DKYD-KABUM-07-JA-059

From Khyentse Lineage - A Tsadra Foundation Project
Revision as of 08:36, 2 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

༁ྃཿ ཆོས་སྒྲུང་ནོར་བུའི་བང་མཛོད་ལསཿ བཀའ་བསྲུངས་མཆོད་སྤྲིན་བསྡུས་པ་ཤ་ཟ་དགྱེས་སྐོང་ཅེས་བྱ་བ་བཞུགསཿ ༁ྃཿ ཌཱཀྐི་མ་ན་མོ༔ པདྨ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་ལོ༔ བཀའ་སྲུང་ཤ་ཟ་མཆེད་སྡེ་ལྔར༔ གཏོར་མ་འབུལ་བའི་རིམ་པ་ནི༔ དམར་གཏོར་གཙོ་འཁོར་ལྔ་པའམ༔ ཡང་ན་དམར་གཏོར་ཤ་ཁྲག་བརྒྱན༔ ཕུད་རྒོད་སྐྱེམས་རིགས་བསག་བྱས་ལ༔ རྣལ་འབྱོར་ལྟ་བའི་གདེངས་ལྡན་པས༔ འདི་སྐད་ཚིག་གིས་འབུལ་བར་བྱ༔ ཧྲཱི༔ རིགས་བཞིའི་ཌཱཀྐིའི་ཕྲིན་ལས་པ༔ མྱུར་མགྱོགས་ཕྲིན་ལས་ཐོགས་མེད་ལྡན༔ རྫུ་འཕྲུལ་རོལ་པ་ཆེན་པོ་ཡིས༔ སྤྲིན་ནག་འདུས་དང་མ་ལ་ཡ༔ ཨུ་རྒྱན་ལ་སོགས་གནས་རྣམས་ནས༔ མ་ཐོགས་ཡུད་ཀྱིས་གནས་འདིར་གཤེགས༔ རབ་འཇིགས་གཏུམ་རྔམས་དྲག་པོའི་སྐུར༔ བཞེངས་ནས་སྤྲིན་ནག་རླུང་འདྲེས་པའི༔ འུར་ཆོམ་འཇིགས་རུང་སྐྱི་གཡའ་བར༔ ཤ་ཟ་འབུམ་གྱི་འཁོར་དང་བཅས༔ དམ་ཚིག་དབང་གིས་གནས་འདིར་གཤེགས༔ མ་མ་དྷ་ཀི་ནི་ས་མ་ཡཱ་ཙིཏྟ་ཧྲིང་ཧྲིང་ཛ་ཛ༔ དགྲ་བགེགས་བསྒྲལ་བའི་གདན་ལ་བཞུགས༔ དམ་ཉམས་ཤ་ཁྲག་རི་མཚོ་ལྟར༔ བསྐྱིལ་བའི་དམ་རྫས་དམར་མཆོད་དང་༔ དབང་ལྔའི་མེ་ཏོག་ཤ་གསུར་དུད༔ ཞུན་ཆེན་མར་མེ་ཉི་ལྟར་གསལ༔ མཁྲིས་པའི་དྲི་མཆོག་ཤ་རུས་ཀྱི༔ ཞལ་ཟས་རྐང་གླིང་རོལ་མོའི་སྒྲ༔ གཞན་ཡང་དཔའ་བོའི་གར་སྟབས་ཀྱིས༔ བསྒྱུར་བའི་དངས་མ་འདོད་ཡོན་བཅུད༔ དགའ་བཞིའི་རོལ་བ་སྣ་ཚོགས་ཀྱིས༔ ཁྱོད་ཐུགས་བསྐངས་ལ་ཉམས་ཆགས་བཤགས༔ ལྟ་བ་ནོར་འཁྲུལ་མེད་པ་དང༔ སྒོམ་པ་ཡེངས་མེད་རྒྱུན་གྱིས་བསྐངས༔ སྤྱོད་པ་ཏན་གན་བརྟུལ་ཞུགས་འབྲས༔ བདེ་སྟོང་སྐྱེ་མེད་ཆེན་པོའི་བསྐངས༔ བསྐང་དུ་མེད་དེ་ཆོས་ཉིད་ཀློང་༔ བཤགས་སུ་མེད་དོ་རིགས་པའི་རྩལ༔ དོན་དམ་གཉིས་སུ་མེད་པ་དང་༔ ཌཱཀྐི་འཁོར་བཅས་གཉིས་སུ་མེད༔ དེ་ཕྱིར་རོལ་པའི་དམ་ཚིག་གིས༔ དག་ཚངས་དགྱེས་པའི་རོལ་གར་སྟོན༔ ཧཱུཾ༔ ཁྱོད་རྣམས་སྔོན་གྱིས་དམ་བཅས་བཞིན༔ བདག་ཀྱང་པདྨའི་བརྒྱུད་འཛིན་ཏེ༔ བདུད་འདུལ་རྒྱལ་པོའི་སྨོན་ལམ་འཛིན༔ དེ་ཕྱིར་མ་གཡེལ་ཕྲིན་ལས་སྒྲུབས༔ དཔལ་ལྡན་བླ་མའི་སྐུ་ཚེ་ནི༔ འཛད་མེད་ཆུ་བོའི་རྒྱུན་བཞིན་བསྲིངས༔ མཛད་ཕྲིན་གྲགས་པའི་དབྱར་རྔ་ཡིསཿ ས་གསུམ་འགེངས་པའི་ཕྲིན་ལས་མཛོད༔ གསང་ཆེན་ཌཱཀྐིའི་བརྡ་ཆོས་རྣམས༔ ཁྱོད་ཀྱི་སྲོག་ལྟར་མི་ཉམས་སྲུངས༔ དམ་ཉམས་བཀའ་རྐུན་ལོག་སྲེད་ཅན༔ ལག་ཏུ་མ་བཏང་དམ་པོར་གྱིས༔ བརྒྱུད་འཛིན་དམ་ལྡན་བུ་ལྟར་བསྲུངས༔ རིགས་ལྡན་ཆོས་ཀྱི་རྒྱལ་སྲིད་ཀྱང་༔ ནམ་ཡང་བརྗེད་པ་མེད་པར་སྲུངས༔ མདོར་ན་དུས་དང་རྣམ་ཀུན་ཏུ༔ དབང་དང་དྲག་པོའི་ཕྲིན་ལས་ཀུན༔ སྔར་ནས་གཏད་པ་བཞིན་དུ་ནི༔ ཇི་ལྟར་བཅོལ་པའི་ལས་རྣམས་ཀུན༔ མ་གཡེལ་མ་འདའ་ས་མ་ཡཱ༔ ཅེས་བརྗོད་གཏོར་མ་གཙང་སར་འབུལ༔ འདི་ནི་ཤིན་ཏུ་བཀའ་གཉན་པའི༔ ཁྱབ་གདལ་སྤེལ་བྱ་མ་ཡིན་ནོ༔ རང་དང་ཆོས་རྒྱུད་མི་མཐུན་པའི༔ ལག་ཏུ་ཤོར་ན་རང་ལ་སྡིག༔ དེ་ཕྱིར་གསང་སྒོ་དམ་པོར་གྱིས༔ ས་མ་ཡཱ༔ འདི་ཡི་དམ་ཚིག་སྤང་བྱ་ནི༔ དམ་ཉམས་མཛེ་ཡུག་དམེ་མནོལ་རིགས༔ ཐ་མལ་བུད་མེད་སྤང་བར་བྱ༔ དད་དང་དམ་ཚིག་གཅེས་སྤྲས་བྱ༔ གཏོར་འབུལ་ཡིད་ཀྱིས་འཆགས་མི་བྱ༔ སྙིང་ཉེ་བྱིན་རླབས་ཚན་ཁ་ཆེ༔ ལས་མྱུར་ཐོགས་མེད་དྲག་རྩལ་ལྡན༔ དེ་ཕྱིར་འཚོ་ཤེས་བསྲུང་ཤེས་བྱ༔ གཙང་སྦྲ་བྱ་བའང་གནད་དུ་ཆེ༔ ས་མ་ཡཱ༔ ས་མ་ཡཱ༔ ས་མ་ཡཱ༔ ཙིཏྟ་རཀྵ་ཀུ་རུ་བྷྲུྃ༔ ྅྅྅྅྅༔ཤེས་མ་སོང༌། སྐྱབས་རྗེ་མཆོག་གི་བཀས་བསྐུལ་བཞིན༔ དུས་བབ་གཏེར་མིང་སྔགས་སྤྱོད་མཁན༔ འགྲོ་འདུལ་གླིང་པས་དག་པར་ཕབ༔ དགེ་དེས་དཔལ་ལྡན་བླ་མ་ཡི༔ སྐུ་ཚེ་བསྟན་ཅིང་ཐུགས་བཞེད་འགྲུབ༔ འགྲོ་དོན་ཕྱོགས་བརྒྱར་འགྲུབ་པར་ཤོག༔ དགེའོ༔