྱབས་རྗེ་བླ་མས། ཚེ་གཅིག་གི་སངས་རྒྱས་སྒྲུབ་པར་འདོད་ན་ལམ་ལྔ་དང་འབྲེལ་དགོས། དེ་ཡང་བླ་མ་སངས་རྒྱས་སུ་མཐོང་ཞིང་ཅི་གསུངས་ཚད་མར་བཟུང་ནས་ལུས་ལོངས་སྤྱོད་ཕངས་པ་མེད་པར་འབུལ་བ་ཚོགས་ལམ༵། བླ་མ་ཐུགས་རྗེ་ཅན་དེ་ཉིད་ཀྱིས་བརྡ་དང་ཐབས་སྣ་ཚོགས་པའི་སྒོ་ནས་གནས་ལུགས་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་རང་རྒྱུད་ལ་སྦྱོར་བ་སྦྱོར་ལམ༵། ཐབས་ལ་མཁས་པའི་རྐྱེན་དེས་ཁམས་གསུམ་ལས་འདས་པའི་ཡེ་ཤེས་ངོ་བོ་དབྱེར་མི་ཕྱེད་པ་དབྱེར་མེད་པའི་དུས་ནས་དབྱེ་ཡོད་པའམ་མེད་ཅེས་བྱ་བའི་བློས་མཐའ་དང་ཚིག་གི་ཆ་ཕྲ་བ་ཙམ་ཡང་མེད་ཅིང༌། མེད་པའང་མ་གྲུབ་པའི་དོན་མཐོང་བ་ནི་མཐོང་ལམ༵། དེ་ལ་ཡང་ནས་ཡང་དུ་གོམས་ཤིང་འདྲིས་པར་བྱ་བའི་ཐབས་སྐྱེ་འགག་གནས་གསུམ་དང་བྲལ་བའི་ངང་སྐྱོང་བ་ནི་སྒོམ་ལམ༵། དེ་ལྟར་སྒོམ་པ་ཡུན་བསྲིང་ནས། བློ་བྲལ་གྱི་རྟོགས་པ་ཆོས་ཉིད་མ་ཐོག་དུ་ཕྱིན་པས་དུས་གསུམ་གྱི་སྤྲོས་པའི་མཚན་མ་དབྱིངས་སུ་ནུབ་ནས་མི་གནས་དོན་གྱི་ཡེ་ཤེས་གནས་ལུགས་བསམ་གྱིས་མི་ཁྱབ་པའི་ཀློང་དུ་གཉིས་སུ་མེད་ཅིང༌། གཉིས་སུ་བྱར་མེད་པ། རྐྱེན་མེད་པའི་སྣང་བ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་བདག་ཉིད་ཅན་ནི་མཐར་ཕྱིན་པའི་ལ༵མ་ཏེ་གྲངས་མེད་གསུམ་ལ་མ་ལྟོས་པར་ཚེ་གཅིག་གི་མྱུར་ལམ་ཟབ་མོ་འདི་ཤེས་ན་གདོད་མའི་མགོན་པོའི་གོ་འཕང་འཐོབ་པ་ལ་དཀའ་ཚེགས་མེད་པ་ཡིན། ལར་ཐེག་པའི་ཡིན་ལུགས་བཤད་ན། མེད་པར་འཛིན་པ་ཆད་ལྟ་དང༌། ཡོད་པར་འཛིན་པ་རྟག་ལྟ་སོང་ཕྱིར་རོལ་པ། བདག་མེད་ཕྱེད་དང་གཉིས་རྟོགས་པ་ཉན་རང་སྐོར། རང་རིག་རང་གསལ་འཛིན་མེད་དང༌། ཕྱོགས་གཅིག་མི་རྟོག་པར་འཛིན་པ་ཐུན་མོང་གི་དབུ་སེམས། སྟོང་ཉིད་བདེན་གྲུབ་ཏུ་འདོད་པ་དུས་ཕྱིས་ཀྱི་གཞན་སྟོང༌། ཁས་ལེན་མི་འདུག་སྙམ་པ་གསར་བྱུང་གི་ཐལ་འགྱུར། ལྟ་སྤྱོད་སོ་སོར་འཛིན་པ་ཀྲི་ཡོག་གཉིས་དང་ཟུང་འཇུག་བདེན་པར་འཛིན་པ་ཨུ་པ། སྣང་སྟོང་གཉིས་སུ་མེད་པ་ཕྱག་ཆེན། ཡུལ་མེད་སྨྲ་བསམ་བརྗོད་ལས་འདས་པ་ཤེར་ཕྱིན་སོགས་རང་ས་ན་གྲུབ་མཐའ་སྨྲ་བ་དེ་དག་གི་མཆོག་འཛིན་གྱི་གྲུབ་མཐའ་ཆེས་ཕྲ་བ་ཙམ་ཡང་མ་གྲུབ་པའི་གནས་ལུགས་གཟུང་འཛིན་དང་བྲལ་བའི་རིག་པ་རྗེན་སངས་བློ་བྲལ་ཆོས་སྐུའི་ངང་དུ་མཉམ་པར་འཇོག་པ་ལ་འཛིན་པ་རྩེ་གཅིག་པའི་ཏིང་ངེ་འཛིན་ཞེས་རྫོགས་པ་ཆེན་པོའི་སྒོ་དང་པོ་མཐོང་བ་རྣམས་ཀྱི་སྤྱོད་ཡུལ་ཏེ་གཅིག་པུའི་དམ་ཚིག་གོ །ཐེག་པ་མཐའ་དག་གི་ཏིང་ངེ་འཛིན་རྣམས། བསམ་གྱིས་མི་ཁྱབ་པའི་དབྱིངས་སུ་རྫོགས་པའི་སེམས་ཉིད་བདེ་གཤེགས་སྙིང་པོ་བདེ་གསལ་སྣང་སྟོང་ལས་འདས་པ་ངོ་བོ་དབྱེར་མི་ཕྱེད་པ་ལ་རྟོག་དཔྱོད་ཀྱི་བློ་དང་མཆོག་འཛིན་གྱི་ངེས་ཤེས་སོགས་གདོད་མ་ནས་གྲུབ་པས་ཀུན་ཁྱབ། ཁྱབ་བྱ་ཁྱབ་བྱེད་ལས་འདས་པའི་ཆོས་སྐུ་མངོན་དུ་གྱུར་པ་ནི་ཁྱབ་པ་མཐའ་དང་བྲལ་བའི་ཏིང་ངེ་འཛིན་ཞེས་སྔ་མ་ལ་བརྟན་པ་ཐོབ་པ་སྟེ་ཕྱལ༵་བའི་དམ་ཚིག །མཐའ་བྲལ་བྱ་རྩོལ་ལས་འདས་པའི་གཉུག་མ་དོན་གྱི་ཆོས་སྐུ་དེ་ལ་མཐར་ཕྱིན་སྐུ་དང་ཡེ་ཤེས་ཀྱི་ཚོགས་ལྷུན་གྱིས་གྲུབ་པ་ནི་གཉུག་མ་ལྷུན་གྱིས་གྲུབ་པའི་ཏིང་ངེ་འཛིན་ཞེས་སྔ་མ་སྔ་མར་བརྟན་པ་ཇེ་ཐོབ་ལ་སོང་བའི་ཡེ་ཤེས་ཚད་ལ་ཕེབས་པ་སྟེ་ལྷུན་གྲུབ༵་ཀྱི་དམ་ཚིག་དང༌། དོན་དེ་ལ་བློས་རྣམ་པ་ཕྲ་བ་ཙམ་ཡང་མེད། མེད་ཅེས་བྱ་བའང་མ་གྲུབ་མ་གྲུབ་པ་ཡང་སྟོར། སྟོར་བྱའི་ཆོས་མེད། ངག་གི་བརྗོད་དུ་མེད། ཚིག་གིས་མི་མཚོན། ནམ་ཡང་གཞན་དུ་མི་འགྱུར་ཞིང༌། བྱར་མེད་དམིགས་བསམ་ལས་འདས་པའི་ཆོས་སྐུའི་བཙན་ས་ཟིན་པ་ནི་རང་བཞིན་རྣམ་པར་དག་པའི་ཏིང་ངེ་འཛིན་ཞེས་གདོད་མའི་གྲོལ་བ་ཆེན་པོ་སྟེ་མེད༵་པའི་དམ་ཚིག་གོ །ཚུལ་འདི་དག་ནི་ངེས་གསང་རྫོགས་པ་ཆེན་པོའི་རྣལ་འབྱོར་ལ་མེད་དུ་མི་རུང་བའི་ཆིངས་ཏེ། ཀུན་མཁྱེན་གྱིས། ངོ་བོའི་བཞུགས་ཚུལ་དམ་ཚིག་ཆིངས་ཀྱིས་བཅིངས། ཞེས་གསུངས་པའི་དོན་ཏིང་ངེ་འཛིན་བཞི་པོ་འདིས་གསལ་བ་ཡིན། དོན་དུ་ན་ལྟ་བ་རྣམ་དག་དང་ལྟར་སྣང༌། ཡིད་ལ་བྱར་ཡོད་དང་བྱར་མེད་ཀྱི་ཁྱད་པར་ཁོ་ནས་འབྱེད་པ་སྟེ། རྣམ་གྲོལ་རྣམ་པས་བཅིངས་བ་ཡི། །སྙིང་པོ་དེ་ཡང་གདོད་ནས་མེད། །ཅེས་གསུངས་པ་ལྟར་ཁས་ལེན་དང་ཉམས་མྱོང་མ་བྲལ་གྱི་བར་ལྟ་བ་རྣལ་མ་མིན། དཀའ་བས་ཉམས་ལེན་ལ་རྩ་གདར་ཆོད་པ་ཞིག་མ་བྱུང་བར་དུ་གོ་ལོ་ཐོས་ལོ་ཙམ་གྱིས་ཆོག་པར་འཛིན་རུང་བ་མ་ཡིན་ནོ། །ཞེས་པའང་ཡབ་རྗེ་འགྲོ་བའི་མགོན་པོ་དེ་ཉིད་ཀྱིས་གདམས་པ་ཡིན། ༈ དེ་ལྟར་གོང་དུ་སྨོས་པའི་གནས་ལུགས་དེ་རང་གི་ཉམས་སུ་ལེན་པའི་ཚེ་ལྟ་སྒོམ་སྤྱོད་འབྲས་བཞིར་འདུས་པ་ཡིན། དེ་ཡང་རིག་པ་སྐད་ཅིག་མའི་སྟེང་དུ་རྫོགས་པ་སྟེ། ལྟ་བ་བློ་བྲལ་རང་གསལ་ཡིན། །སྒོམ་པ་མ་གཏད་མ་ཡེངས་ཡིན། །སྤྱོད་པ་སྣང་ལ་འཛིན་མེད་ཡིན། །འབྲས་བུ་ཀ་དག་དབྱིངས་གྲོལ་ཡིན། །ཞེས་གསུངས་སོ། ༈ ཡང་ལས་དང་པོ་རྣམས་ཀྱིས་དོན་དུ་གཉེར་བྱ་ནི། དེ་ཡང་སྐྱབས་རྗེ་བླ་མས། ལྟ་སྒོམ་སྤྱོད་གསུམ་མདོར་བསྡུས་ཏེ་བཤད་ན། སེམས་དེ་དང་པོ་གང་ནས་བྱུང༌། བར་དུ་གར་གནས་ཐ་མ་གར་འགྲོ་བཙལ་བས། བྱུང་ས་དང༌། འགྲོ་ས། གནས་ས་མ་རྙེད་ཀྱང༌། བཙལ་མཁན་གྱི་སེམས་ཞིག་ཡོད་སྙམ་པའི་གཟུང་འཛིན་དེ་ག་ལྟ་བའི་གོལ་སྒྲིབ་ཡིན། དེ་ཉིད་ངོས་ཟིན་ཚེ་དངོས་པོ་མཚན་མ་ལ་སོགས་གཞན་ལས་མ་སྐྱེས་པས་སྐྱེ་མེད། སྐྱེ་མེད་དེས་ནི་འཁོར་འདས་གཉིས་ཀ་ལ་ཁྱབ་པས་འགག་མེད། ཡོད་མེད་ཡིན་མིན་རྟག་ཆད་སོགས་ཀྱིས་མཐར་མ་ལྷུང་ཞིང༌། ཡེ་ནས་ཡོད་མ་མྱོང་བ་ངོ་བོ་སྟོང་པ། མེད་མ་མྱོང་བས་རང་བཞིན་གསལ་བ། རྩལ་སྣང་རྒྱུན་ཆད་མེད་པས་ཐུགས་རྗེ་ཀུན་ཁྱབ། དེ་དག་སོ་སོར་ཡང་མ་ཡིན། གཅིག་ཏུ་ཡང་མ་གྲུབ་གྲུབ་མ་གྲུབ་ཀྱི་ཁས་ལེན་དང་བྲལ་བའི་ཚེ་ལྟ་བ་གཏན་ལ་ཕབ་པ་ཡིན། དེ་ཉིད་མ་ཡེངས་པར་རང་བབ་ཏུ་བཞག་ཀྱང་སྒོམ་དུ་མེད་དེ་དམིགས་པ་དང་བྲལ་བའི་ཕྱིར། ཡེངས་བ་མ་ཡིན་ལུང་མ་བསྟན་ལ་མ་ལུས་པའི་ཕྱིར། དཔེར་ན་རང་ཉིད་ཀྱི་མིག་གིས་ཡུལ་གཟུགས་ཀྱི་རྣམ་པ་ཐམས་ཅད་མཐོང་ཡང་མིག་རང་གི་ངོ་བོ་ལ་དམིགས་པ་གང་ཡང་མེད་ཅིང༌། མིག་རང་གིས་རང་ཉིད་མི་མཐོང་བ་བཞིན་གནས་པ་ནི་སྒོམ་དངོས་གཞི། དེའི་ངང་ལ་ཟ་ཉལ་འགྲོ་འཆག་སོགས་སྤྱོད་ལམ་གང་བྱས་ཀྱི་སྐབས་སུ་བསྒོམ་པ་དེ་ཉིད་ལམ་དུ་ཁྱེར་ནུས་པ་ལ་རྗེས་ཐོབ། དེའི་སྐབས་སུ་དྲན་དང་ཤེས་བཞིན་གྱི་བྱ་ར་བྱེད་པ་ལ་རྗེས་ཤེས། སྣང་ཆ་མ་འགག་ཡང་ཆེད་དུ་མི་འཛིན་པ་ལ་རྗེས་སྣང་སོགས་བཏགས་པ་ཡིན། དེ་ཡང་རྗེས་ཤེས་རྗེས་སྣང་གཉིས་ཀ་རྗེས་ཐོབ་དུ་འདུ། རྗེས་ཐོབ་ལ་དགག་སྒྲུབ་མེད་པའི་ཆ་ནས་སྤྱོད་པ་ཟེར་བ་ཡིན། མདོར་དྲིལ་ན་མཉམ་བཞག་གི་ཡིན་ལུགས་ཤེས་པ་ལ་ལྟ་བ། མཉམ་བཞག་དེའི་ངང་དུ་བརྐྱངས་པ་ལ་བསྒོམ་པ། མཉམ་བཞག་གི་ཡིན་ལུགས་དེ་རྗེས་ཤེས་ཀྱི་དྲན་པས་རྗེས་སྣང་ཡུལ་དང་བསྲེས་ནས་རྗེས་ཐོབ་སྒྱུ་མ་ལྟ་བུའི་རེ་དོགས་སྤངས་བླངས་ཀྱི་གཟུང་འཛིན་བློ་ཡུལ་ལས་འདས་པ་ལ་སྤྱོད་པ་ཟེར་བ་ཡིན། དེ་ཡང་ཕྱག་ཆེན་པས་རྣམ་རྟོག་གི་འགྲོ་འོང་གཏན་ལ་ཕབ་ན་སྐྱེ་འགགས་གནས་གསུམ་དང་བྲལ་བར་རྟོགས་ཚེ་ལྟ་བ། དེའི་ངང་དུ་རྣམ་རྟོག་ཁ་ཡན་དུ་མི་གཏོང་བར་འབད་རྩོལ་གྱིས་སྐྱོང་བ་ལ་སྒོམ་པ། དེ་ཉིད་དྲན་དང་ཤེས་བཞིན་གྱི་ལམ་དུ་ཁྱེར་བ་ལ་སྤྱོད་པ་ཞེས་བཏགས་ཀྱང༌། དོན་རང་གི་ཉམས་མྱོང་དང་བསྡུར་ན་དེ་དག་ཐམས་ཅད་ལྟ་མཁན་གཅིག་པུའི་སྟེང་དུ་རྫོགས། ཅིག་པུ་ཡང་རྨི་ལམ་སད་པ་བཞིན་ཡལ་ཚེ་བསྒོམ་བྱའི་ཡུལ། སྒོམ་བྱེད་ཀྱི་མཁན་པོ་གང་ཡང་མེད་པ་རང་ཁ་ཐ་མལ་དུ་ལུས་པ་ལྟ་བུ་དེ་ལ་མིང་ཐ་མལ་གྱི་ཤེས་པ་ཟེར་བ་ཡིན། ལར་ངེས་དོན་མཐར་ཐུག་གི་དགོངས་པས་གཞལ་ན། ཕྱག་རྫོགས་དབུ་མ་སྤྱིར་བཏང་གི་ལྟ་སྒོམ་སྤྱོད་པའི་ཆ་གང་ལ་འཛིན་པའི་སྐྱོན་ཅུང་ཟད་མཆིས་སམ་སྙམ། དེ་ལྟ་ན་ཐེ་ཚོམ་དང་ཉམ་མྱོང་ཡིད་དཔྱོད་ཀྱི་ཆ་ཕྲ་ཞིང་ཕྲ་བ་ཡང་བྲལ་བར་གསུངས་ཏེ། ཇི་སྲིད་ཡིད་ཀྱི་གཡོ་བ་ཡོད་ཀྱི་བར། །རྫོགས་པའི་རིམ་པ་མ་ཡིན་བསྐྱེད་རིམ་ཡིན། །ཞེས་དང༌། བསམ་པའི་ཡུལ་མེད་ཀྱི་གཡོ་བ་བྲལ། སྐྱོབ་པ་བླ་མེད་རྡོ་རྗེ་སེམས་དཔས་གསུངས་ཞེས་གསུངས་སོ། །འདིར་རང་ལུགས་འོད་གསལ་རྡོ་རྗེའི་སྙིང་པོའི་རིང་ལུགས་ལ་ལས་དང་པོ་པས། ལྟ་མཁན་མ་གཏོགས་པའི་ལྟ་བ། །སྒོམ་མཁན་མ་གཏོགས་པའི་སྒོམ་པ། །སྤྱོད་མཁན་མ་གཏོགས་པའི་སྤྱོད་པ། །སོ་སོར་མ་གྲུབ་པའི་རོ་གཅིག་དེ་ཡང་གཟུང་འཛིན་གྱིས་བསྒྲུབ་པའི་ལྟ་སྒོམ་དམིགས་པ་ཅན་ཞིག་མ་ཡིན་པར། སྤྲོས་བྲལ་རྟོག་མེད་བློ་ལས་འདས་པར་གདར་ཤ་ཆོད་ཚེ། ལྟ་བས་ཨེ་རྙེད་བལྟས་པས་ལྟ་བ་ཟད། བསྒོམ་པས་ཨེ་རྙེད་བལྟས་པས་བསྒོམ་པ་ཟད། སྤྱོད་པ་ཡང་དེ་ལྟར་དུ་གྱུར་ཚེ། བྱ་བྱེད་ཐམས་ཅད་སྤྲིན་དང་འཇའ་ཚོན་ཡལ་བའི་ཤུལ་སྟོང་པ་ལྟ་བུ་ལ་དང་པོ་བསླབ། བར་དུ་གོམས། མཐར་ཀློང་དུ་གྱུར་པ་སྟེ། དམ་པའི་ལྷ་ཆོས་བྱེད་པ་ལ། །ཆོས་ལྟ་སྒོམ་སྤྱོད་པ་གསུམ་དུ་གདའ། ལྟ་བ་ཞེས་མིང་དུ་བཏགས་པ་ཏེ། །བལྟ་རུ་འདུག་ན་ལྟ་བ་མིན། །ལྟ་བ་མིན་པའི་དོན་ལ་བལྟ། །ཆོས་ཉིད་བདེན་མེད་ལམ་དུ་ཁྱེར། །ཞེས་པ་ལྟར། ལྟ་སྒོམ་སྤྱོད་འབྲས་གང་ཡང་བློས་མ་བཅིངས། འཛིན་པས་མ་བསླད། ཉམས་མྱོང་དང་བྲལ་བ་ཡིད་བྱེད་ལས་འདས་པ་ཞིག་དགོས་པ་ཡིན། ཞེས་གསུངས་སོ། ། ༈ སྤྱིར་དེང་སང་དུས་ཀྱི་དབང་གིས་རྣལ་འབྱོར་དུ་རློམས་པ་ཀུན་ཀྱི་ཁ་ན་ལྟ་བ་ཁ་འབྱམས་རེ་ནི་འདུག་ཀྱང༌། རྟགས་སྤྱོད་པས་སྟོན། ཚད་རྨི་ལམ་གྱིས་འཛིན་གསུངས། དེས་གཞལ་ན། ཉོན་མོངས་པའི་རྣམ་རྟོག་དང༌། དགའ་སྡུག་སྤུ་ཙམ་གྱི་རྐྱེན་མི་ཐེག་པ་འདི་སྤྱིར་སྙིགས་མའི་མངོན་རྟོགས་ཀྱང་ལོས་ཡིན་ཏེ། དགོས་ལྟ་བ་གོ་ཡུལ་ཙམ་ལས། མངོན་སུམ་ཚད་མ་ཞིག་མ་རྟོགས་པའི་སྐྱོན་དང༌། ལམ་རྟགས་གཉིས་ཀར་མཐོང༌། ལ་ལ་དག་ཁོ་བོ་ནི་རྫོགས་པ་ཆེན་པོའོ། །སྟོང་ཉིད་སྟོངས་སོ། བྱ་རྩོལ་ལས་འདས་སོ་ཞེས་སྟོང་འུད་ཀྱིས་རྒྱུ་འབྲས་ཁྱད་དུ་གསོད་པ་དག་ཀྱང་མཆིས་ཏེ། སྐྱབས་རྗེའི་ཞལ་གསུངས་གོང་དུ་ཞུས་པ་ལྟར་ཀུན་རྫོབ་སྟོང་ཉིད་དུ་ཤར་བའི་གནས་ལུགས་བསམ་གྱིས་མི་ཁྱབ་པ་མངོན་དུ་གྱུར་ཀྱང༌། སྟོང་ཉིད་རྒྱུ་འབྲས་སུ་ཤར་བའི་ཚོགས་གཉིས་རྒྱུ་མ་ལྟར་བདེན་ཞེན་མེད་པར་གསོག་པ་ལས། རྒྱུ་འབྲས་ཁྱད་དུ་གསོད་པའི་ལྟ་སྒོམ་ནི་ནང་པ་སངས་རྒྱས་ཀྱི་གྲུབ་མཐའ་སྨྲ་བ་སུས་ཀྱང་འཆད་ག་ལ་རུང༌། དེ་རྙིང་ལུགས་ལ་ཡོད་དམ་སུས་བསྟན་ཞེ་ན། སྔོན་སློབ་དཔོན་རྣམ་སྣང་ལོ་ཙཱ་བ་ཚ་བ་རོང་དུ་ཕེབས་ཁར་རྒྱལ་པོ་ལ་ཞལ་ཆེམས་སུ་ཡི་གེ་བཞག་པའི་འབྲུ་དོན། རྒྱལ་པོ་ཁྱོད་ཀྱིས་ཡར་སངས་རྒྱས་ལ་རེ་བ་མེད་པར་རྟོགས་ཀྱང་སྤྱི་བོར་བླ་མ་སྒོམས་ཤིག །མར་འཁོར་བ་ལ་འཁྱམ་དུ་མེད་པར་རྟོགས་ཀྱང་རྒྱུ་འབྲས་ཀྱི་རྣམ་སྨིན་འཛེམས་ཤིག །ཆོས་ཉིད་བསམ་དུ་མེད་པའི་དོན་ལ་ལོངས་སྤྱོད་ཀྱང་འདུས་བྱས་ཀྱི་དགེ་བའི་རྩ་བ་ལ་ཆགས་འཕྲི་མེད་པར་མཛོད་ཅིག །ཅེས་གསུངས་པ་ལྟར་སྐྱབས་རྗེ་བླ་མས་རང་ཉིད་ལ་ཞལ་གདམས་སྙིང་གི་བསླབ་བྱ་གནང་བ་ཡང་འདི་ལྟ་སྟེ། བསླབ་པར་བྱ་བ་ནི་ཨོ་རྒྱན་ཆེན་པོ་སྲིན་ཡུལ་དུ་བྱོན་ཁར། རྒྱལ་པོ་ཆེན་པོ། ལྟ་བའི་ཕྱོགས་སུ་སྤྱོད་པ་མི་ཤོར་བ་དང༌། སྤྱོད་པའི་ཕྱོགས་སུ་ལྟ་བ་མི་ཤོར་བར་མཛོད། ཅེས་དང༌། ལྟ་བའི་ཕྱོགས་སུ་སྤྱོད་པ་ཤོར་ན་དགེ་སྟོང་སྡིག་སྟོང་ནག་པོ་ཁ་འབྱམས་བདུད་ཀྱི་ལྟ་བ་འབྱུང་ཉེན་དང༌། སྤྱོད་པའི་ཕྱོགས་སུ་ལྟ་བ་ཤོར་ན་དངོས་པོ་དང་མཚན་མས་བཅིངས་ནས་གྲོལ་བའི་དུས་མེད་པར་གསུངས་པའི་དོན་ནི། ལྟ་བ་གཏན་ལ་ཕབ་ཚེ་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་བཞིན་མེད་པར་སྟོངས་ཤིང་རྨི་ལམ་གྱི་ཡོ་བྱད་དང་རྨི་ལམ་གྱི་ཤེས་པ་གཉིད་སད་དུས་སོ་སོར་མ་གྲུབ་ཅིང༌། གཅིག་ཏུའང་མི་གནས་པ་ལྟ་བུའམ། ཆུ་དང་རླབས་སོ་སོར་འབྱེད་དུ་མེད་པ་ལྟར་སྣང་ཚད་ཆབ་རོམ་ཆུ་རུ་ཞུ་བའི་དཔེ་བཞིན། དགེ་བའི་ཕན་ཡོན་ལ་བྲོད་པ་དང༌། སྡིག་པའི་ཉེས་དམིགས་ལ་འཇིགས་སེམས་མི་སྐྱེ་ཞིང་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་རྫུན་པའི་རང་བཞིན་དུ་གོ་དགོས་ཀྱང༌། ཐལ་ཆེ་ན་དགེ་སྒྲུབ་སྡིག་སྤང་དང་བླང་དོར་ལག་ལེན་ལ་གཡེལ་སྐྱོན་གྱི་རྒྱུ་འབྲས་ཁྱད་གསོད་བྱེད་པ་དག་འབྱུང་དོགས་པ་དང༌། སྤྱོད་པ་སྤྱད་ཚེ་ཆོས་རྣམས་རང་བཞིན་མེད་པར་མ་ཤེས་པའི་སྐྱོན་གྱིས་རྒྱུ་འབྲས་ལ་བདེན་པར་ཞེན་ཐལ་བས་ལྟ་སྒོམ་ཁྱད་གསོད་ཀྱིས་རྒྱུ་འབྲས་ངོ་བོ་ཁྱེར་ནས་སྟོང་ཉིད་ལ་སྐུར་འདེབས་བྱེད་པར་དགོངས་པ་གཉིས་ཀྱིས་སྟོང་པ་དང་རྒྱུ་འབྲས་ཟུང་འཇུག་གིས་ཕྱོགས་ལྷུང་སྤང་བར་གདམས་པའོ། །དེ་ཉིད་ལག་ཏུ་ཇི་ལྟར་བླང་ཚུལ་ནི་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྣང་བཞིན་དུ་སྟོང་སྟེ། དཔེ་ནམ་མཁའ་དང་འཇའ་ཚོན་བཞིན། ཕར་ཕྱིན་དྲུག་གིས་བསྡུས་པའི་ཆོས་ཐམས་ཅད་ཀུན་རྫོབ་རང་གི་ངོ་བོས་སྟོང་པས་རང་བཞིན་མ་གྲུབ་ནའང༌། སྟོང་པ་ཕྱལ་ཆད་ཀྱང་མ་ཡིན་ཏེ། རྩལ་སྣང་རྨི་ལམ་དང་སྒྱུ་མའི་ཚུལ་གྱིས་བདེན་རྫུན་གཉིས་ཀའི་མཐའ་མ་ཐུག་པར་ཉམས་སུ་ལེན་དགོས་པའོ། །མདོར་ན་ཐབས་སྤྱོད་པའི་ཕྱོགས་ཐམས་ཅད་སྣང་ལ་རང་བཞིན་མེད་པའི་ཚུལ་གྱིས་ཅི་ནུས་སུ་སྒྲུབ་པ་དང༌། ཀུན་རྫོབ་རང་གིས་སྟོང་ཞིང་དོན་དམ་གཞན་གྱིས་སྟོང་པའི་ཤེས་རབ་ཀྱི་ངོ་བོ་སྟོང་མི་སྟོང་གཉིས་ཀ་གྲི་ཟད་གདར་ཟད་དུ་སོང་ཚེ། ལྟ་བས་ལྟ་རུ་མེད་པའི་དོན་དང་མཇལ་ཞིང༌། སྒོམ་པས་བསྒོམ་དུ་མེད་པ་ཇི་ལྟ་བ་ཞིག་ཤེས་ཀྱང༌། དབང་པོ་ཡང་རབ་གཅིག་ཅར་བའི་རིགས་ཁ་ཤས་ཙམ་མ་གཏོགས། གཞན་མས་ད་དུང་གོ་བ་ཙམ་ལས་གནས་ལུགས་ཀྱི་བཞུགས་ཚུལ་ཇི་བཞིན་མ་མཇལ་སྐྱོན་གྱིས་སྟོང་པར་འཛིན་པའི་བློ་བག་ལ་ཉལ་དྲི་ལྡན་གྱིས་རྫས་དེར་ཡང་སྣོད་ཀྱི་དྲི་མ་མི་འདོར་བཞིན། གློ་བུར་དུ་ནད་རོ་ལངས་པ་ལྟར་འཕར་ནས། ཆགས་པའི་གནས་ལ་ཆགས་ཤིང༌། སྡང་བའི་ཡུལ་ལ་ཁྲོ་བ། ལམ་འོག་མ་ལྟར་སྤང་གཉེན་གྱིས་ཕྱེ་བའི་བླང་དོར་ཡང་མ་ཡིན། སྒྱུ་མ་ལྟ་བུའི་ལམ་ཁྱེར་བྱས་པས་ཐེག་པ་ཆེན་པོའི་སྡེ་སྣོད་ཀྱི་དགོངས་པ་ཡང་མ་ཡིན། ཐེག་རྩེ་ཤིན་ཏུ་རྣལ་འབྱོར་ལུགས་ཀྱི་ཉོན་མོངས་རང་ངོར་གྲོལ་བ་ཡང་མ་ཡིན། ངེས་གསང་རྡོ་རྗེ་སྙིང་པོའི་རྣམ་རྟོག་ཕན་གནོད་མེད་པ་ནི་ཕྱོགས་ཙམ་ཡང་ག་ལ་ཡིན། ཅི་ཡིན་འདི་ཡིན་མེད་པའི་གནས་ལུགས་བློ་ཡུལ་དུ་ལུས་པ་ཞིག་འབྱུང་སྲིད་པས། འདི་ངོས་མ་ཟིན་ན་རྣམ་དཀར་སྒྲིབ་པའི་གེགས་རྐྱེན་བྱེད་ངེས་པ་སྐྱོན་འདི་ཤེས་པར་བྱས་ན། གདོད་སྟོང་ཉིད་ཏུ་འབྲས་བུ་ཤར་བའི་དོན་ཇི་བཞིན་རྟོགས་ཤིང༌། དགེ་སྒྲུབ་སྡིག་སྤོང་སོགས་ཁྱད་དུ་མི་གསོད་པར་ལུས་ངག་གི་དགེ་སྦྱོར་ལ་བརྩོན་བཞིན་བཟང་ངན་གཙང་གཙོག་འདི་ཕྱི་ལྷ་འདྲེ་དགའ་སྡུག་རེ་དོགས་སོགས་གཉིས་སུ་འཛིན་པའི་ཆ་ཐམས་ཅད་རྫུན་དུ་ཤེས་ཀྱང༌། ཤེས་བཞིན་ཡལ་བར་མི་འདོར་བར་སྒྱུ་མའི་སྐྱེས་བུས་སྒྱུ་མ་ལ་བདེན་ཞེན་མེད་པས་སྒྱུ་མས་མི་འཆིངས་བ་ལྟ་བུ་ཞིག་འོང་བ་ཡིན། དེ་ཕྱིར་ལྟ་བ་མཁའ་ལྟར་མཐོ་ཡང་སྤྱོད་པ་བག་ཕྱེ་ལས་ཞིབ་དགོས་ཚུལ་སློབ་དཔོན་པདྨའི་ཞབས་དང་ཀུན་མཁྱེན་དྲི་མེད་འོད་ཟེར་ཡབ་སྲས་ཀྱི་གསུང་བཞིན་རྒྱུན་ཆགས་སུ་དྲན་པ་གལ་ཆེ། ཞེས་ཕྲན་རང་ཉིད་ལ་ལྟ་བའི་དོགས་སེལ་དུ་གསུངས་པ་ཡིན། རྨི་ལམ་འཁྲུལ་ངོར་ཆོས་རྒྱལ་རྗེས། །བཀའ་ཡིས་བསྐུལ་བ་ལ་བརྟེན་ནས། །གྲུབ་ཆེན་བླ་མའི་གསང་ཚིག་སྐོར། །ཅུང་ཟད་བྲིས་ཤིང་ཕུལ་བའི་དགེས། །ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད། །རྟོགས་ནས་མཁའ་ཁྱབ་སེམས་ཅན་ཁམས། །གཉིས་སྟོང་ཡེ་ཤེས་རྡོ་རྗེའི་གཞིར། །གནས་འགྱུར་འཁོར་བ་དོང་སྤྲུག་ཤོག །«ཅེས་པའང་གཞོན་ནུ་བློ་གྲོས་ཀྱིས་ཤར་མར་སྤེལ་བའི་ཡི་གེ་པ་ནི་རྡོ་རྗེའི་མཆེད་པོ་འོད་ཟེར་དཔལ་འབར་གྱིས་བགྱིས་པ་དགེའོ། །དགེའོ། །དགེའོ། །བཀྲ་ཤིས། མངྒ་ལཾ།། །།