DKYD-KABUM-03-GA-026

From Khyentse Lineage - A Tsadra Foundation Project
Revision as of 09:36, 2 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

འུྃཿ «རྗེ་བཙུན་མགོན་པོ་འཇམ་དཔལ་གྱི། །མཚན་བརྗོད་མ་རིག་མུན་སེལ་བཞུགས། །»གཞོན་ནུའི་སྐུ་ལུས་འཆང་བ་པོ། །ཡེ་ཤེས་སྒྲོན་མེས་རབ་བརྒྱན་ཅིང༌། །འཇིག་རྟེན་གསུམ་གྱི་མུན་སེལ་བ། །འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །ཡེ་ཤེས་སྐུ་སྟེ་རང་བྱུང་བ། །ཡེ་ཤེས་མིག་གཅིག་དྲི་མ་མེད། །ཡེ་ཤེས་སྣང་བ་ལམ་མེ་བ། །ཨ་ར་པ་ཙ་ན་ཡ་ཏེ་ན་མ། །ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །རྫོགས་པའི་སངས་རྒྱས་ཀུན་གྱིས་བཤད། །རྡོ་རྗེ་འཇིགས་བྱེད་དཔའ་བོ་ཆེ། །མཛེས་འཛུམ་རབ་ཏུ་ཆགས་པའི་ཞལ། པདྨ་རྒྱས་འདྲའི་སྤྱན་མངའ་བ། དཔའ་བོ་གདུལ་དཀའ་འདུལ་བ་པོ། འཇམ་མཉེན་འོད་ཟེར་འབར་བའི་སྐུ། །མཚན་དཔེས་བརྒྱན་ཅིང་དཔའ་བརྟུལ་ཆེ། །ཚངས་དབྱངས་ཡན་ལག་དྲུག་ཅུའི་གསུང༌། །འབུམ་ཕྲག་དྲུག་ཅུའི་ཆོས་སྒྲ་སྒྲོགས། །མཁྱེན་དང་བརྩེ་བའི་ནུས་ལྡན་ཐུགས། །ཤེས་རབ་ཆེན་པོའི་ཡེ་ཤེས་ཀྱིས། །འགྲོ་བློའི་མ་རིག་མུན་པ་སེལ། །བྱང་སེམས་ཟླ་བའི་ཡོན་ཏན་རྒྱས། །ཀུན་འབྱུང་མ་རིག་མུན་སེལ་སྒྲོན། །ཕྲིན་ལས་རྣོ་གཅོད་རལ་གྲིའི་མཚོན། །བག་ཆགས་འཁོར་བ་དབྱིངས་སུ་སྒྲོལ། །སྲིད་མཚོར་དོང་ནས་མ་སྤྲུགས་པར། །སེམས་དཔའ་ཆེན་པོ་འཇིགས་མེད་པ། །སྒྱུ་འཕྲུལ་དྲྭ་བ་མངོན་རྫོགས་ཆེ། །ཡེ་སངས་རྒྱས་ཀྱང་འགྲོ་བའི་དོན། །སྣ་ཚོགས་མཛད་པ་པོ་ལ་འདུད། །ཁྱོད་ལ་ཆ་ཙམ་བསྟོད་པ་ཡིས། །བདག་བློས་མ་རིག་གཏི་མུག་སྨག །ཡོངས་གསལ་ཡེ་ཤེས་སྣང་བ་རྒྱས། །བློ་གྲོས་སྤོབ་པ་མཆོག་ཐོབ་ཤོག །བཅོམ་ལྡན་ཤེས་རབ་རྣོན་པོའི་དཔལ། །ཡང་དག་རྫོགས་པའི་སངས་རྒྱས་ཀྱི། །ས་ལམ་སྤང་རྟོགས་ཡོངས་རྫོགས་ནས། །འགྲོ་བློའི་དྲི་མ་ཡོངས་བསལ་ཞིང༌། །ས་དང་ལམ་གྱི་ཡོན་ཏན་ཀུན། །གཅིག་ཆར་སྟོན་ལ་ཁྱོད་ཕྱག་འཚལ། །མི་བརྗེད་པ་ཡི་གཟུངས་ཐོབ་ཤོག །མི་འཇིགས་པ་ཡི་སྤོབ་པ་ཐོབ། །གཞུང་ལུགས་ཤེས་བྱའི་ཡོན་ཏན་རྒྱས། །མི་ཆོས་གཙང་མ་བཅུ་དྲུག་རྟོགས། །འཕགས་པའི་ནོར་བདུན་དང་ལྡན་ཞིང༌། །བདེན་ཚིག་སྨོན་ལམ་འགྲུབ་པ་ཡིས། །འགྲོ་བ་མཐའ་དག་དབང་དུ་བསྡུས། །ཟོལ་མིན་འཇམ་དཔལ་ཁྱོད་ལྟར་ཤོག །ཨོཾ་ཝཱ་ཀྱཻ་དམ་ན་མོ། ཨ་ར་པ་ཙ་ན་དྷཱིཿ« མགོན་པོ་འཇམ་དཔལ་དབྱངས་ཉིད་ཀྱི། །མཚན་མས་བརྗོད་ཅིང་བསྟོད་པ་ཡི། །མུན་སེལ་ཤེས་རབ་སྒྲོན་མེ་འདི། །རྒྱལ་སྲས་ཟླ་གཞོན་གསལ་བ་ཡིས། །ནན་ཆེར་གསུང་གིས་བསྐུལ་བ་བཞིན། །གཏེར་སྨྱོན་ཁྲག་འཐུང་རྡོ་རྗེ་ཡིས། །ཐོལ་བྱུང་ཤར་བཞིན་ཐོགས་མེད་དུ། །བྲིས་ཤིང་ཕུལ་བས་ཞབས་པད་བརྟན། །བློ་གྲོས་རྒྱས་པའི་དཔལ་དུ་ཤོག །