བླ་མའི་རྣལ་འབྱོར་ཟབ་ལམ་གསལ་སྒྲོན།

From Khyentse Lineage - A Tsadra Foundation Project
Revision as of 08:32, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)
Wylie title bla ma'i rnal 'byor zab lam gsal sgron JKCL-KABUM-04-NGA-009.pdf
Location chos kyi blo gros bka' 'bum
Volume 4, Text 9, Pages 41-45 (Folios 1a1 to 3a1)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. bla ma'i rnal 'byor zab lam gsal sgron. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 4: 41-45. Bir, H.P.: Khyentse Labrang, 2012.
Genre Guru Yoga Texts - bla ma'i rnal 'byor
Colophon

།ཅེས་པའང་བསྟན་པའི་སྦྱིན་བདག་ཆེན་པོ་ཧོར་ལ་དཀར་སྲས་མོ་དགེ་བློས་རྒྱུད་ཕྱུག་ཅིང་དད་དམ་ལྡན་པ་ཚེ་རིང་དམ་ཆོས་སྒྲོལ་མས་གསུང་བསྐུལ་ངོར་རིག་པ་འཛིན་པའི་གཟུགས་བརྙན་པདྨ་ཡེ་ཤེས་རྡོ་རྗེའམ། །འཇིགས་མེད་ནམ་མཁའི་རྡོ་རྗེ་ཚེ་དབང་གྲུབ་པ་རྩལ་གྱིས་མེ་ཕག་རྒྱལ་ཟླའི་དཀར་ཕྱོགས་ཀྱི་དགའ་བ་གཉིས་པའི་ཚེས་ལ་བྲིས་པ་འདིས་ཀྱང་། རང་རིག་བླ་མ་ཆོས་སྐུའི་རང་ཞལ་མཇལ་ཞིང་རང་འབྲས་སྐུ་གསུམ་མངོན་དུ་འགྱུར་བའི་རྒྱུར་མཆོག་གསུམ་རྩ་བ་གསུམ་གྱི་བདེན་པས་བྱིན་གྱིས་བརླབ་ཏུ་གསོལ། །སརྦ་དཱ་མངྒ་ལཾ།།

ces pa'ang bstan pa'i sbyin bdag chen po hor la dkar sras mo dge blos rgyud phyug cing dad dam ldan pa tshe ring dam chos sgrol mas gsung bskul ngor rig pa 'dzin pa'i gzugs brnyan pad+ma ye shes rdo rje'am/__/'jigs med nam mkha'i rdo rje tshe dbang grub pa rtsal gyis me phag rgyal zla'i dkar phyogs kyi dga' ba gnyis pa'i tshes la bris pa 'dis kyang /__rang rig bla ma chos sku'i rang zhal mjal zhing rang 'bras sku gsum mngon du 'gyur ba'i rgyur mchog gsum rtsa ba gsum gyi bden pas byin gyis brlab tu gsol/__/sarba dA mang+ga laM//

1 Texts in this Section (sde tshan or chos tshan)

[edit]
བླ་མའི་རྣལ་འབྱོར་ཟབ་ལམ་གསལ་སྒྲོན་ཅེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་དྷརྨ་ཀཱ་ཡ། དུས་གསུམ་རྒྱལ་ཀུན་འདུས་པའི་བདག །ཁྱབ་བདག་དཔལ་ལྡན་བླ་མ་ཡི། །ཞབས་རྡུལ་ཚངས་གནས་བཀོད་བྱས་ཏེ། །ཟབ་མོ་བླ་མའི་རྣལ་འབྱོར་དབྱེ། །དབང་ཐོབ་ཅིང་དམ་ཚིག་ལ་གནས་པས་བདེ་བའི་སྟན་ལ་བག་ཕེབས་ཏེ། རླུང་རོ་བསལ་ཞིང་ངེས་འབྱུང་དང་། །སེམས་བསྐྱེད་རྒྱུད་ལ་དྲན་བྱས་ནས། །མདུན་མཁར་བླ་མ་གསལ་བཏབ་ལ། ན་མོ། བདག་སོགས་མཁའ་མཉམ་སེམས་ཅན་རྣམས། །དཔལ་ལྡན་བླ་མ་རྡོ་རྗེ་འཆང་། །སྐྱབས་ཀུན་འདུས་པའི་བདག་ཉིད་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །ལན་གསུམ། སེམས་བསྐྱེད་པ་ནི། བདག་རྟོག་འཁྲུལ་པས་གཡེང་བ་ཡི། །རིགས་དྲུག་འགྲོ་བ་མ་ལུས་པ། །སྡུག་བསྔལ་སྲིད་པའི་རྒྱ་མཚོ་ལས། །བསྒྲལ་ཕྱིར་བྱང་ཆུབ་སེམས་མཆོག་བསྐྱེད། ལན་གསུམ། དངོས་གཞི་ལ། ཨ། སྣང་སྲིད་ཆོས་རྣམས་སྟོང་པར་གྱུར། །སྟོང་པའི་ངང་ལས་པད་ཉི་དང་། །བདུད་དང་དམ་སྲིའི་གདན་གྱི་སྟེང་། །རང་ཉིད་དབང་ཆེན་རྟ་མགྲིན་དམར། །གྲི་ཐོད་འཛིན་ཅིང་དོར་སྟབས་འགྱིང་། །རང་འོད་ཕག་མོ་དམར་མོ་ནི། །མཉམ་སྦྱོར་དུར་ཁྲོད་ཆས་རྣམས་རྫོགས། །དེ་ཡི་སྤྱི་བོར་པད་དཀར་དང་། །ཉི་ཟླའི་སྟེང་དུ་བླ་མ་ནི། །མ་ཧཱ་གུ་རུ་བདེ་བ་ཆེ། །དཀར་དམར་ཞི་འཛུམ་མཚན་དཔེས་སྤྲས། །གསང་གོས་ཕོད་ཀ་ཆོས་གོས་དང་། །ཟབ་བེར་ཤེའུའི་སྙན་ཞུ་གསོལ། །ཕྱག་གཉིས་མཉམ་བཞག་ཀ་པ་ལ། །བདུད་རྩིས་བཀང་དབུས་བྃ་གྱིས་མཚན། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །རྩ་གསུམ་འདུས་ཞལ་ཆེན་པོར་བསྒོམ། སྤྱན་འདྲེན་པ་ནི། ཧཱུྃ། ཨུ་རྒྱན་ཡུལ་གྱི་ནུབ་བྱང་མཚམས། །པདྨ་གེ་སར་སྡོང་པོ་ལ། །ཡ་མཚན་མཆོག་གི་དངོས་གྲུབ་བརྙེས། །པདྨ་འབྱུང་གནས་ཞེས་སུ་གྲགས། །འཁོར་དུ་མཁའ་འགྲོ་མང་པོས་བསྐོར། །ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱི། །བྱིན་གྱིས་རློབས་ཕྱིར་གཤེགས་སུ་གསོལ། གུ་རུ་པདྨ་སིདྡྷི་ཧཱུྃ། བཛྲ་ས་མ་ཡ་ཛཿཛཿཧཱུྃ་བྃ་ཧོཿཧོཿབདག་ལུས་རྡུལ་སྙེད་སྤྲོས་པ་ཡི། །སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །ཕྱི་ནང་གསང་བའི་མཆོད་པ་འབུལ། །སྡོམ་དང་དམ་ཚིག་ཉམས་ཆགས་བཤགས། །དགེ་ཚོགས་རྒྱ་མཚོར་རྗེས་ཡི་རང་། །ཟབ་ཅིང་རྒྱ་ཆེའི་ཆོས་འཁོར་བསྐོར། །མྱ་ངན་མི་འདའ་བཞུགས་གསོལ་འདེབས། །དགེ་ཚོགས་བྱང་ཆུབ་སྙིང་པོར་བསྔོ། །འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོག །མཎྜལ་འབུལ་བར་སྤྲོ་ན། ཨོཾ་ཨཱཿཧཱུྃ། ཕྱི་སྣོད་འཇིག་རྟེན་དཔལ་འབྱོར་དང་། །ནང་བཅུད་ཕུང་ཁམས་སྐྱེ་མཆེད་ཀུན། །ཡེ་ནས་ཞིང་ཁམས་ཆེན་པོར་རྫོགས། །དབྱིངས་ཡེ་བརྡལ་ཁྱབ་ཆེན་པོར་འབུལ། །ཨོཾ་སརྦ་རཏྣ་མཎྜ་ལ་པཱུ་ཛ་ཧོཿ གསོལ་འདེབས་རྡོ་རྗེའི་ཚིག་བདུན་ནི། །མོས་གུས་དྲག་པོས་ཡང་ཡང་འདོན། །སྐབས་སུ་ཐུགས་དམ་རྒྱུད་བསྐུལ་གྱི། །བཟླས་པ་འདི་དང་སྤེལ་བར་བྱ། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་པདྨ་སུ་ཁ་སརྦ་སིདྡྷི་ཧཱུྃ། ཐུན་མཐར་གསོལ་འདེབས་དབང་བླང་ནི། སྐྱབས་གནས་ཀུན་འདུས་བླ་མ་བདེ་བ་ཆེས། །མཁྱེན་བརྩེ་ཡེ་ཤེས་ཆེན་པོས་རྗེས་དགོངས་ལ། །སྐུ་གསུང་ཐུགས་ཀྱི་དབང་དང་བྱིན་གྱིས་རློབས། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །གུ་རུའི་གནས་གསུམ་རྡོ་རྗེའི་འབྲུ་གསུམ་ལས། །འོད་ཟེར་བདུད་རྩི་རིམ་དང་ཅིག་ཅར་བྱུང་། །རང་གི་གནས་གསུམ་ཞུགས་ཤིང་ཐིམ་པ་ཡིས། །དབང་བཞི་ཐོབ་ཅིང་སྒྲིབ་པ་བཞི་དག་ནས། །སྐུ་བཞིའི་གོ་འཕང་མངོན་དུ་གྱུར་པར་བསམ། །བླ་མ་དགྱེས་པ་ཆེན་པོ་ཡིས། །ཚངས་བུག་ནས་བརྒྱུད་སྙིང་པད་དཀར། །རྒྱས་པའི་སྟེང་དུ་བཞུགས་པ་ལ། །རིག་པ་གཏད་ཅིང་ཐུགས་ཡིད་བསྲེ། ཡི་དམ་བཟླས་པ་བྱ་འདོད་ན། བླ་མའི་ཐུགས་ཀར་པད་ཉིའི་སྟེང་། །རྡོ་རྗེའི་ལྟེ་བར་ཧྲཱིཿདམར་མཐར། །སྔགས་ཀྱི་ཕྲེང་བས་བསྐོར་བ་ལས། །འོད་འཕྲོས་རྒྱལ་མཆོད་བྱིན་རླབས་བསྡུས། །འགྲོ་བའི་སྒྲིབ་སྦྱངས་སྣོད་བཅུད་ཀུན། །པདྨ་དབང་གི་དཀྱིལ་འཁོར་རྫོགས། །ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་པདྨ་སུ་ཁ་པདྨནྟ་ཀྲྀཏ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཅེས་བཟླ་དགོངས་པའི་གདིང་བསྐྱེད་ལ། །ལྷ་སྔགས་རིག་པ་དབྱེར་མེད་དང་། །དག་མཉམ་ལྟ་བའི་རྩལ་ཤུགས་བསྐྱེད། །རྒྱལ་བསེན་གདོན་ཚོགས་གནོད་བྱུང་ན། །སྐུ་ལས་སྐུ་སྔགས་ཕྱག་མཚན་ཚོགས། །དཔག་མེད་འཕྲོས་པས་བསྲེགས་ཤིང་གཞོམ། །དམིགས་མེད་སྙིང་རྗེའི་ངར་བསྐྱེད་དེ། སྔགས་མཐར། ར་ཛ་ཧཾ་ཤཾ་ཏྲིག་མཱ་ར་ཡ་རྦད་ནན། ཅེས་སྦྱར་མི་དམིགས་ངང་དུ་བཞག །ཚོགས་མཆོད་བྱ་བར་སྤྲོ་ན་ཡེ་ཤེས་དཔལ་སྟེར་བཞིན་བྱའོ། །ཐུན་མཐར། སྣོད་བཅུད་འོད་ཞུ་རང་ལ་ཐིམ། །རང་ཡང་མི་དམིགས་སྟོང་པའི་ངང་། །ཁྲོ་རྒྱལ་སྣང་སྟོང་ཆེན་པོར་ཤར། །ཨོཾ་ཨཱཿཧཱུྃ། གནས་གསུམ་བསྲུང་། དགེ་འདིས་མཁའ་མཉམ་སེམས་ཅན་ཀུན། །བླ་མའི་ལམ་གྱིས་གྲོལ་བ་དང་། །རྟག་ཏུ་མཐའ་ཡས་སེམས་ཅན་གྱི། །དོན་རབ་སྒྲུབ་ལ་བརྩོན་པར་ཤོག །བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ། །གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ། དབུགས་འབྱིན་ཆེན་པོ་དགའ་སྟོན་ཆེ། །དགའ་ཆེན་རོལ་མོས་བཀྲ་ཤིས་ཤོག །ཅེས་བརྗོད་པས་དགེ་ལེགས་སུ་བྱའོ། །འདི་སྦྱར་གང་གཱའི་ཆུ་རྒྱུན་གྱིས། །འགྲོ་བའི་སྒྲིབ་གཉིས་དྲི་མ་བཀྲུས། །སྐུ་དང་ཡེ་ཤེས་རྒྱ་མཚོའི་གཏེར། །གུ་རུའི་གོ་འཕང་མྱུར་ཐོབ་ཤོག །ཅེས་པའང་བསྟན་པའི་སྦྱིན་བདག་ཆེན་པོ་ཧོར་ལ་དཀར་སྲས་མོ་དགེ་བློས་རྒྱུད་ཕྱུག་ཅིང་དད་དམ་ལྡན་པ་ཚེ་རིང་དམ་ཆོས་སྒྲོལ་མས་གསུང་བསྐུལ་ངོར་རིག་པ་འཛིན་པའི་གཟུགས་བརྙན་པདྨ་ཡེ་ཤེས་རྡོ་རྗེའམ། །འཇིགས་མེད་ནམ་མཁའི་རྡོ་རྗེ་ཚེ་དབང་གྲུབ་པ་རྩལ་གྱིས་མེ་ཕག་རྒྱལ་ཟླའི་དཀར་ཕྱོགས་ཀྱི་དགའ་བ་གཉིས་པའི་ཚེས་ལ་བྲིས་པ་འདིས་ཀྱང་། རང་རིག་བླ་མ་ཆོས་སྐུའི་རང་ཞལ་མཇལ་ཞིང་རང་འབྲས་སྐུ་གསུམ་མངོན་དུ་འགྱུར་བའི་རྒྱུར་མཆོག་གསུམ་རྩ་བ་གསུམ་གྱི་བདེན་པས་བྱིན་གྱིས་བརླབ་ཏུ་གསོལ། །སརྦ་དཱ་མངྒ་ལཾ།། །།
[edit]

bla ma'i rnal 'byor zab lam gsal sgron ces bya ba bzhugs so/__/na mo gu ru d+harma kA ya/__dus gsum rgyal kun 'dus pa'i bdag__/khyab bdag dpal ldan bla ma yi/__/zhabs rdul tshangs gnas bkod byas te/__/zab mo bla ma'i rnal 'byor dbye/__/dbang thob cing dam tshig la gnas pas bde ba'i stan la bag phebs te/__rlung ro bsal zhing nges 'byung dang /__/sems bskyed rgyud la dran byas nas/__/mdun mkhar bla ma gsal btab la/__na mo/__bdag sogs mkha' mnyam sems can rnams/__/dpal ldan bla ma rdo rje 'chang /__/skyabs kun 'dus pa'i bdag nyid la/__/byang chub bar du skyabs su mchi/__/lan gsum/__sems bskyed pa ni/__bdag rtog 'khrul pas g.yeng ba yi/__/rigs drug 'gro ba ma lus pa/__/sdug bsngal srid pa'i rgya mtsho las/__/bsgral phyir byang chub sems mchog bskyed/__lan gsum/__dngos gzhi la/__a/__snang srid chos rnams stong par gyur/__/stong pa'i ngang las pad nyi dang /__/bdud dang dam sri'i gdan gyi steng /__/rang nyid dbang chen rta mgrin dmar/__/gri thod 'dzin cing dor stabs 'gying /__/rang 'od phag mo dmar mo ni/__/mnyam sbyor dur khrod chas rnams rdzogs/__/de yi spyi bor pad dkar dang /__/nyi zla'i steng du bla ma ni/__/ma hA gu ru bde ba che/__/dkar dmar zhi 'dzum mtshan dpes spras/__/gsang gos phod ka chos gos dang /__/zab ber she'u'i snyan zhu gsol/__/phyag gnyis mnyam bzhag ka pa la/__/bdud rtsis bkang dbus ba~M gyis mtshan/__/zhabs gnyis rdo rje'i skyil krung bzhugs/__/rtsa gsum 'dus zhal chen por bsgom/__spyan 'dren pa ni/__hU~M/__u rgyan yul gyi nub byang mtshams/__/pad+ma ge sar sdong po la/__/ya mtshan mchog gi dngos grub brnyes/__/pad+ma 'byung gnas zhes su grags/__/'khor du mkha' 'gro mang pos bskor/__/khyed kyi rjes su bdag bsgrub kyi/__/byin gyis rlobs phyir gshegs su gsol/__gu ru pad+ma sid+d+hi hU~M/__badz+ra sa ma ya dzaHdzaHhU~M ba~M hoHhoHbdag lus rdul snyed spros pa yi/__/sgo gsum gus pas phyag 'tshal lo/__/phyi nang gsang ba'i mchod pa 'bul/__/sdom dang dam tshig nyams chags bshags/__/dge tshogs rgya mtshor rjes yi rang /__/zab cing rgya che'i chos 'khor bskor/__/mya ngan mi 'da' bzhugs gsol 'debs/__/dge tshogs byang chub snying por bsngo/__/'gro kun sangs rgyas myur thob shog__/maN+Dal 'bul bar spro na/__oM AHhU~M/__phyi snod 'jig rten dpal 'byor dang /__/nang bcud phung khams skye mched kun/__/ye nas zhing khams chen por rdzogs/__/dbyings ye brdal khyab chen por 'bul/__/oM sarba rat+na maN+Da la pU dza hoHgsol 'debs rdo rje'i tshig bdun ni/__/mos gus drag pos yang yang 'don/__/skabs su thugs dam rgyud bskul gyi/__/bzlas pa 'di dang spel bar bya/__oM AHhU~M badz+ra ma hA gu ru pad+ma su kha sarba sid+d+hi hU~M/__thun mthar gsol 'debs dbang blang ni/__skyabs gnas kun 'dus bla ma bde ba ches/__/mkhyen brtse ye shes chen pos rjes dgongs la/__/sku gsung thugs kyi dbang dang byin gyis rlobs/__/mchog dang thun mong dngos grub stsal du gsol/__/gu ru'i gnas gsum rdo rje'i 'bru gsum las/__/'od zer bdud rtsi rim dang cig car byung /__/rang gi gnas gsum zhugs shing thim pa yis/__/dbang bzhi thob cing sgrib pa bzhi dag nas/__/sku bzhi'i go 'phang mngon du gyur par bsam/__/bla ma dgyes pa chen po yis/__/tshangs bug nas brgyud snying pad dkar/__/rgyas pa'i steng du bzhugs pa la/__/rig pa gtad cing thugs yid bsre/__yi dam bzlas pa bya 'dod na/__bla ma'i thugs kar pad nyi'i steng /__/rdo rje'i lte bar hrIHdmar mthar/__/sngags kyi phreng bas bskor ba las/__/'od 'phros rgyal mchod byin rlabs bsdus/__/'gro ba'i sgrib sbyangs snod bcud kun/__/pad+ma dbang gi dkyil 'khor rdzogs/__/oM AHhU~M badz+ra ma hA gu ru pad+ma su kha pad+man+ta kr-ita h+ya grI wa hu lu hu lu hU~M phaT/__ces bzla dgongs pa'i gding bskyed la/__/lha sngags rig pa dbyer med dang /__/dag mnyam lta ba'i rtsal shugs bskyed/__/rgyal bsen gdon tshogs gnod byung na/__/sku las sku sngags phyag mtshan tshogs/__/dpag med 'phros pas bsregs shing gzhom/__/dmigs med snying rje'i ngar bskyed de/__sngags mthar/__ra dza haM shaM trig mA ra ya rbad nan/__ces sbyar mi dmigs ngang du bzhag__/tshogs mchod bya bar spro na ye shes dpal ster bzhin bya'o/__/thun mthar/__snod bcud 'od zhu rang la thim/__/rang yang mi dmigs stong pa'i ngang /__/khro rgyal snang stong chen por shar/__/oM AHhU~M/__gnas gsum bsrung /__dge 'dis mkha' mnyam sems can kun/__/bla ma'i lam gyis grol ba dang /__/rtag tu mtha' yas sems can gyi/__/don rab sgrub la brtson par shog__/bkra shis kun gyi bkra shis pa/__/grags pa'i bkra shis snyan grags dge/__dbugs 'byin chen po dga' ston che/__/dga' chen rol mos bkra shis shog__/ces brjod pas dge legs su bya'o/__/'di sbyar gang gA'i chu rgyun gyis/__/'gro ba'i sgrib gnyis dri ma bkrus/__/sku dang ye shes rgya mtsho'i gter/__/gu ru'i go 'phang myur thob shog__/ces pa'ang bstan pa'i sbyin bdag chen po hor la dkar sras mo dge blos rgyud phyug cing dad dam ldan pa tshe ring dam chos sgrol mas gsung bskul ngor rig pa 'dzin pa'i gzugs brnyan pad+ma ye shes rdo rje'am/__/'jigs med nam mkha'i rdo rje tshe dbang grub pa rtsal gyis me phag rgyal zla'i dkar phyogs kyi dga' ba gnyis pa'i tshes la bris pa 'dis kyang /__rang rig bla ma chos sku'i rang zhal mjal zhing rang 'bras sku gsum mngon du 'gyur ba'i rgyur mchog gsum rtsa ba gsum gyi bden pas byin gyis brlab tu gsol/__/sarba dA mang+ga laM//____//

Footnotes

Other Information