བླ་མ་ལ་གསོལ་བ་གདབ་པའི་རིམ་པ་ངེས་དོན་བདེ་འཇུག།

From Khyentse Lineage - A Tsadra Foundation Project
Wylie title bla ma la gsol ba gdab pa'i rim pa nges don bde 'jug JKCL-KABUM-04-NGA-008.pdf
Location chos kyi blo gros bka' 'bum
Volume 4, Text 8, Pages 29-39 (Folios 1a1 to 6a6)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. bla ma la gsol ba gdab pa'i rim pa nges don bde 'jug. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 4: 29-39. Bir, H.P.: Khyentse Labrang, 2012.
Genre Guru Yoga Texts - bla ma'i rnal 'byor
Colophon

།ཚུལ་འདི་བཀའ་མིན་གཏེར་མའང་མིན། །རིགས་ལྡན་ཌཱ་ཀིས་བསྐུལ་བ་ལས། །སྔོན་སྨོན་དག་པས་མཚམས་སྦྱར་ཏེ། །རིག་ཁམས་དྭངས་པའི་ཀུན་གསལ་ངོགས། །ཇི་བཞིན་ཤར་བ་བཅོས་མེད་དུ། །འབྲི་བའི་བྱེད་པོ་ཨོ་རྒྱན་རྗེར། །མི་ཕྱེད་དད་པའི་བློ་གྲོས་ཅན། །པདྨ་ཡེ་ཤེས་རྡོ་རྗེ་ཡིས། །འབྲས་ལྗོངས་སྒང་ཐོག་གཙུག་ལག་ཏུ། །ཤར་མར་བྲིས་པ་དགེ་ལེགས་འཕེལ། །སརྦ་མངྒ་ལཾ།།

/tshul 'di bka' min gter ma'ang min/__/rigs ldan DA kis bskul ba las/__/sngon smon dag pas mtshams sbyar te/__/rig khams dwangs pa'i kun gsal ngogs/__/ji bzhin shar ba bcos med du/__/'bri ba'i byed po o rgyan rjer/__/mi phyed dad pa'i blo gros can/__/pad+ma ye shes rdo rje yis/__/'bras ljongs sgang thog gtsug lag tu/__/shar mar bris pa dge legs 'phel/__/sarba mang+ga laM//

1 Texts in this Section (sde tshan or chos tshan)

[edit]
༄༅། །བླ་མ་ལ་གསོལ་བ་གདབ་པའི་རིམ་པ་ངེས་དོན་བདེ་འཇུག་ཅེས་བྱ་བ་བཞུགས་སོ། ། ཨོཾ་སྭ་སྟི། སྲིད་པའི་ཉེས་ཆེ་བརྒྱ་ཕྲག་ཞི་བ་ལ། །བསིལ་བྱེད་ཐུགས་རྗེའི་གྲུ་ཆར་འབེབ་མཛད་ཅིང་། །དཔལ་ལྡན་བླ་མ་མཁྱེན་བརྩེ་ནུས་ལྡན་པ། །སྙིང་གི་པདྨོ་བཞད་པའི་རྩེར་བཀོད་དེ། །རང་བྱུང་དབུ་མའི་ཁང་བཟང་ཉམས་དགའ་བར། །རང་རིག་སྟོན་པ་ཀུན་ཏུ་བཟང་པོ་ཡི། །རང་ཞལ་མངོན་སུམ་འགུགས་པའི་ཐབས་ཟབ་མོ། །བྱིན་རླབས་བླ་མའི་རྣལ་འབྱོར་ཉུང་ངུར་བྱེད། །དེ་ལ་འདིར་ཁྱབ་བདག་དཔལ་ལྡན་བླ་མ་རིགས་ཐམས་ཅད་ཀྱི་བདག་པོར་གྱུར་པ་ཉིད་སྒྲུབ་པའི་ཐབས་ཟབ་མོ་ནི། དཀྱིལ་འཁོར་གང་དུ་དབང་བཞི་ལེགས་པར་ཐོབ་ཅིང་། རྒྱུད་སྡོམ་པ་དང་དམ་ཚིག་རྣམ་པར་དག་པ་ལམ་གྱི་སྲོག་ཏུ་བཟུང་སྟེ་དབེན་པའི་གནས་སུ་བདེ་བའི་སྟན་ལ་འཁོད་ནས། ཐོག་མ་ཉིད་དུ་ཚེ་འདིར་སྣང་གི་ཞེན་པ་བཟློག་ཕྱིར་ངེས་འབྱུང་གིས་བློ་བཅོས་པ་སྙིང་ཐག་པ་ནས་ཡང་ཡང་དྲན་པར་བྱ། རང་འདོད་ཀྱི་འཁྲི་བ་མེད་པར་གཞན་ཕན་ལྷག་བསམ་བཟང་པོའི་འཕེན་པ་སྔོན་དུ་བཏང་ནས། མདུན་གྱི་ནམ་མཁར་རྩ་བའི་བླ་མ་སྐྱབས་ཀུན་འདུས་པའི་ངོ་བོར་གསལ་བཏབ་ལ། བདག་གཞན་སེམས་ཅན་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་དད་མོས་བརྟན་པོས། ན་མོ། བླ་མ་དཔལ་ལྡན་ཁྱབ་བདག་རྡོ་རྗེ་འཆང་། །མཆོག་གསུམ་རྩ་གསུམ་སྐུ་གསུམ་འདུས་པ་ལ། །དུས་འདི་ནས་བཟུང་བྱང་ཆུབ་སྙིང་པོའི་བར། །སྒོ་གསུམ་རྩེ་གཅིག་གུས་པས་སྐྱབས་སུ་མཆི། །ཞེས་ལན་ཅི་ནུས་དང་། སེམས་བསྐྱེད་པ་ལ། ནམ་མཁའི་མཐས་གཏུག་པའི་ཕ་མ་སེམས་ཅན་རྣམས་ཕན་བདེ་བླ་ན་མེད་པ་ལ་འགོད་པར་འདོད་པའི་གཞན་ཕན་ལྷག་པའི་བསམ་པ་བཟང་པོ་དང་ལྡན་པས། ཧོཿ མ་གྱུར་རིགས་དྲུག་སེམས་ཅན་མ་ལུས་པ། །བྱམས་དང་སྙིང་རྗེ་དགའ་བ་བཏང་སྙོམས་བཞིས། །བློ་སྦྱངས་བྱང་ཆུབ་མཆོག་ལ་འགོད་པའི་ཕྱིར། །སྨོན་དང་འཇུག་པའི་སེམས་མཆོག་བསྐྱེད་པར་བགྱི། །ཅེས་ལན་གསུམ་སོགས་དམིགས་རྣམ་རྩེ་གཅིག་པ་དང་། ཐུན་མཚམས་སུ་བདག་གཞན་བརྗེ་བའི་བློ་སྦྱོང་ཡང་བསྒོམ། དེ་ནས་རྟེན་བསྐྱེད་པ་ནི། ཨ། ཐ་མལ་སྣང་བ་དབྱིངས་སུ་ཐིམ་པ་ལས། །རང་སྣང་ཐམས་ཅད་བདེ་བ་ཅན་གྱི་ཞིང་། །ཡིད་འཕྲོག་ངོ་མཚར་བཀོད་པ་འབྱམས་ཀླས་དབུས། །རང་ཉིད་གཞི་ལུས་བདེ་ཆེན་མཚོ་རྒྱལ་ནི། །དཀར་དམར་མདངས་ལྡན་བོད་མོའི་ཆ་བྱད་མཛེས། །རིན་ཆེན་པདྨའི་རྒྱན་ཕྲེང་དོ་ཤལ་དཔྱངས། །ཕྱག་གཉིས་མཉམ་བཞག་བདུད་རྩིའི་ཐོད་ཞལ་བསྣམས། །ཞབས་གཉིས་བཙུན་མོ་རོལ་པའི་སྟབས་ཀྱིས་བཞུགས། །སྤྱི་བོའི་ཐད་ཀྱི་མདུན་མཁར་སེང་ཁྲི་དང་། །པད་ཉི་ཟླ་བ་བརྩེགས་པའི་གདན་སྟེང་དུ། །རྩ་བའི་བླ་མ་ཨོ་རྒྱན་རིན་པོ་ཆེ། །དཀར་དམར་མཛེས་འཛུམ་རྡོ་རྗེ་ཐོད་བུམ་བསྣམས། །སྐུ་ལ་གསང་གོས་ཕོད་ཀ་ཆོས་གོས་དང་། །ཟ་འོག་བེར་སྨུག་དབུ་ལ་པད་ཞྭ་གསོལ། །ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས་ཀྱིས་འགྱིང་། །སྣང་སྲིད་ཟིལ་གྱིས་གནོན་པའི་སྐུ་རུ་གསལ། །སྤྱི་བོར་ཆོས་སྐུ་ཚེ་དཔག་མེད་མགོན་དམར། །མཉམ་བཞག་ཕྱག་རྒྱས་འཆི་མེད་ཚེ་བུམ་འཛིན། །ལོངས་སྐུའི་ཆས་རྫོགས་པད་ཟླར་སྐྱིལ་ཀྲུང་བཞུགས། །བླ་མའི་མགྲིན་པར་པདྨ་དམར་པོའི་སྟེང་། །ཐུགས་ཆེན་དམར་གསལ་ཞི་མ་ཁྲོ་ཆགས་ཉམས། །གཡས་པས་པདྨ་དམར་པོའི་ཕྲེང་བ་འཛིན། །གཡོན་པས་མཉམ་བཞག་པད་རག་ཚེ་བུམ་བསྣམས། །རིན་ཆེན་རུས་རྒྱན་སྟོད་གཡོགས་སྨད་ཤམ་བཀླུབས། །ཐུགས་ཀར་པདྨ་ཀུན་ཏུ་འཆང་ཆེན་པོ། །ནམ་མཁའི་མདངས་ལྡན་རྡོར་དྲིལ་ཐུགས་ཀར་བསྣོལ། །མནྡྷ་ར་བ་དཀར་མོ་གྲི་ཐོད་འཛིན། །ཡབ་ཡུམ་གཉིས་ཀ་དར་དང་རུས་པས་བརྒྱན། །པད་ཟླ་ཉི་མར་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །ལྟེ་བར་ཆོས་འབྱུང་བསྣོལ་མ་དམར་སྐྱའི་སྟེང་། །རྣལ་འབྱོར་དམར་མོ་བདེ་བའི་ཉམས་ལྡན་པ། ཞབས་གཉིས་གར་སྟབས་གྲི་གུག་ཐོད་ཁྲག་འཛིན། །མཆན་གཡོན་ཧེ་རུ་ཀ་པ་ཁ་ཊཱྃ་ག །རུས་རྒྱན་ཨུཏྤལ་དམར་པོའི་དོ་ཤལ་འཕྱང་། །ཡེ་ཤེས་མེ་དཔུང་འབར་བའི་དབུས་ན་འགྱིང་། །དེ་ལྟར་རྒྱལ་བ་ཀུན་འདུས་གནས་གསུམ་དུ། །ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་འོད་ཟེར་འབར། །དེ་ལས་འོད་འཕྲོས་ཡེ་ཤེས་སེམས་དཔའི་ཚོགས། །དཔག་མེད་སྤྱན་དྲངས་དམ་ཡེ་གཉིས་མེད་གྱུར། །ཧཱུྃ་ཧྲཱིཿསྔོན་གྱི་བསྐལ་པ་དང་པོ་ལ། །ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས། །པདྨ་གེ་སར་སྡོང་པོ་ལ། །ཡ་མཚན་མཆོག་གི་དངོས་གྲུབ་བརྙེས། །པདྨ་འབྱུང་གནས་ཞེས་སུ་གྲགས། །འཁོར་དུ་མཁའ་འགྲོ་མང་པོས་བསྐོར། །ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱི། །བྱིན་གྱིས་རློབས་ཕྱིར་གཤེགས་སུ་གསོལ། །གནས་མཆོག་འདི་རུ་བྱིན་ཕོབ་ལ། །སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར། །བགེགས་དང་ལོག་འདྲེན་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ ཞེས་པས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿ དབྱེར་མེད་དུ་བྱ། ཚོགས་བསགས་ཡན་ལག་བདུན་འབུལ་བ་ནི། ཧཱུྃ་ཧྲཱིཿརང་ལུས་ཞིང་རྡུལ་མཉམ་པར་རབ་སྤྲུལ་ཏེ། །སྒོ་གསུམ་གུས་ཤིང་འདུད་པས་ཕྱག་འཚལ་ལོ། །དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི། །ཀུན་ཏུ་བཟང་པོ་བླ་ན་མེད་པས་མཆོད། །དུས་གསུམ་བསགས་པའི་བཅས་རང་ཉེས་པའི་ཚོགས། །གནོང་འགྱོད་དྲག་པོས་སྙིང་ནས་བཤགས་པར་བགྱི། །སློབ་དང་མི་སློབ་དགེ་བའི་ཚོགས་མཐའ་དག །རྗེས་སུ་ཡི་རང་ཕྲག་དོག་གཞོམ་པར་བགྱི། །གདུལ་བྱའི་བློ་དང་འཚམས་པའི་ཆོས་འཁོར་ལོ། །རྒྱུན་མི་ཆད་པར་ཡོངས་སུ་བསྐོར་བར་བསྐུལ། །མྱ་ངན་འདའ་བཞེད་ཞི་བར་གཞོལ་རྣམས་ལ། །འཕོ་འགྱུར་བྲལ་བར་རྟག་པར་བཞུགས་གསོལ་འདེབས། །ཟག་བཅས་ཟག་མེད་དགེ་ཚོགས་ཅི་མཆིས་པ། །སྐུ་བཞིའི་གོ་འཕང་ཐོབ་པའི་ཕྱིར་དུ་བསྔོ། །བསོད་ནམས་འདི་ཡིས་མཐའ་ཡས་འགྲོ་བ་རྣམས། །ས་བཅུ་ལམ་ལྔའི་བགྲོད་པ་མཐར་ཕྱིན་ཤོག །མཎྜལ་ནི། སྲིད་ཞིའི་ཁམས་ཀྱི་ལེགས་སྤྱད་ཅི་མཆིས་པ། །བློ་ཡིས་བླང་ནས་མཎྜལ་གཅིག་ཏུ་བཟླུམས། །བླ་མ་སྐུ་གསུམ་ལྷ་ལ་ཕུལ་བ་ཡིས། །འགྲོ་ཀུན་ཚོགས་གཉིས་དཔལ་ལ་སྤྱོད་གྱུར་ཅིག །ཨོཾ་གུ་རུ་རཏྣ་མཎྜ་ལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཀུ་ས་ལིའི་ཚོགས་བསགས་པ་ནི། རང་རིག་བྃ་ཡིག་དཀར་པོ་དབྱིངས་མཁར་ཐོན། །དེ་ཉིད་རྣལ་འབྱོར་དཀར་མོ་གྲི་ཐོད་འཛིན། །རང་ལུས་ཕུང་པོ་ཚོ་བརྗིད་སྣུམ་བག་ལྡན། །མདུན་དུ་མི་མགོའི་སྒྱེད་བུ་རི་རབ་ཙམ། །གསུམ་སྟེང་ཐོད་པ་བྲེག་ནས་གྱེན་བཀན་བཞག །གཟུགས་ཕུང་གྲི་གུག་གིས་ནི་དུམ་བུར་བསིལ། །ཐོད་པའི་ནང་བླུགས་འོག་ནས་རླུང་མེ་སྦར། །སྟེང་ནས་འབྲུ་གསུམ་ཧཾ་ཡིག་དང་བཅས་གསལ། །དེ་ནས་བདུད་རྩིའི་རྒྱུན་འཛག་ཞུ་ཞིང་བསྐོལ། །ཟག་མེད་ཡེ་ཤེས་བདུད་རྩིའི་རྒྱ་མཚོར་གྱུར། །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ མང་དུ་བརྗོད། ཐུགས་ནས་ལས་བྱེད་ལྷ་མོ་ཐོད་པ་ཐོགས། །མང་པོ་སྤྲུལ་ནས་མཆོད་ཡུལ་རྣམས་ལ་མཆོད། །སྒྲིབ་དག་ཚོགས་རྫོགས་བྱིན་རླབས་དངོས་གྲུབ་ཐོབ། །མར་སྦྱིན་གནོད་གདོན་བགེགས་ཚིམ་རིགས་དྲུག་གི། སྡུག་བསྔལ་བྱང་ཞིང་བདེ་བ་ཐོབ་གྱུར་ཅིག །དེ་ནས་གསོལ་བ་འདེབས་པ་ལ། བླ་མ་སྐུ་གསུམ་གྱི་གསོལ་འདེབས་ལེའུ་བདུན་མའི་སྤྲོས་བྲལ་ཆོས་ཀྱི་དབྱིངས་དང་། །རྡོ་རྗེའི་ཚིག་བདུན་པའི་གསོལ་འདེབས་གྲངས་མང་མཐར། ཨེ་མ་ཧོཿ བདེ་ལྡན་ཞིང་ན་ཆོས་སྐུ་སྣང་མཐའ་ཡས། །གྲུ་འཛིན་རི་བོར་འཕགས་མཆོག་སྤྱན་རས་གཟིགས། །རྔ་ཡབ་དཔལ་རིར་སྤྲུལ་སྐུ་པདྨ་འབྱུང་། །སྟུགས་པོ་བཀོད་པར་པདྨ་ཀུན་ཏུ་འཆང་། །ལྷན་སྐྱེས་ཞིང་ན་རྗེ་བཙུན་རྣལ་འབྱོར་མ། །མདོར་ན་རབ་འབྱམས་རྩ་གསུམ་རྒྱ་མཚོའི་བདག །ཨོ་རྒྱན་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །རྐྱེན་ངན་བར་ཆད་ཐམས་ཅད་ཞི་བ་དང་། །བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །ཞེས་གྲངས་ཅི་ནུས་གསོགས། ཐུགས་དམ་རྒྱུད་བསྐུལ་གྱི་བཟླས་པ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཞེས་པ་གཙོ་བོར་བཟླ། སྐབས་སུ་ཐོད་ཕྲེང་རྩལ་གྱི་བཟླས་པའང་ཅི་རིགས་བྱ། དེ་ནི་གསོལ་འདེབས་བསྙེན་པའི་རྣལ་འབྱོར་རོ། །ནང་ལྟར་སྒྲུབ་པའི་བཟླས་པ་ནི། སྤྱི་བོའི་ཚེ་དཔག་མེད་ཀྱི་ཐུགས་ཀར་ཧྲཱིཿ། འོད་འཕྲོས་སྲིད་དང་ཞི་བའི་ཚེ་བཅུད་བསྡུས། །བུམ་པར་བསྟིམ་ཞིང་བདུད་རྩིའི་རྒྱུན་བབ་པས། །ལུས་ཀྱི་ནང་གང་དུས་མིན་འཆི་བ་སྦྱངས། །གདོན་བགེགས་བྱད་མས་ཁྱེར་བ་ཐམས་ཅད་བཀུག །བླ་ཚེ་ཉམས་པ་ཐམས་ཅད་རང་སོར་ཆུད། །འཆི་མེད་ཚེ་དང་ཡེ་ཤེས་དངོས་གྲུབ་ཐོབ། །སྐྱེ་འཆི་གཞོམ་གཞིག་བྲལ་བའི་སྐུ་ཐོབ་བསམ། ཨོཾ་པདྨ་དྷཱ་རི་ཧཱུྃ་ཨ་མ་ར་ཎི་ཛི་ཝནྟི་ཡེ་སྭཱ་ཧཱ། ཞེས་བཟླ། སྐབས་སུ་ཡང་གསང་ཧྲཱིཿགཅིག་ནི། རླུང་དང་སྦྱར་བའི་རྡོར་བཟླས་བྱ། ཐུགས་རྗེ་ཆེན་པོའི་ཐུགས་ཀར་པད་འདབ་དྲུག །ལྟེ་བར་ཧྲཱིཿདམར་འདབ་མར་སྔགས་ཀྱིས་མཚན། །འོད་འཕྲོས་དོན་གཉིས་བྱས་ཤིང་ཚུར་འདུས་པ། །སྐུ་དང་སྔགས་ལས་བདུད་རྩི་ཡི་གེའི་ཕྲེང་། །དཔག་མེད་ཐིམ་པས་རང་ལུས་མེར་གྱིས་ཁེངས། །སྣོད་བཅུད་པདྨ་སེམས་དཔའི་ཞིང་གྱུར་བསམ། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཅེས་བཟླ། ཀུན་ཏུ་འཆང་ཆེན་ཐུགས་ཀར་ཉི་ཟླའི་བར། །ཧཱུྃ་སྔོན་གསལ་འཚེར་གཟི་བརྗིད་འབར་བ་ལས། །འོད་འཕྲོས་བརྟན་གཡོའི་སྣང་ཞེན་ཀུན་སྦྱངས་ནས། །ཐམས་ཅད་མཉམ་ཡང་དཀྱིལ་འཁོར་ལྷུན་རྫོགས་བསམ། །ཨོཾ་ཨཱཿབཛྲ་གུ་རུ་མ་ཧཱ་སུ་ཁ་དྷཱ་ར་ཛྙཱ་ན་སིདྡྷི་ཕ་ལ་ཧཱུྃ། ཞེས་བཟླ། ཕག་མོའི་ཐུགས་ཀར་དགའ་འཁྱིལ་ལྟེ་བ་རུ། །བྃ་ཡིག་དམར་པོ་སྔགས་ཀྱི་ཕྲེང་བས་བསྐོར། །འོད་འཕྲོས་ཕོ་ཉ་གསུམ་གྱི་བྱིན་བསྡུས་ནས། །མཆོག་ཐུན་ཕྲིན་ལས་ཐམས་ཅད་འགྲུབ་པར་བསམ། །ཨོཾ་བྃ་བཛྲ་བཻ་རོ་ཙ་ནི་ཡེ་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ། ཞེས་བཟླ་བ་རྣམས་ནི་སྒྲུབ་པའོ། །སླར་ཡང་སྤྱི་བོའི་བླ་མའི་སྐུ་རྣམས་ལས། །རང་འདྲ་ཆད་དེ་རང་ཉིད་མཚོ་རྒྱལ་གྱི། །སྐུ་ཡི་གནས་བཞིར་བཞུགས་ཤིང་འོད་ཟེར་གྱི། །སྤྲོ་བསྡུས་སྣོད་བཅུད་རིག་འཛིན་དཀྱིལ་འཁོར་དུ། །གསལ་ཞིང་བདེ་སྟོང་ཡེ་ཤེས་གཟི་བརྗིད་འབར། །ཀུན་ཀྱང་སྔགས་ཀྱི་རང་སྒྲ་སྒྲོགས་པ་དང་། །དག་མཉམ་དབྱེར་མེད་དགོངས་པའི་རྩལ་ཆེན་རྫོགས། །མི་འགྱུར་བསམ་བརྗོད་བྲལ་བའི་ངང་ནས་བཟླ། །ཐོད་ཕྲེང་རྩལ་གྱི་བཟླས་པ་བྱའོ། །དེ་ནི་སྒྲུབ་པ་ཆེན་པོའི་བཟླས་པའོ། །མཐར་ནི་གསོལ་གདབ་དབང་བླང་བྱ། བླ་མའི་གནས་གསུམ་ཡི་གེ་འབྲུ་གསུམ་ལས། །འོད་ཟེར་བདུད་རྩི་རིམ་དང་ཅིག་ཅར་བྱུང་། །རང་གི་གནས་གསུམ་རིམ་དང་ཅིག་ཅར་དུ། །ཞུགས་ཤིང་ཐིམ་པས་སྒྲིབ་པ་བཞི་དག་ཅིང་། །དབང་བཞི་ཐོབ་ཅིང་ལམ་བཞི་བསྒོམ་ལ་དབང་། །རིག་འཛིན་བཞི་ཐོབ་ལས་བཞིའི་ཕྲིན་ལས་འགྲུབ། །སྐུ་བཞིའི་གོ་འཕང་ཐོབ་པའི་རྟེན་འབྲེལ་བསྒྲིགས། །མཐར་ནི་བླ་མ་འོད་ཞུ་རང་ལ་ཐིམ། །རང་ཡང་མི་དམིགས་ཆོས་དབྱིངས་ཆེན་པོར་ཐིམ། །དམིགས་གཏད་མཚན་མ་རྡུལ་ཙམ་མེད་པ་ཡི། །ཡེ་བབ་ཇི་བཞིན་རང་གནས་དགོངས་པའི་ཀློང་། །བཏང་བཞག་འགྲོ་འོང་བྲལ་བའི་ངང་དེ་རུ། །མ་བཅོས་སོ་མ་ལྷུན་མཉམ་ཆེན་པོར་བཞག །བཞག་ཅེས་བྱ་བའང་ཚིག་གི་བརྗོད་པ་ཙམ། །ཀ་དག་ཕྱོགས་ཡན་ཆེན་པོའི་དགོངས་པ་ལ། །ལྷུན་གྲུབ་འོད་གསལ་ཚོམ་བུ་རྣམ་པར་བཀྲ། །དབྱིངས་རིག་དབྱེར་མེད་ཁྱབ་བརྡལ་ཀུན་ཏུ་བཟང་། །ཀུན་བཟང་ཀློང་ན་འཕོ་འགྱུར་ཡེ་ནས་བྲལ། །རང་སྣང་རང་བྱུང་རང་ཤར་རོལ་པ་ཆེ། །སྤང་བླང་བསལ་བཞག་ལས་འདས་རྫོགས་པ་ཆེ། །འདི་ཡིན་འདི་མིན་དམིགས་གཏད་ཀུན་དང་བྲལ། །ཀུན་གྲོལ་ཡངས་པ་ཆེན་པོར་ལྷུན་རྫོགས་སོ། །ཞེས་པའི་དགོངས་པ་གསལ་འདེབས་པ་ནི། དོན་དམ་བླ་མ་ཆོས་སྐུར་སྒྲུབ་པའི་རིམ་པ་མཆོག་གི་ལས་སྦྱོར་རོ། །སླར་ཡང་སྟོང་ཆེན་དབྱིངས་ལས་གཟུགས་སྐུར་ལྡང་། རང་ཉིད་གུ་རུ་པདྨ་འབྱུང་གནས་སྐུ། །མཚོ་རྒྱལ་དང་འཁྲིལ་བདེ་ཆེན་ཟག་མེད་ཀློང་། །དྭངས་པའི་འཇའ་སྐུ་འོད་གསལ་ལམ་མེ་བ། །རང་བྱུང་གསལ་བའི་ཐུགས་ཀར་པད་ཟླའི་སྟེང་། །གསེར་གྱི་རྡོ་རྗེ་རྩེ་ལྔའི་ལྟེ་བར་ཧྲཱིཿསྔགས་ཀྱིས་བསྐོར་ལས་འོད་འཕྲོས་དོན་གཉིས་བྱས། །སྣང་སྲིད་རྡོ་རྗེ་གསུམ་གྱི་ངོ་བོར་ཤར། །བཛྲ་གུ་རུ་ཅི་ནུས་བཟླ། དེ་ནས་སྤྱོད་ལམ་ལ་འཇུག་པ་ན་དགེ་བསྔོ་དང་ཟངས་མདོག་དཔལ་རིའི་སྨོན་ལམ་སོགས་གདབ་པ་ལ་བརྩོན་པར་བྱ་ཞིང་། མཚན་མོ་བླ་མ་སྐུ་གསུམ་སྙིང་དབུས་སུ་བསྒོམ་པ་དང་འོད་གསལ་བཟུང་། ནམ་ཞིག་འཆི་བའི་ཚེ་རང་ལུས་མཚོ་རྒྱལ་དུ་གསལ་བ་བྃ་ཡིག་གི་རྣམ་པར་བསྡུས་ཏེ་བླ་མའི་ཐུགས་ཀར་བསྟིམ་པར་བྱའོ། །འདི་དགེས་མཐའ་ཡས་སེམས་ཅན་ཀུན། །བླ་མའི་ལམ་གྱིས་གྲོལ་གྱུར་ཏེ། །སྐུ་གསུམ་འབྲས་བུ་མངོན་གྱུར་ནས། །སྲིད་གསུམ་དོང་ནས་སྤྲུགས་པར་ཤོག །ཚུལ་འདི་བཀའ་མིན་གཏེར་མའང་མིན། །རིགས་ལྡན་ཌཱ་ཀིས་བསྐུལ་བ་ལས། །སྔོན་སྨོན་དག་པས་མཚམས་སྦྱར་ཏེ། །རིག་ཁམས་དྭངས་པའི་ཀུན་གསལ་ངོགས། །ཇི་བཞིན་ཤར་བ་བཅོས་མེད་དུ། །འབྲི་བའི་བྱེད་པོ་ཨོ་རྒྱན་རྗེར། །མི་ཕྱེད་དད་པའི་བློ་གྲོས་ཅན། །པདྨ་ཡེ་ཤེས་རྡོ་རྗེ་ཡིས། །འབྲས་ལྗོངས་སྒང་ཐོག་གཙུག་ལག་ཏུ། །ཤར་མར་བྲིས་པ་དགེ་ལེགས་འཕེལ། །སརྦ་མངྒ་ལཾ།། །།
[edit]

@#/__/bla ma la gsol ba gdab pa'i rim pa nges don bde 'jug ces bya ba bzhugs so/__/ oM swa sti/__srid pa'i nyes che brgya phrag zhi ba la/__/bsil byed thugs rje'i gru char 'beb mdzad cing /__/dpal ldan bla ma mkhyen brtse nus ldan pa/__/snying gi pad+mo bzhad pa'i rtser bkod de/__/rang byung dbu ma'i khang bzang nyams dga' bar/__/rang rig ston pa kun tu bzang po yi/__/rang zhal mngon sum 'gugs pa'i thabs zab mo/__/byin rlabs bla ma'i rnal 'byor nyung ngur byed/__/de la 'dir khyab bdag dpal ldan bla ma rigs thams cad kyi bdag por gyur pa nyid sgrub pa'i thabs zab mo ni/__dkyil 'khor gang du dbang bzhi legs par thob cing /__rgyud sdom pa dang dam tshig rnam par dag pa lam gyi srog tu bzung ste dben pa'i gnas su bde ba'i stan la 'khod nas/__thog ma nyid du tshe 'dir snang gi zhen pa bzlog phyir nges 'byung gis blo bcos pa snying thag pa nas yang yang dran par bya/__rang 'dod kyi 'khri ba med par gzhan phan lhag bsam bzang po'i 'phen pa sngon du btang nas/__mdun gyi nam mkhar rtsa ba'i bla ma skyabs kun 'dus pa'i ngo bor gsal btab la/__bdag gzhan sems can thams cad kyis mgrin gcig tu dad mos brtan pos/__na mo/__bla ma dpal ldan khyab bdag rdo rje 'chang /__/mchog gsum rtsa gsum sku gsum 'dus pa la/__/dus 'di nas bzung byang chub snying po'i bar/__/sgo gsum rtse gcig gus pas skyabs su mchi/__/zhes lan ci nus dang /__sems bskyed pa la/__nam mkha'i mthas gtug pa'i pha ma sems can rnams phan bde bla na med pa la 'god par 'dod pa'i gzhan phan lhag pa'i bsam pa bzang po dang ldan pas/__hoHma gyur rigs drug sems can ma lus pa/__/byams dang snying rje dga' ba btang snyoms bzhis/__/blo sbyangs byang chub mchog la 'god pa'i phyir/__/smon dang 'jug pa'i sems mchog bskyed par bgyi/__/ces lan gsum sogs dmigs rnam rtse gcig pa dang /__thun mtshams su bdag gzhan brje ba'i blo sbyong yang bsgom/__de nas rten bskyed pa ni/__a/__tha mal snang ba dbyings su thim pa las/__/rang snang thams cad bde ba can gyi zhing /__/yid 'phrog ngo mtshar bkod pa 'byams klas dbus/__/rang nyid gzhi lus bde chen mtsho rgyal ni/__/dkar dmar mdangs ldan bod mo'i cha byad mdzes/__/rin chen pad+ma'i rgyan phreng do shal dpyangs/__/phyag gnyis mnyam bzhag bdud rtsi'i thod zhal bsnams/__/zhabs gnyis btsun mo rol pa'i stabs kyis bzhugs/__/spyi bo'i thad kyi mdun mkhar seng khri dang /__/pad nyi zla ba brtsegs pa'i gdan steng du/__/rtsa ba'i bla ma o rgyan rin po che/__/dkar dmar mdzes 'dzum rdo rje thod bum bsnams/__/sku la gsang gos phod ka chos gos dang /__/za 'og ber smug dbu la pad zhwa gsol/__/zhabs gnyis rgyal po rol pa'i stabs kyis 'gying /__/snang srid zil gyis gnon pa'i sku ru gsal/__/spyi bor chos sku tshe dpag med mgon dmar/__/mnyam bzhag phyag rgyas 'chi med tshe bum 'dzin/__/longs sku'i chas rdzogs pad zlar skyil krung bzhugs/__/bla ma'i mgrin par pad+ma dmar po'i steng /__/thugs chen dmar gsal zhi ma khro chags nyams/__/g.yas pas pad+ma dmar po'i phreng ba 'dzin/__/g.yon pas mnyam bzhag pad rag tshe bum bsnams/__/rin chen rus rgyan stod g.yogs smad sham bklubs/__/thugs kar pad+ma kun tu 'chang chen po/__/nam mkha'i mdangs ldan rdor dril thugs kar bsnol/__/man+d+ha ra ba dkar mo gri thod 'dzin/__/yab yum gnyis ka dar dang rus pas brgyan/__/pad zla nyi mar rdo rje skyil krung bzhugs/__/lte bar chos 'byung bsnol ma dmar skya'i steng /__/rnal 'byor dmar mo bde ba'i nyams ldan pa/__zhabs gnyis gar stabs gri gug thod khrag 'dzin/__/mchan g.yon he ru ka pa kha TA~M ga__/rus rgyan ut+pal dmar po'i do shal 'phyang /__/ye shes me dpung 'bar ba'i dbus na 'gying /__/de ltar rgyal ba kun 'dus gnas gsum du/__/oM dkar AHdmar hU~M mthing 'od zer 'bar/__/de las 'od 'phros ye shes sems dpa'i tshogs/__/dpag med spyan drangs dam ye gnyis med gyur/__/hU~M hrIHsngon gyi bskal pa dang po la/__/o rgyan yul gyi nub byang mtshams/__/pad+ma ge sar sdong po la/__/ya mtshan mchog gi dngos grub brnyes/__/pad+ma 'byung gnas zhes su grags/__/'khor du mkha' 'gro mang pos bskor/__/khyed kyi rjes su bdag bsgrub kyi/__/byin gyis rlobs phyir gshegs su gsol/__/gnas mchog 'di ru byin phob la/__/sgrub mchog bdag la dbang bzhi bskur/__/bgegs dang log 'dren bar chad sol/__/mchog dang thun mong dngos grub stsol/__/oM AHhU~M badz+ra gu ru pad+ma thod phreng rtsal badz+ra sa ma ya dzaHsid+d+hi pha la hU~M AHzhes pas spyan drangs/__dzaHhU~M ba~M hoHdbyer med du bya/__tshogs bsags yan lag bdun 'bul ba ni/__hU~M hrIHrang lus zhing rdul mnyam par rab sprul te/__/sgo gsum gus shing 'dud pas phyag 'tshal lo/__/dngos su 'byor dang yid kyis rnam sprul pa'i/__/kun tu bzang po bla na med pas mchod/__/dus gsum bsags pa'i bcas rang nyes pa'i tshogs/__/gnong 'gyod drag pos snying nas bshags par bgyi/__/slob dang mi slob dge ba'i tshogs mtha' dag__/rjes su yi rang phrag dog gzhom par bgyi/__/gdul bya'i blo dang 'tshams pa'i chos 'khor lo/__/rgyun mi chad par yongs su bskor bar bskul/__/mya ngan 'da' bzhed zhi bar gzhol rnams la/__/'pho 'gyur bral bar rtag par bzhugs gsol 'debs/__/zag bcas zag med dge tshogs ci mchis pa/__/sku bzhi'i go 'phang thob pa'i phyir du bsngo/__/bsod nams 'di yis mtha' yas 'gro ba rnams/__/sa bcu lam lnga'i bgrod pa mthar phyin shog__/maN+Dal ni/__srid zhi'i khams kyi legs spyad ci mchis pa/__/blo yis blang nas maN+Dal gcig tu bzlums/__/bla ma sku gsum lha la phul ba yis/__/'gro kun tshogs gnyis dpal la spyod gyur cig__/oM gu ru rat+na maN+Da la pU dza me g+ha sa mu dra s+pha ra Na sa ma ye hU~M/__ku sa li'i tshogs bsags pa ni/__rang rig ba~M yig dkar po dbyings mkhar thon/__/de nyid rnal 'byor dkar mo gri thod 'dzin/__/rang lus phung po tsho brjid snum bag ldan/__/mdun du mi mgo'i sgyed bu ri rab tsam/__/gsum steng thod pa breg nas gyen bkan bzhag__/gzugs phung gri gug gis ni dum bur bsil/__/thod pa'i nang blugs 'og nas rlung me sbar/__/steng nas 'bru gsum haM yig dang bcas gsal/__/de nas bdud rtsi'i rgyun 'dzag zhu zhing bskol/__/zag med ye shes bdud rtsi'i rgya mtshor gyur/__/oM AHhU~M ha ho hrIHmang du brjod/__thugs nas las byed lha mo thod pa thogs/__/mang po sprul nas mchod yul rnams la mchod/__/sgrib dag tshogs rdzogs byin rlabs dngos grub thob/__/mar sbyin gnod gdon bgegs tshim rigs drug gi/__sdug bsngal byang zhing bde ba thob gyur cig__/de nas gsol ba 'debs pa la/__bla ma sku gsum gyi gsol 'debs le'u bdun ma'i spros bral chos kyi dbyings dang /__/rdo rje'i tshig bdun pa'i gsol 'debs grangs mang mthar/__e ma hoHbde ldan zhing na chos sku snang mtha' yas/__/gru 'dzin ri bor 'phags mchog spyan ras gzigs/__/rnga yab dpal rir sprul sku pad+ma 'byung /__/stugs po bkod par pad+ma kun tu 'chang /__/lhan skyes zhing na rje btsun rnal 'byor ma/__/mdor na rab 'byams rtsa gsum rgya mtsho'i bdag__/o rgyan rdo rje 'chang la gsol ba 'debs/__/rkyen ngan bar chad thams cad zhi ba dang /__/bsam pa lhun gyis 'grub par byin gyis rlobs/__/zhes grangs ci nus gsogs/__thugs dam rgyud bskul gyi bzlas pa/__oM AHhU~M badz+ra gu ru pad+ma sid+d+hi hU~M/__zhes pa gtso bor bzla/__skabs su thod phreng rtsal gyi bzlas pa'ang ci rigs bya/__de ni gsol 'debs bsnyen pa'i rnal 'byor ro/__/nang ltar sgrub pa'i bzlas pa ni/__spyi bo'i tshe dpag med kyi thugs kar hrIH/__'od 'phros srid dang zhi ba'i tshe bcud bsdus/__/bum par bstim zhing bdud rtsi'i rgyun bab pas/__/lus kyi nang gang dus min 'chi ba sbyangs/__/gdon bgegs byad mas khyer ba thams cad bkug__/bla tshe nyams pa thams cad rang sor chud/__/'chi med tshe dang ye shes dngos grub thob/__/skye 'chi gzhom gzhig bral ba'i sku thob bsam/__oM pad+ma d+hA ri hU~M a ma ra Ni dzi wan+ti ye swA hA/__zhes bzla/__skabs su yang gsang hrIHgcig ni/__rlung dang sbyar ba'i rdor bzlas bya/__thugs rje chen po'i thugs kar pad 'dab drug__/lte bar hrIHdmar 'dab mar sngags kyis mtshan/__/'od 'phros don gnyis byas shing tshur 'dus pa/__/sku dang sngags las bdud rtsi yi ge'i phreng /__/dpag med thim pas rang lus mer gyis khengs/__/snod bcud pad+ma sems dpa'i zhing gyur bsam/__oM ma Ni pad+me hU~M hrIHces bzla/__kun tu 'chang chen thugs kar nyi zla'i bar/__/hU~M sngon gsal 'tsher gzi brjid 'bar ba las/__/'od 'phros brtan g.yo'i snang zhen kun sbyangs nas/__/thams cad mnyam yang dkyil 'khor lhun rdzogs bsam/__/oM AHbadz+ra gu ru ma hA su kha d+hA ra dz+nyA na sid+d+hi pha la hU~M/__zhes bzla/__phag mo'i thugs kar dga' 'khyil lte ba ru/__/ba~M yig dmar po sngags kyi phreng bas bskor/__/'od 'phros pho nya gsum gyi byin bsdus nas/__/mchog thun phrin las thams cad 'grub par bsam/__/oM ba~M badz+ra bai ro tsa ni ye ha ri ni sa sarba sid+d+hi hU~M/__zhes bzla ba rnams ni sgrub pa'o/__/slar yang spyi bo'i bla ma'i sku rnams las/__/rang 'dra chad de rang nyid mtsho rgyal gyi/__/sku yi gnas bzhir bzhugs shing 'od zer gyi/__/spro bsdus snod bcud rig 'dzin dkyil 'khor du/__/gsal zhing bde stong ye shes gzi brjid 'bar/__/kun kyang sngags kyi rang sgra sgrogs pa dang /__/dag mnyam dbyer med dgongs pa'i rtsal chen rdzogs/__/mi 'gyur bsam brjod bral ba'i ngang nas bzla/__/thod phreng rtsal gyi bzlas pa bya'o/__/de ni sgrub pa chen po'i bzlas pa'o/__/mthar ni gsol gdab dbang blang bya/__bla ma'i gnas gsum yi ge 'bru gsum las/__/'od zer bdud rtsi rim dang cig car byung /__/rang gi gnas gsum rim dang cig car du/__/zhugs shing thim pas sgrib pa bzhi dag cing /__/dbang bzhi thob cing lam bzhi bsgom la dbang /__/rig 'dzin bzhi thob las bzhi'i phrin las 'grub/__/sku bzhi'i go 'phang thob pa'i rten 'brel bsgrigs/__/mthar ni bla ma 'od zhu rang la thim/__/rang yang mi dmigs chos dbyings chen por thim/__/dmigs gtad mtshan ma rdul tsam med pa yi/__/ye bab ji bzhin rang gnas dgongs pa'i klong /__/btang bzhag 'gro 'ong bral ba'i ngang de ru/__/ma bcos so ma lhun mnyam chen por bzhag__/bzhag ces bya ba'ang tshig gi brjod pa tsam/__/ka dag phyogs yan chen po'i dgongs pa la/__/lhun grub 'od gsal tshom bu rnam par bkra/__/dbyings rig dbyer med khyab brdal kun tu bzang /__/kun bzang klong na 'pho 'gyur ye nas bral/__/rang snang rang byung rang shar rol pa che/__/spang blang bsal bzhag las 'das rdzogs pa che/__/'di yin 'di min dmigs gtad kun dang bral/__/kun grol yangs pa chen por lhun rdzogs so/__/zhes pa'i dgongs pa gsal 'debs pa ni/__don dam bla ma chos skur sgrub pa'i rim pa mchog gi las sbyor ro/__/slar yang stong chen dbyings las gzugs skur ldang /__rang nyid gu ru pad+ma 'byung gnas sku/__/mtsho rgyal dang 'khril bde chen zag med klong /__/dwangs pa'i 'ja' sku 'od gsal lam me ba/__/rang byung gsal ba'i thugs kar pad zla'i steng /__/gser gyi rdo rje rtse lnga'i lte bar hrIHsngags kyis bskor las 'od 'phros don gnyis byas/__/snang srid rdo rje gsum gyi ngo bor shar/__/badz+ra gu ru ci nus bzla/__de nas spyod lam la 'jug pa na dge bsngo dang zangs mdog dpal ri'i smon lam sogs gdab pa la brtson par bya zhing /__mtshan mo bla ma sku gsum snying dbus su bsgom pa dang 'od gsal bzung /__nam zhig 'chi ba'i tshe rang lus mtsho rgyal du gsal ba ba~M yig gi rnam par bsdus te bla ma'i thugs kar bstim par bya'o/__/'di dges mtha' yas sems can kun/__/bla ma'i lam gyis grol gyur te/__/sku gsum 'bras bu mngon gyur nas/__/srid gsum dong nas sprugs par shog__/tshul 'di bka' min gter ma'ang min/__/rigs ldan DA kis bskul ba las/__/sngon smon dag pas mtshams sbyar te/__/rig khams dwangs pa'i kun gsal ngogs/__/ji bzhin shar ba bcos med du/__/'bri ba'i byed po o rgyan rjer/__/mi phyed dad pa'i blo gros can/__/pad+ma ye shes rdo rje yis/__/'bras ljongs sgang thog gtsug lag tu/__/shar mar bris pa dge legs 'phel/__/sarba mang+ga laM//____//

Footnotes

Other Information