དགྲ་ལྷ་འདན་མའི་བསང་མཆོད་ཕྲིན་ལས་གློག་ཞགས།

From Khyentse Lineage - A Tsadra Foundation Project
Revision as of 08:40, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)
Wylie title dgra lha 'dan ma'i bsang mchod phrin las glog zhags JKCL-KABUM-11-DA-074.pdf
Location chos kyi blo gros bka' 'bum
Volume 11, Text 74, Pages 387-394 (Folios 1a to 4b1)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. dgra lha 'dan ma'i bsang mchod phrin las glog zhags. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 11: 387-394. Bir, H.P.: Khyentse Labrang, 2012.
Genre Smoke Offerings - bsangs mchod - lha bsang
Deity ge sar
Colophon

།འདི་ཡང་ཕྱི་ནང་རིག་གནས་ལ། །བློ་གྲོས་སྤོབས་པ་མཆོག་དགེ་བ། །རྣམ་རྒྱལ་བཟང་པོ་ཞེས་བྱས་བསྐུལ། །བློ་གྲོས་རྒྱ་མཚོས་ཤར་མར་སྤེལ། །བསྐུལ་བ་པོ་ཡིས་ཡི་གེར་བཀོད། །དགེ་ལེགས་མཆོག་ཏུ་རྒྱས་གྱུར་ཅིག །ཞལ་དྲོ།།

/'di yang phyi nang rig gnas la/__/blo gros spobs pa mchog dge ba/__/rnam rgyal bzang po zhes byas bskul/__/blo gros rgya mtshos shar mar spel/__/bskul ba po yis yi ger bkod/__/dge legs mchog tu rgyas gyur cig__/zhal dro//

1 Texts in this Section (sde tshan or chos tshan)

[edit]
༄༅། །དགྲ་ལྷ་འདན་མའི་བསང་མཆོད་ཕྲིན་ལས་གློག་ཞགས་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་མ་ཎཱི་སིདྷ་རཱ་ཛ་ཡ། འཇམ་པའི་དཔལ་གྱི་ཐུགས་རྗེ་ལས། །རྣམ་པར་འཕྲུལ་པའི་དགྲ་ལྷ་ཆེ། །འཛམ་གླིང་སྐྱེས་བུ་གེ་སར་རྗེའི། །བཀའ་བློན་འདན་མའི་གསོལ་མཆོད་བྲི། །སེང་ཆེན་རྗེ་ཡི་ཕྲིན་ལས་པ། །དགྲ་ལྷ་གཡུལ་རྒྱལ་ཐོག་རྒོད་ལ། །གསོལ་མཆོད་བྱ་བར་འདོད་པ་ཡིས། །གཏོར་མ་མཆོད་པ་གསེར་སྐྱེམས་དང་། །སྤྱན་གཟིགས་གོ་ཁྲབ་ལ་སོགས་བཤམས། །བཟང་ཤིང་དྲི་བསུང་འཐུལ་བ་དང་། །དང་པོ་བདག་ཉིད་རྟ་མགྲིན་སོགས། །ཡི་དམ་གང་རུང་བསྐྱེད་བཟླས་བྱ། །དངོས་གཞི་མཆོད་གཏོར་བྱིན་རླབས་ནི། རྃ་ཡྃ་ཁྃ། སྟོང་པའི་ངང་ལས་མཆོད་གཏོར་གྱི། །མི་གཙང་དྲི་མ་ཀུན་སྦྱང་ནས། །ངོ་བོ་ཡེ་ཤེས་བདུད་རྩི་ལྔ། །དྭངས་ཤིང་ཐོགས་པ་མེད་པ་ཡིས། །ས་དང་བར་སྣང་གང་བར་གྱུར། །ཨོཾ་ཨཱཿཧཱུྃ། ལན་གསུམ་དང་། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་སོགས་ལན་གསུམ་གྱིས་བྱིན་གྱིས་བརླབས། རྔ་གླིང་རོལ་མོ་དབྱངས་དང་བཅས། ཧཱུྃ་ཧྲཱི༔ རྩ་གསུམ་ཀུན་འདུས་མཚོ་སྐྱེས་རྡོ་རྗེ་ཡིས། །བྱིན་རླབས་དགྲ་བླའི་རྒྱལ་པོ་སེང་ཆེན་རྒྱལ། །སྲས་ཡུམ་བློན་འབངས་འཁོར་དང་བཅས་པ་རྣམས། །འདིར་གཤེགས་རང་རང་དགྱེས་པའི་གདན་ལ་བཞུགས། །ཀྱཻ། འཛམ་བུ་གླིང་གི་དགྲ་ལྷ་ཆེ། །གེ་སར་ནོར་བུ་དགྲ་འདུལ་གྱི། །བཀའ་བློན་དཔའ་ཐུལ་ཆེན་པོ་ནི། །འདན་མ་བསམ་འགྲུབ་ཞེས་སུ་གྲགས། །ཆིབས་སུ་དངུལ་ཕྲུག་ལྡན་པ་ལ། །གསེར་སྒ་བལ་སྟན་གཡུ་ཡི་མཐུར། །རིན་ཆེན་ཕོ་ལོང་གྱིས་སྤྲས་སྟེང་། །སྐུ་མདོག་བཻཌཱུ་སྔོན་པོ་ལ། །གནམ་སྔོན་བཞུས་པས་ལན་སྟོང་བྱུག །རྒྱུ་སྐར་བྱེ་བས་བརྒྱན་པ་དང་། །མཚུངས་པའི་གཟི་བརྗིད་རབ་ཏུ་འབར། །དབུ་ལ་རྨོག་འཕྲུ་དར་གྱིས་བརྒྱན། །སྐུ་ལ་དགྱེས་པའི་ཁྲབ་ཆེན་གསོལ། །ཡ་ཚ་དཀར་པོ་གློག་ལྟར་འཁྱུགས། །སྟག་རལ་གཡས་ལ་གཟིག་ཤུབ་གཡོན། །ཕྱག་གཉིས་ཐབས་དང་ཤེས་རབ་ཀྱི། །མདའ་གཞུ་འགེངས་ཤིང་དགྲ་སྙིང་བཀས། །གང་ལ་ཕོག་ཀྱང་ཕྱེ་མར་གཏོར། །འགྱིང་ཞིང་བགེགས་ལ་ཁྲོས་པའི་ཉམས། །མདུང་མོ་ཁམས་གསུམ་དབང་སྡུད་ནི། །གྲུ་མོར་བསྟེན་པས་སྲིད་རྩེར་སྙེགས། །སྐུ་ནི་ཉི་མ་འབུམ་གྱི་གཟི། །གསུང་ནི་སྲིན་མོ་ཁྲོས་པའི་སྐད། །ཐུགས་ནི་བརྩེ་ལ་ཁྲོ་བོར་སྟོན། །དཔའ་བོ་ཆེན་པོ་བདུད་འདུལ་བ། །བདུད་དགྲ་འཇོམས་ཤིང་བདུད་ཀྱི་གཤེད། །དམ་སྲི་རྒྱལ་འགོང་དབང་མེད་བཀུག །ཞགས་པས་བཅིངས་ཤིང་བསྒྱེལ་བྱས་ནས། །རྟ་མཆོག་རྫུ་འཕྲུལ་རྐང་པ་བཞིས། །ཤ་རུས་འདམ་ལྟར་རྙོག་བྱས་ནས། །རྨིགས་པའི་ཐག་སྒྲ་དཔག་ཚད་ཁྱབ། །སྟེང་དུ་དགྲ་ལྷ་ཝེར་མ་དང་། །དྭངས་སྨན་ཌཱ་ཀི་སུམ་ཅུ་དང་། །གཏེར་བདག་རྨ་རྒྱལ་ཆེན་པོ་སོགས། །སྐུ་ལྷ་གཉན་པོ་བསམ་མི་ཁྱབ། །འཁོར་དུ་དཔའ་ཞིང་རྔམ་པ་ཡི། །ཀི་བསྭོ་ཆ་སྒྲ་འབྲུག་ལྟར་སྒྲོགས། །དགྲ་ལྷའི་དཔུང་ཚོགས་བུ་ཡུག་ལྟར། །འཚུབས་ཤིང་གནས་འདིར་གཤེགས་སུ་གསོལ། །སྔོན་གྱི་དམ་ཚིག་དགྱེས་དགོངས་ལ། །མ་ཐོགས་མྱུར་བ་ཉིད་དུ་གཤེགས། །ཧོར་བདུད་ཆམ་ལ་འབེབ་ཕྱིར་གཤེགས། །རྒྱ་འདྲེ་འགོང་པོ་འདུལ་ཕྱིར་གཤེགས། །མཐའ་དམག་གདུག་པ་འདུལ་ཕྱིར་གཤེགས། །བཛྲ་ས་མ་ཡ་ཛཿཀྱཻ། དངོས་བཤམས་ཡིད་སྤྲུལ་ཏིང་འཛིན་མཐུས། །སྣང་སྲིད་མཆོད་པའི་ཚོགས་རྣམས་དང་། །ཁྱད་པར་ཉམས་གྲིབ་སེལ་བྱེད་པའི། །བཟང་ཤིང་དྲི་བཟང་ཕྱེ་མར་བསྲེགས། །ཟག་མེད་བསང་གི་མཆོད་སྤྲིན་དང་། །མཆོད་ཡོན་ཞབས་བསིལ་མེ་ཏོག་སོགས། །སྣང་གསལ་དྲི་ཆབ་ཞལ་ཟས་དང་། །གཟུགས་སྒྲ་དྲི་རོ་རེག་བྱ་དང་། །བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན། །སྟག་གཟིག་གོ་ཁྲབ་ཇ་གོས་དར། །རྟ་གླང་གནག་ལུག་འདོད་འཇོའི་བ། །ཤ་རྣ་རྒོ་དང་འབྲོང་མ་ཧེ། །སྤུ་སྡུག་གསུང་སྙན་བྱ་རིགས་དང་། །སྟག་གཟིག་ཁྱུང་ཆེན་སེང་འབྲུག་སོགས། །ཁྲབ་རྨོག་བེར་ཆེན་ཕུབ་རལ་གྲི། །མདའ་མདུང་དགྲ་སྟྭ་ལྕགས་ཀྱུ་དང་། །རྡོ་རྗེའི་ཞགས་པ་ལ་སོགས་པའི། །འགུགས་སྡོམ་འཆིང་མྱོས་རྫས་སྣ་ཚོགས། །ཇ་ཆང་འོ་ཞོ་གསེར་སྐྱེམས་དང་། །དཀར་མངར་བཟའ་བཅའ་རོ་བརྒྱར་ལྡན། །དགྲ་བགེགས་ཤ་ཁྲག་གཏོར་མ་དང་། །སྨན་རཀ་རྔ་གླིང་རོལ་མོའི་སྒྲ། །རྡོ་རྗེའི་སྒྱོགས་དང་མེ་ཡི་མདའ། །དྲག་པོའི་མཚོན་ཆ་ཚྭ་ཚྭ་འཕྲོ། །འཇིགས་པའི་སྒྲ་ལྡན་རྣམ་མང་སོགས། །མཐུན་རྫས་ཡོ་བྱད་བསམ་མི་ཁྱབ། །ནང་དུ་དུས་མེ་སྒྲ་གཅན་ལ། །འཁྱུད་པའི་དཔའ་བོ་ཡབ་ཡུམ་ལ། །དཀར་དམར་ཉི་ཟླའི་མདའ་གཞུ་ཡིས། །གཟུང་འཛིན་དྲེགས་པའི་ཚོགས་རྣམས་བསྒྲལ། །གསང་བ་གདོད་ནས་རྣམ་དག་པའི། །རང་སེམས་རིག་པའི་བསམ་འགྲུབ་ནི། །འཁོར་འདས་ཀུན་ལ་ཁྱབ་བརྡལ་བའི། །གནས་ལུགས་དེ་ཉིད་ཡོངས་ཤེས་པ། །མདོར་ན་ཕྱི་ནང་གསང་རྟེན་གྱི། །དགྲ་ལྷ་ཆེན་པོའི་ཐུགས་དམ་བསྐང་། །ཉོན་མོངས་མི་ཤེས་གཡུལ་སེལ་བའི། །ཐབས་ཤེས་མདའ་གཞུ་འཆང་བས་བསྐང་། །ཐུགས་དམ་བསྐང་ལ་ཉམས་ཆག་བཤགས། །དགྲ་ལྷ་བདག་གི་ལུས་ལ་ཞུགས། །བདག་ལུས་རྡོ་རྗེའི་སྟོབས་འཕེལ་ཞིང་། །ཕྱོགས་ལས་རྣམ་རྒྱལ་དཔལ་ཐོབ་ཅིང་། །བསྟན་དགྲ་མ་ལུས་ཚར་གཅོད་ཤོག །དེ་ལྟར་བསྐང་བསྐང་གསོལ་གསོལ་ནས། །ཁྱེད་ལ་ཕྲིན་ལས་བཅོལ་བ་ནི། །སངས་རྒྱས་བསྟན་པ་གཉན་པོ་སྲུངས། །དཀོན་མཆོག་དབུ་འཕང་དགུང་དུ་བསྟོད། །མི་ཕྱུགས་ནད་ཡམས་འཁྲུག་རྩོད་དང་། །བཙའ་སད་སེར་གསུམ་ཞི་བར་མཛོད། །འཆི་མེད་ཚེ་དང་བསོད་ནམས་དང་། །དཔལ་དང་འབྱོར་པ་ཕྱྭ་གཡང་སོགས། །སྲིད་ཞིའི་དགེ་ལེགས་སྤྲིན་ཆེན་བསྡུས། །དངོས་གྲུབ་མཚོ་ལྟར་རྒྱས་པར་མཛོད། །ཐུགས་རྗེ་ཆགས་པའི་འོད་དམར་གྱིས། །བརྟན་གཡོའི་དཔལ་ཀུན་རབ་འཆིང་བའི། །ལྕགས་ལ་གསེར་འགྱུར་རྩིས་ཐེབས་བཞིན། །ཐམས་ཅད་དབང་བསྒྱུར་འདུ་བར་མཛོད། །སྡང་དང་གདུག་པའི་སེམས་ལྡན་སོགས། །བསྟན་ལ་གནོད་བྱེད་གར་གནས་པ། །བཀུག་ཅིང་རྡུལ་དུ་བརླག་པ་སོགས། །དྲག་པོའི་ཕྲིན་ལས་མཐར་ཕྱིན་མཛོད། །ཅེས་བརྗོད་ཕུད་གཏོར་གཙང་སར་གཤེགས། ཀྱཻ། དེ་ལྟར་མགྲོན་རིགས་མ་ལུས་པ། །འགལ་འཁྲུལ་ནོངས་པ་ཐམས་ཅད་བཤགས། །བདག་ལ་དགྱེས་རབ་ཕུལ་གྱུར་ནས། །སོ་སོ་རང་རང་གནས་སུ་གཤེགས། །སླད་ནས་བདག་ལ་དགོངས་པར་མཛོད། །དགེ་འདིས་མཐའ་ཡས་སེམས་ཅན་ཀུན། །དགྲ་བླ་སེང་ཆེན་རྒྱལ་པོ་ཡིས། །མི་འབྲལ་རྟག་ཏུ་སྲུང་བ་དང་། །བསྟན་འགྲོར་བདེ་སྐྱིད་འཕེལ་བར་ཤོག །ཨོཾ་བཀྲ་ཤིས་གང་ཞིག་གྲུབ་གཉིས་སྤྲིན་ཚོགས་འཁྲིགས། །སྲིད་ཞིའི་དགེ་ལེགས་བཀྲ་ཤིས་ཆར་དུ་བསྙིལ། །རྣམ་རྒྱལ་བ་དན་དཀར་པོའི་བཀྲ་ཤིས་དེ། །འཛམ་གླིང་ཡོངས་ལ་བསྒྲེང་པའི་བཀྲ་ཤིས་ཤོག །ཅེས་བརྗོད་མེ་ཏོག་ཆར་དུ་བསྙིལ། ཞལ་བསོ་སྟོན་མོ་ལ་སོགས་བྱ། འདི་བྲིས་ལེགས་བྱས་ཅི་མཆིས་པ། །བསྟན་འགྲོའི་དོན་དུ་འགྱུར་བ་དང་། །ཁྱད་པར་ནག་ཕྱོགས་ཀླ་ཀློ་རྣམས། །མིང་གི་ལྷག་མ་མེད་པར་ཤོག །འདི་ཡང་ཕྱི་ནང་རིག་གནས་ལ། །བློ་གྲོས་སྤོབས་པ་མཆོག་དགེ་བ། །རྣམ་རྒྱལ་བཟང་པོ་ཞེས་བྱས་བསྐུལ། །བློ་གྲོས་རྒྱ་མཚོས་ཤར་མར་སྤེལ། །བསྐུལ་བ་པོ་ཡིས་ཡི་གེར་བཀོད། །དགེ་ལེགས་མཆོག་ཏུ་རྒྱས་གྱུར་ཅིག །ཞལ་དྲོ།། །།
[edit]

@#/__/dgra lha 'dan ma'i bsang mchod phrin las glog zhags zhes bya ba bzhugs so/__/ na mo gu ru ma NI sid+ha rA dza ya/__'jam pa'i dpal gyi thugs rje las/__/rnam par 'phrul pa'i dgra lha che/__/'dzam gling skyes bu ge sar rje'i/__/bka' blon 'dan ma'i gsol mchod bri/__/seng chen rje yi phrin las pa/__/dgra lha g.yul rgyal thog rgod la/__/gsol mchod bya bar 'dod pa yis/__/gtor ma mchod pa gser skyems dang /__/spyan gzigs go khrab la sogs bshams/__/bzang shing dri bsung 'thul ba dang /__/dang po bdag nyid rta mgrin sogs/__/yi dam gang rung bskyed bzlas bya/__/dngos gzhi mchod gtor byin rlabs ni/__ra~M ya~M kha~M/__stong pa'i ngang las mchod gtor gyi/__/mi gtsang dri ma kun sbyang nas/__/ngo bo ye shes bdud rtsi lnga/__/dwangs shing thogs pa med pa yis/__/sa dang bar snang gang bar gyur/__/oM AHhU~M/__lan gsum dang /__na maHsarba ta thA ga ta b+h+yo sogs lan gsum gyis byin gyis brlabs/__rnga gling rol mo dbyangs dang bcas/__hU~M hrI:__rtsa gsum kun 'dus mtsho skyes rdo rje yis/__/byin rlabs dgra bla'i rgyal po seng chen rgyal/__/sras yum blon 'bangs 'khor dang bcas pa rnams/__/'dir gshegs rang rang dgyes pa'i gdan la bzhugs/__/kyai/__'dzam bu gling gi dgra lha che/__/ge sar nor bu dgra 'dul gyi/__/bka' blon dpa' thul chen po ni/__/'dan ma bsam 'grub zhes su grags/__/chibs su dngul phrug ldan pa la/__/gser sga bal stan g.yu yi mthur/__/rin chen pho long gyis spras steng /__/sku mdog baiDU sngon po la/__/gnam sngon bzhus pas lan stong byug__/rgyu skar bye bas brgyan pa dang /__/mtshungs pa'i gzi brjid rab tu 'bar/__/dbu la rmog 'phru dar gyis brgyan/__/sku la dgyes pa'i khrab chen gsol/__/ya tsha dkar po glog ltar 'khyugs/__/stag ral g.yas la gzig shub g.yon/__/phyag gnyis thabs dang shes rab kyi/__/mda' gzhu 'gengs shing dgra snying bkas/__/gang la phog kyang phye mar gtor/__/'gying zhing bgegs la khros pa'i nyams/__/mdung mo khams gsum dbang sdud ni/__/gru mor bsten pas srid rtser snyegs/__/sku ni nyi ma 'bum gyi gzi/__/gsung ni srin mo khros pa'i skad/__/thugs ni brtse la khro bor ston/__/dpa' bo chen po bdud 'dul ba/__/bdud dgra 'joms shing bdud kyi gshed/__/dam sri rgyal 'gong dbang med bkug__/zhags pas bcings shing bsgyel byas nas/__/rta mchog rdzu 'phrul rkang pa bzhis/__/sha rus 'dam ltar rnyog byas nas/__/rmigs pa'i thag sgra dpag tshad khyab/__/steng du dgra lha wer ma dang /__/dwangs sman DA ki sum cu dang /__/gter bdag rma rgyal chen po sogs/__/sku lha gnyan po bsam mi khyab/__/'khor du dpa' zhing rngam pa yi/__/ki bswo cha sgra 'brug ltar sgrogs/__/dgra lha'i dpung tshogs bu yug ltar/__/'tshubs shing gnas 'dir gshegs su gsol/__/sngon gyi dam tshig dgyes dgongs la/__/ma thogs myur ba nyid du gshegs/__/hor bdud cham la 'beb phyir gshegs/__/rgya 'dre 'gong po 'dul phyir gshegs/__/mtha' dmag gdug pa 'dul phyir gshegs/__/badz+ra sa ma ya dzaHkyai/__dngos bshams yid sprul ting 'dzin mthus/__/snang srid mchod pa'i tshogs rnams dang /__/khyad par nyams grib sel byed pa'i/__/bzang shing dri bzang phye mar bsregs/__/zag med bsang gi mchod sprin dang /__/mchod yon zhabs bsil me tog sogs/__/snang gsal dri chab zhal zas dang /__/gzugs sgra dri ro reg bya dang /__/bkra shis rdzas rtags rin chen bdun/__/stag gzig go khrab ja gos dar/__/rta glang gnag lug 'dod 'jo'i ba/__/sha rna rgo dang 'brong ma he/__/spu sdug gsung snyan bya rigs dang /__/stag gzig khyung chen seng 'brug sogs/__/khrab rmog ber chen phub ral gri/__/mda' mdung dgra s+t+wa lcags kyu dang /__/rdo rje'i zhags pa la sogs pa'i/__/'gugs sdom 'ching myos rdzas sna tshogs/__/ja chang 'o zho gser skyems dang /__/dkar mngar bza' bca' ro brgyar ldan/__/dgra bgegs sha khrag gtor ma dang /__/sman raka rnga gling rol mo'i sgra/__/rdo rje'i sgyogs dang me yi mda'/__/drag po'i mtshon cha tshwa tshwa 'phro/__/'jigs pa'i sgra ldan rnam mang sogs/__/mthun rdzas yo byad bsam mi khyab/__/nang du dus me sgra gcan la/__/'khyud pa'i dpa' bo yab yum la/__/dkar dmar nyi zla'i mda' gzhu yis/__/gzung 'dzin dregs pa'i tshogs rnams bsgral/__/gsang ba gdod nas rnam dag pa'i/__/rang sems rig pa'i bsam 'grub ni/__/'khor 'das kun la khyab brdal ba'i/__/gnas lugs de nyid yongs shes pa/__/mdor na phyi nang gsang rten gyi/__/dgra lha chen po'i thugs dam bskang /__/nyon mongs mi shes g.yul sel ba'i/__/thabs shes mda' gzhu 'chang bas bskang /__/thugs dam bskang la nyams chag bshags/__/dgra lha bdag gi lus la zhugs/__/bdag lus rdo rje'i stobs 'phel zhing /__/phyogs las rnam rgyal dpal thob cing /__/bstan dgra ma lus tshar gcod shog__/de ltar bskang bskang gsol gsol nas/__/khyed la phrin las bcol ba ni/__/sangs rgyas bstan pa gnyan po srungs/__/dkon mchog dbu 'phang dgung du bstod/__/mi phyugs nad yams 'khrug rtsod dang /__/btsa' sad ser gsum zhi bar mdzod/__/'chi med tshe dang bsod nams dang /__/dpal dang 'byor pa phywa g.yang sogs/__/srid zhi'i dge legs sprin chen bsdus/__/dngos grub mtsho ltar rgyas par mdzod/__/thugs rje chags pa'i 'od dmar gyis/__/brtan g.yo'i dpal kun rab 'ching ba'i/__/lcags la gser 'gyur rtsis thebs bzhin/__/thams cad dbang bsgyur 'du bar mdzod/__/sdang dang gdug pa'i sems ldan sogs/__/bstan la gnod byed gar gnas pa/__/bkug cing rdul du brlag pa sogs/__/drag po'i phrin las mthar phyin mdzod/__/ces brjod phud gtor gtsang sar gshegs/__kyai/__de ltar mgron rigs ma lus pa/__/'gal 'khrul nongs pa thams cad bshags/__/bdag la dgyes rab phul gyur nas/__/so so rang rang gnas su gshegs/__/slad nas bdag la dgongs par mdzod/__/dge 'dis mtha' yas sems can kun/__/dgra bla seng chen rgyal po yis/__/mi 'bral rtag tu srung ba dang /__/bstan 'gror bde skyid 'phel bar shog__/oM bkra shis gang zhig grub gnyis sprin tshogs 'khrigs/__/srid zhi'i dge legs bkra shis char du bsnyil/__/rnam rgyal ba dan dkar po'i bkra shis de/__/'dzam gling yongs la bsgreng pa'i bkra shis shog__/ces brjod me tog char du bsnyil/__zhal bso ston mo la sogs bya/__'di bris legs byas ci mchis pa/__/bstan 'gro'i don du 'gyur ba dang /__/khyad par nag phyogs kla klo rnams/__/ming gi lhag ma med par shog__/'di yang phyi nang rig gnas la/__/blo gros spobs pa mchog dge ba/__/rnam rgyal bzang po zhes byas bskul/__/blo gros rgya mtshos shar mar spel/__/bskul ba po yis yi ger bkod/__/dge legs mchog tu rgyas gyur cig__/zhal dro//__//

Footnotes

Other Information