སྙན་བརྒྱུད་མ་མོའི་བསྐང་བ་མངོན་རྫོགས་དགྱེས་གླུ།

From Khyentse Lineage - A Tsadra Foundation Project
Revision as of 14:48, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)

JKW-KABAB-20-WA-029
Wylie title snyan brgyud ma mo'i bskang ba mngon rdzogs dgyes glu JKW-KABAB-20-WA-029.pdf
Location mkhyen brtse'i bka' babs
Volume 20, Text 29, Pages 495-499 (Folios 1a1 to 3a4)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ('jam dbyangs mkhyen brtse'i dbang po)
Associated People དྷ་ན་སཾསྐྲིཏ་ (Dhanasaṃskṛta)
Citation Khyentse, Dilgo. snyan brgyud ma mo'i bskang ba mngon rdzogs dgyes glu. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 20: 495-499. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Mending Rituals - bskang chog
Cycle སྲིད་པ་མ་མོའི་གནད་ཏིག་ (srid pa ma mo'i gnad tig)
Deity ma mo
Karchag page JKW-KABAB-Volume-20-WA-Karchag
RTZ In the Rinchen Terdzö: https://rtz.tsadra.org/index.php/Terdzo-KHI-047-1
Colophon

།ཅེས་པའང་ཚུལ་འདིའི་མདོས་སྐོང་གི་ལས་རིམ་བགྱིད་སྐབས་ཉེར་མཁོའི་དབང་གིས་པདྨ་དབང་ཆེན་དགྱེས་པ་རྩལ་གྱིས་བྲིས་པའོ།།

ces pa'ang tshul 'di'i mdos skong gi las rim bgyid skabs nyer mkho'i dbang gis pad+ma dbang chen dgyes pa rtsal gyis bris pa'o

[edit]
༄༅། །སྙན་བརྒྱུད་མ་མོའི་བསྐང་བ་མངོན་རྫོགས་དགྱེས་གླུ་བཞུགས་སོ།། ཧཱུྃ་བྷྱོ། གསང་མཆོག་དགྱེས་པ་རྡོ་རྗཻ་བཙུན་མོའི་དབྱིངས། །མཆོག་ཏུ་མི་འགྱུར་བདེ་ཆེན་སྲོག་གི་དཔྱིད། །སྣང་སྲིད་མཁའ་ཀློང་སྡུད་པའི་མུ་ཁ་ལེ། །མངོན་རྫོགས་ཧེ་རུ་ཀ་དཔལ་དབྱིངས་ནས་བཞེངས། །ཆོས་ཀུན་བདེ་ཆེན་ཡེ་ཤེས་གཅིག་གི་མདངས། །དག་པ་རབ་འབྱམས་སྒྱུ་འཕྲུལ་རྡོ་རྗེའི་དབྱིངས། །ཀུན་བཟང་ཟག་པ་མེད་པ་འཁོར་ལོའི་སྤྲིན། །འགགས་མེད་རོལ་པ་ཅིར་ཡང་འཆར་བ་ལས། །སྣོད་བཅུད་བཀོད་པ་ཚད་མེད་རྟེན་འབྲེལ་རྫས། །མི་བཟད་འདོད་དགུའི་ལོངས་སྤྱོད་ནམ་མཁའ་མཛོད། །སྔགས་དང་ཕྱག་རྒྱ་ཏིང་འཛིན་ཐབས་ཤེས་ཀྱིས། །འདོད་དགུ་ལྷུན་གྱིས་གྲུབ་པས་ཐུགས་དམ་བསྐང༌། །རྣམ་བཀྲའི་མེ་ཏོག་དྲི་ཞིམ་སྤོས་ཀྱིས་འཁྱུད། །སྣང་བྱེད་འོད་འགྱེད་དྲི་ཆབ་ཟེག་མ་འཐོར། །བདའ་དགུའི་ཟས་བཀྲམ་སྙན་བརྗིད་རོལ་མོའི་དབྱངས། །སྣང་ཆའི་གཟུང་ཀུན་ལྷ་རྫས་ཕྱིའི་མཆོད་སྤྲིན། །སྟོང་ཉིད་དབྱིངས་ལས་མ་འགགས་ཅིར་ཡང་ཤར། །འཛད་མེད་དཔལ་གྱི་འབྱོར་པས་ཐུགས་དམ་བསྐང༌། །དགྲ་སྙིང་དྲོན་མོ་དབང་ལྔ་འདར་ཞིང་འཕྲིག །ཚིལ་བསུར་དུད་སྤྲིན་ཞུན་མེའི་གློག་ཕྲེང་འཁྱུགས། ཁྲག་མཁྲིས་རྦ་རླབས་འཁྲུགས་ཀློང་མི་རྟའི་བམ། །ཤ་རུས་གཅལ་བཀྲམ་བཤུགས་གླུ་རྐང་གླིང་སོགས། །ཕྱེད་སྣང་རླུང་ལྔ་དབྱིངས་འཁྱིལ་དྲག་པོའི་རྫས། །གཤིན་རྗེའི་མདུན་ས་ལྟ་བུའི་ཐུགས་དམ་བསྐང༌། །ཁམས་དྲུག་དྭངས་མའི་དཔྱིད་ཁུ་ཨ་མྲྀ་ཏ། །ཉི་ཟླ་དབྱིངས་སུ་ཟོས་པའི་རཀྟའི་བཅུད། །ཚོགས་དྲུག་ཡེ་ཤེས་དག་པའི་གཏོར་མ་ཆེ། །རྣམ་མེད་ཡིད་དག་གསང་བའི་དམ་ཚིག་རྫས། །འཕོ་མེད་བདེ་གསལ་རྣམ་པར་མི་རྟོག་པའི། །ཡེ་ཤེས་གསང་བའི་མཆོད་པས་ཐུགས་དམ་བསྐང༌། །བཅུ་དྲུག་དགའ་བའི་གར་བསྒྱུར་ལྷ་མོའི་ཚོགས། །དྲུག་ཅུ་རྩ་བཞིའི་སྒྱུ་རྩལ་དགྱེས་དགུའི་གཡོ། །སྙིང་རྗེའི་ལུས་ཀྱི་སྟོང་གསུམ་རུ་ཏྲའི་དཔུང༌། །མཐར་བྱེད་ཤུགས་སྒྲོལ་རྡོ་རྗེའི་མཚོན་ཆེན་སོགས། །གཉིས་མེད་དག་མཉམ་ཆེན་པོའི་གནས་ལུགས་གཤིས། །འཁོར་གསུམ་ཞེན་རྟོག་བྲལ་བས་ཐུགས་དམ་བསྐང༌། །ཆོས་ཀུན་ཀ་ནས་དག་པ་ཡུམ་གྱི་མཁར། །འཁོར་འདས་ལྷུན་གྲུབ་བདེ་ཆེན་འབར་བའི་ཀློང༌། །ཁམས་གསུམ་མི་ཕྱེད་རྡོ་རྗེའི་གསང་གསུམ་དབྱིངས། །རང་བྱུང་རང་ཤར་མངོན་རྫོགས་མ་མོའི་དལ། །སྲིད་པ་བདེ་འགྲོའི་ལྷ་སྔགས་ཆོས་ཀྱི་སྐུར། །སྣང་ཆ་འགགས་མེད་གཙོ་དང་འཁོར་གྱི་ཚུལ། །ཡེ་ཤེས་ལས་དང་འཇིག་རྟེན་རྣམ་པ་ཅན། །རབ་འབྱམས་དཀྱིལ་འཁོར་འཁོར་ལོའི་སྤྲིན་ཆེན་པོར། །འབུམ་ཕྲག་ཡངས་པའི་ལྷ་ཚོགས་ཐུགས་དམ་བསྐང༌། །དགོངས་ཀློང་ཁྱབ་བརྡལ་བྱིན་རླབས་སྤྲིན་དུ་འཁྲིགས། །རིག་འཛིན་རྩ་བརྒྱུད་བླ་མའི་ཐུགས་དམ་བསྐང༌། །སྒྱུ་འཕྲུལ་མ་འདྲེས་དངོས་གྲུབ་འདོད་དགུའི་གཏེར། །རབ་འབྱམས་ཡི་དམ་ཞི་ཁྲོའི་ཐུགས་དམ་བསྐང༌། །ཕྲིན་ལས་ཐོགས་མེད་བདེ་སྟོང་གར་གྱི་བརྩེན། །གནས་ཡུལ་དཔའ་བོ་མཁའ་འགྲོའི་ཐུགས་དམ་བསྐང༌། །མཐུ་སྟོབས་རྩལ་ཆེ་ལས་ཀུན་སྒྲུབ་ལ་མྱུར། །རྡོ་རྗེའི་ཆོས་སྲུང་ཡོངས་ཀྱིས་ཐུགས་དམ་བསྐང༌། །ཁྱད་པར་སྣང་སྲིད་མ་མོའི་དཀྱིལ་འཁོར་གཙོ། །དཔལ་ཆེན་མངོན་རྫོགས་རྒྱལ་པོས་ཐུགས་དམ་བསྐང༌། །སྐུ་གསུང་ཐུགས་ཀྱི་གསང་བ་མི་ཟད་རྒྱན། །ཆེ་མཆོག་ཁྲག་འཐུང་རིགས་ལྔའི་ཐུགས་དམ་བསྐང༌། །ཁམས་ལྔ་དབྱིངས་སུ་དག་པའི་ཡུམ་ཆེན་མོ། །རྟག་པའི་རྒྱལ་མོ་ལྔ་ཡི་ཐུགས་དམ་བསྐང༌། །འཁོར་འདས་རྣམ་པ་ཀུན་གྱི་མཆོག་དང་ལྡན། །ཡེ་ཤེས་རྗེ་མོ་བཅུ་བཞིའི་ཐུགས་དམ་བསྐང༌། །འགགས་མེད་སྒྱུ་མའི་རོལ་པ་ཅིར་ཡང་སྟོན། །དམན་མོ་ལྔ་བཅུ་རྩ་བརྒྱད་ཐུགས་དམ་བསྐང༌། །ཀུན་བཟང་མུ་ཁ་ལེ་ཡི་བདེ་སྟོང་གཟུགས། །སྣང་སྲིད་མ་མོར་རྫོགས་པས་ཐུགས་དམ་བསྐང༌། །ཆོས་ཉིད་དབྱིངས་སུ་བདེ་སྟོང་འདུ་འབྲལ་མེད། །སྐྱེ་འགགས་གནས་པ་ཀུན་བྲལ་ཡེ་ཤེས་དབྱིངས། །ནམ་ཡང་འཕོ་མེད་རྡོ་རྗེ་སྡོམ་པ་ཆེ། །དཀྱིལ་འཁོར་ལྷ་ཚོགས་བསྐང་ཞིང་མཉེས་པའི་མཐུས། །ཉམས་ཆགས་ནོངས་པའི་འཁྲུལ་རྟོག་དབྱིངས་སུ་ཞི། །མ་མོ་མཁའ་འགྲོ་འཁྲུགས་དང་འཁོན་པ་བཤགས། །ཉམས་པ་སོར་ཆུད་དགྱེས་པའི་མདངས་ཕྱུངས་ནས། །འགལ་འཁྲུགས་དག་ཅིང་ཚངས་པ་སྩལ་དུ་གསོལ། །དབྱིངས་ཀྱི་མ་མོ་ཁྲོ་དང་འཁྲུགས་མེད་པ། །ཡེ་ཤེས་ཆེན་པོ་གཅིག་ཏུ་མཉམ་བརྡལ་ཡང༌། །ལས་དང་འཇིག་རྟེན་མཁའ་འགྲོ་མ་སྲིང་རྣམས། །ལེགས་ཉེས་ལྟངས་འཛིན་དམ་ཚིག་རྗེས་སུ་གཅོད། །མངོན་ཤེས་རྫུ་འཕྲུལ་ཐོགས་པ་མེད་པ་ཡིས། །རྣལ་འབྱོར་དྲོད་ཉུལ་རྟག་ཏུ་རྗེས་སྐྱོངས་ནས། །བདག་སོགས་སྙིགས་མས་གདུང་བའི་སྐྱེ་འགྲོ་ཀུན། །རྟག་ཏུ་ཉེས་སྤྱོད་ཁྲེལ་དང་དམ་ཚིག་ནོར། །མནའ་དང་ཆད་འགལ་སྡོམ་གསུམ་ཞིག་ཅིང་རལ། །ངན་སྤྱོད་སྣ་དགུའི་བསྟན་ལ་ཡ་ག་སྒྲོགས། །དགེ་སྡིག་འཆོལ་ཉོག་སྤྱོད་པས་ལྷ་སྲིན་འཁོན། །མ་སྲིང་མཁའ་འགྲོ་འཁྲུགས་ཅིང་གནོལ་བའི་མཐུས། །ནད་མཚོན་མུ་གེའི་བསྐལ་ངན་ལྡང་བའི་ལས། །འགྱོད་གནོང་དྲགས་པོའི་སྙིང་ནས་མཐོལ་ཞིང་བཤགས། །སྐུ་གསུང་ཐུགས་ལ་མཉེས་མཆོད་དམ་ཚིག་རྫས། །ཕྱི་ནང་གསང་བ་བླ་མེད་མཆོད་པས་བསྐང༌། །བདེ་ཆེན་དགྱེས་པའི་ཐུགས་ཀྱིས་བདག་ཅག་ཀུན། །མ་ཡིས་བུ་བཞིན་སྐྱོང་ལ་སྡོང་གྲོགས་མཛོད། །ཞི་བས་རྒུད་སེལ་དགྱེས་པས་འདོད་དགུ་འགྲུབ། །དབང་གི་ཡིད་བསྒྱུར་དྲག་པོས་འགལ་བྱེད་ཆོམས། །ཁྱད་པར་རྡོ་རྗེ་ས་ལམ་དབུ་མར་རྫོགས། །འཕོ་མེད་བདེ་ཆེན་དགྱེས་མས་བརྩེན་གྱུར་ཅིག །ཁམས་གསུམ་རྣམ་དག་རྡོ་རྗེའི་སྐུ་གསུང་ཐུགས། །ཞིང་སྔགས་ལྷན་སྐྱེས་ཕོ་ཉའི་འདུ་བར་སྤྱོད། །ཧེ་རུ་དཔལ་མཆོག་དང་གཉིས་མེད་པས། །ཕྱི་སྣོད་འབྱུང་བཞིའི་སད་སེར་བཙའ་ཐན་ཞི། །ནང་བཅུད་རྩ་རླུང་ཐིག་ལེའི་གཡོ་འཁྲུགས་སྙོམས། །ངེས་དོན་འཁྲུལ་རྟོགས་རང་གཟུགས་ནད་གདོན་བགེགས། །ལྷ་སྲིན་མ་མོའི་སུན་ཁ་ཚེ་འཕྲང་བཟློག །བཀྲ་ཤིས་ཚེ་དཔལ་རླུང་རྟ་ཕྲིན་ལས་རྒྱས། །འབར་བ་གསུམ་གྱིས་ལྷན་སྐྱེས་ཡེ་ཤེས་འཕེལ། །འདུ་བ་གསུམ་གྱིས་དོན་གཉིས་ཡོངས་རྫོགས་ཏེ། །བར་ཆད་འཕྲང་གསུམ་འཇིགས་པའི་བདུད་བཞི་ཆོམས། །གསང་བའི་དགྲ་གསུམ་ཡོངས་སྒྲོལ་མཐུ་སྟོབས་ཀྱིས། །ཕྱོགས་ལས་རྣམ་པར་རྒྱལ་བའི་མཐུ་ཐོབ་མཛོད། །ཅེས་པའང་ཚུལ་འདིའི་མདོས་སྐོང་གི་ལས་རིམ་བགྱིད་སྐབས་ཉེར་མཁོའི་དབང་གིས་པདྨ་དབང་ཆེན་དགྱེས་པ་རྩལ་གྱིས་བྲིས་པའོ།། །།

Footnotes

Other Information