དཔལ་ལྡན་ས་སྐྱ་པཎྜི་ཏ་ཆེན་པོ་ལ་བསྟོད་པ་སྐབས་གསུམ་དབང་པོའི་རྒྱུད་མངས།

From Khyentse Lineage - A Tsadra Foundation Project
Revision as of 08:19, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)
Wylie title dpal ldan sa skya paN+Di ta chen po la bstod pa skabs gsum dbang po'i rgyud mangs JKCL-KABUM-02-KHA-083.pdf
Location chos kyi blo gros bka' 'bum
Volume 2, Text 83, Pages 651-656 (Folios 1a1 to 3b2)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Associated People ས་སྐྱ་པཎྜི་ཏ་ (sa skya paN+Di ta)
Citation 'jam dbyangs mkhyen brtse chos kyi blo gros. dpal ldan sa skya paN+Di ta chen po la bstod pa skabs gsum dbang po'i rgyud mangs. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 2: 651-656. Bir, H.P.: Khyentse Labrang, 2012.
Genre Verses of Praise - bstod pa
Colophon

།ཅེས་མཁྱེན་རབ་ཀྱི་དབང་ཕྱུག་དཔལ་ལྡན་ས་སྐྱ་པཎྜི་ཏ་ཆེན་པོ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་ཞབས་ལ་བསྟོད་པའི་ཕྲེང་བ་འདིའང་ཤཱཀྱའི་དགེ་ཚུལ་གཙུག་ལག་ལུང་རིགས་ཉི་མ་སྨྲ་བའི་སེངྒེས་མདོ་སྨད་སྨར་ཁམས་ལྗོངས་སུ་བྲིས་པ་འདིས་ཀྱང་འཇམ་དབྱངས་བླ་མས་དུས་རྟག་ཏུ་རྗེས་སུ་འཛིན་ཅིང་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཤེས་རབ་ཟབ་མོ་ཐོབ་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ། །

ces mkhyen rab kyi dbang phyug dpal ldan sa skya paN+Di ta chen po kun dga' rgyal mtshan dpal bzang po'i zhabs la bstod pa'i phreng ba 'di'ang shAkya'i dge tshul gtsug lag lung rigs nyi ma smra ba'i seng+ges mdo smad smar khams ljongs su bris pa 'dis kyang 'jam dbyangs bla mas dus rtag tu rjes su 'dzin cing phyogs thams cad las rnam par rgyal ba'i shes rab zab mo thob pa'i rgyur gyur cig__/sarba mang+ga laM/

1 Texts in this Section (sde tshan or chos tshan)

[edit]
དཔལ་ལྡན་ས་སྐྱ་པཎྜི་ཏ་ཆེན་པོ་ལ་བསྟོད་པ་སྐབས་གསུམ་དབང་པོའི་རྒྱུད་མངས་ཞེས་བྱ་བ། །བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་དངོས་འཇམ་དབྱངས་བླ་མ་ཡི། །ཞབས་པད་ཆུ་སྐྱེས་དཀར་པོ་ལ་བཏུད་ནས། །བསྟོད་པའི་རྒྱུད་མངས་ངེས་དོན་དབྱངས་ལྡན་པ། །སྤྲོ་བར་བྱ་ཡི་བློ་ལྡན་མཁས་རྣམས་གསོན། །ཆོས་ཀུན་རང་བཞིན་རྡོ་རྗེ་རྣོན་པོའི་ཐུགས། །ཟབ་ཞི་སྤྲོས་བྲལ་ཕྱག་རྒྱ་ཆེན་པོའི་དབྱིངས། །མཁའ་ཁྱབ་མཁའ་ཡི་དང་པོའི་སངས་རྒྱས་ནི། །བརྟན་གཡོ་ཀུན་ཁྱབ་འཇམ་དབྱངས་བླ་མར་བསྔགས། །བཟོད་མ་ཉིད་ནས་མངོན་པར་བྱང་ཆུབ་བརྙེས། །དོན་གཉིས་ལྷུན་གྲུབ་རྒྱལ་བའི་རྒྱལ་ཐབས་ཆེར། །དེ་བཞིན་གཤེགས་ཀྱི་མཆེད་ཟླར་གྱུར་ན་ཡང་། །སྙིང་རྗེའི་དབང་ཕྱུག་འཇམ་དབྱངས་བླ་མར་བསྔགས། །རྒྱལ་སྲས་གཞོན་ནུ་ཟུར་ཕུད་ལྔ་པ་ཡིས། །ཕྱག་གི་ཟོལ་ལ་མཐིང་སྔོན་རལ་གྲིས་མཛེས། །ཡིད་འོང་ཨུཏྤལ་གྱིས་བཏེགས་གླེགས་བམ་འཆང་། །བློ་གྲོས་ཆེན་པོ་འཇམ་དབྱངས་བླ་མར་བསྔགས། །ལྷ་དབང་ལྷ་དང་སྐྱེ་དགུའི་བདག་པོ་སོགས། །ཤེས་བྱ་མཁྱེན་པར་གྲགས་རྣམས་གཏིང་མཐའ་ཟད། །མི་ཟད་མཁྱེན་པའི་ཆུ་བོའི་གཏེར་རྒྱས་པ། །ཐམས་ཅད་མཁྱེན་པ་འཇམ་དབྱངས་བླ་མར་བསྔགས། །གཟིགས་པ་རྣམ་ལྔས་ལྷ་རིགས་རྡོ་རྗེ་འཛིན། །ཡུམ་མཆོག་ཏམ་བུ་ར་ལྡན་མཚོ་བྱུང་མའི། །ལྷུམས་སུ་བསྐྱེད་ལ་རྒྱལ་རྣམས་སྙོམས་པར་ཞུགས། །ལྔ་ལྡན་ཐིག་ལེ་འཇམ་དབྱངས་བླ་མར་བསྔགས། །བལྟམས་པའི་དུས་ན་ངོ་མཚར་སྣང་བས་ཁྱབ། །གཞོན་ནུ་ཉིད་ནས་ཡོན་ཏན་ཀུན་རྫོགས་ཤིང་། །མ་བསླབ་ཆོས་ཀྱི་ཚིག་དོན་ཁོང་དུ་ཆུད། །འཛམ་གླིང་མཛེས་རྒྱན་འཇམ་དབྱངས་བླ་མར་བསྔགས། །སྐྱེ་བས་ཐོབ་པའི་ཤེས་རབ་རྡུལ་དང་བྲལ། །འཕོ་མེད་ཚུལ་ཁྲིམས་ངུར་སྨྲིག་རྟག་འཆང་བ། །བསླབ་པའི་དྲི་བསུང་ཞིང་ཁམས་ཀུན་ཁྱབ་ཅིང་། །བལྟ་བས་མི་ངོམས་འཇམ་དབྱངས་བླ་མར་བསྔགས། །གང་གི་ཞལ་བཟང་ཉ་རྒྱས་ཟླ་འདྲ་བར། །མཚན་དཔེའི་ཕྲ་ཚོམ་རྒྱུ་སྐར་བཞིན་དུ་གསལ། །གསུངས་དབྱངས་ཡན་ལག་དྲུག་ཅུའི་ཉམས་ལྡན་པ། །ལྷ་ཡི་ལྷ་མཆོག་འཇམ་དབྱངས་བླ་མར༴། ཆོས་དབྱིངས་གསལ་སྟོང་འདུས་མ་བྱས་པའི་དབྱིངས། །སྨྲ་བསམ་བརྗོད་བྲལ་ཕ་རོལ་ཕྱིན་མའི་མཁར། །གོམ་པའི་སྟབས་ཀྱིས་གར་བསྒྱུར་ཁམས་གསུམ་གནོན། །འཇམ་དཔལ་དཔའ་བོ༴། ཕྱོགས་དུས་འགྲོ་བ་སྣ་ཚོགས་སྣང་ངོ་རུ། །རང་རང་ཚུལ་མཐུན་དྲང་དོན་མཛད་མཁས་ཀྱང་། །བརྟག་ན་ཤེས་བྱའི་ཆོས་ཀུན་གང་ལའང་། །མི་གནས་ཡེ་ཤེས༴། ཟབ་དང་རྒྱ་ཆེའི་ཆོས་ཚུལ་ཇི་སྙེད་པ། །ཇི་བཞིན་གཟིགས་ལ་བསྙེལ་བ་མི་མངའ་ཞིང་། །བདེན་གཉིས་རོ་འཛིན་སྟོང་ཉིད་ཕུད་སྒྲ་སྒྲོགས། །དྲང་ངེས་འབྱེད་མཁས༴། མཁྱེན་ནུས་བརྩེ་བའི་གཡུ་རལ་རབ་རྒྱས་ཤིང་། །ཆོས་ཀུན་རྟེན་འབྲེལ་ཟབ་མོ་ཁོང་དུ་ཆུད། །སྣང་སྟོང་མི་ཕྱེད་དབྱེར་མེད་རྡོ་རྗེའི་སྐུ། །ཨེ་ཝྃ་ཟུང་འཇུག༴། ཐོས་པ་རྒྱ་མཚོའི་རྦ་རླབས་སྟོང་འཕྲོ་ཞིང་། །ཡོན་ཏན་མེ་ཏོག་སྐྱེད་མོས་ཚལ་ཆེན་པོར། །མཁས་པའི་ཚོགས་ཀྱིས་ཀུན་ནས་ཡོངས་བསྐོར་བ། །མཁས་པའི་གཙུག་རྒྱན༴། བསམ་བྱུང་ཤེས་རབ་ལྷ་ལམ་ལྟར་ཡངས་པས། །ཀུན་འབྱུང་ཀུན་བྱང་ཆོས་རྣམས་དཔྱད་པའི་ཚེ། །མཐའ་བྲལ་དབུ་མ་ཆེན་པོར་འུབ་ཆུབ་པ། །ཤེས་རབ་ཆེན་པོ༴། སྲིད་དང་ཞི་བའི་མཚོ་ཆེན་ལས་བརྒལ་བའི། །སྟོང་ཉིད་སྙིང་རྗེའི་སྐྱ་ག་འདེགས་མཁས་ཤིང་། །མཐོང་བསྒོམ་ལམ་གྱི་རྩེ་མོར་སོན་ཉེ་བ། །སེམས་དཔའ་ཆེན་པོ༴། རིམ་གཉིས་གསང་བའི་ཟབ་ལམ་ལ་བརྟེན་པས། །སྒྲིབ་གསུམ་བཅོམ་ཞིང་རྡོ་རྗེ་འཆང་གི་སར། །རྒྱལ་བ་རྣམས་ཀྱིས་སྤྱི་བོ་ནས་དབང་བསྐུར། །ཁ་སྦྱོར་བདུན་ལྡན༴། མ་དག་སྣང་བ་དབྱིངས་སུ་ནུབ་པ་ལས། །མི་ཟད་སྒྱུ་འཕྲུལ་རྒྱན་གྱི་རོལ་མོ་འཁྲོལ། །ཞིང་ཁམས་རྒྱ་མཚོར་རྫོགས་སྨིན་སྦྱང་མཐར་ཕྱིན། །ཀུན་ཏུ་བཟང་པོ༴། རྒྱལ་བའི་བསྟན་པ་མཁའ་ལ་རབ་འདེགས་ཚེ། །རྒྱལ་དང་རྒྱལ་སྲས་དགྱེས་ཞལ་རྟག་ཏུ་ངོམས། །རྒྱལ་བའི་ཞལ་གྱི་བདུད་རྩིར་ལོངས་སྤྱོད་པ། །རྒྱལ་བའི་སྲས་པོ༴། དགག་དང་སྒྲུབ་པའི་འཁོར་ལོ་སྣང་བ་ན། །མཐའ་ལྡན་རིགས་པའི་རྩིབས་སྟོང་རྣམ་པར་བཀྲ། །རྟག་ཆད་རྒྱུད་ལྡན་མགོ་བོ་འགེམ་མཛད་པ། །སྟོབས་ལྡན་དཔའ་བོ༴། ཀླུ་སྒྲུབ་ལ་སོགས་མཛེས་རྒྱན་དྲུག་པོ་དང་། །མཁས་པ་སྒོ་བཞི་ལ་སོགས་གྲགས་ཆེ་ཡང་། །བསིལ་ལྡན་ལྗོངས་འདིར་ཡུལ་དབུས་འཕོས་གྱུར་ན། །ཁྱེད་ལས་བླ་མེད༴། ཚིག་ལ་འཚལ་བའི་པཎྜི་ཏ་རྣམས་ཀྱི། །ངེས་པ་དོན་གྱི་ཐམས་ཅད་མཁྱེན་པ་ཆེའི། །སྐུ་ཡི་བ་སྤུའི་ཉག་མ་རེའི་ཆར་ཡང་། །འགྲན་པར་མི་ནུས༴། སྙིགས་དུས་འདི་ན་ཕྱི་ནང་རིགས་གཞུང་ཆེར། །ཞུགས་ནས་སྨྲར་འདོད་བྱེད་མས་འཆིང་བ་རྣམས། །ཁྱོད་ཀྱིས་མཁྱེན་བརྩེའི་རལ་གྲིས་བཅད་པ་ན། །མཁས་པའི་ལག་བརྐྱང་༴། དབུ་ཚད་ཕར་ཕྱིན་འདུལ་མངོན་རིག་པའི་གཞུང་། །རྒྱུད་ཀྱི་རྡོ་རྗེའི་ངེས་གསང་ལ་སོགས་པ། །འཆད་ཚེ་ལྷག་པའི་ལྷ་ཡི་རྗེས་སུ་བཟུང་། །སྤོབས་པའི་གཏེར་འཆང་༴། ཟབ་རྒྱས་རྣོ་བའི་ཤེས་རབ་མཚོན་ཆེན་པོ། །སོ་སོར་ཡང་དག་རིག་བཞིའི་རྩ་བར་བརྟན། །འཐད་པ་བཞི་དང་སྟོན་པ་བཞི་ལྡན་ཆོས། །གླེགས་བམ་གཅིག་གྱུར༴། སྣང་དང་མི་སྣང་བྱེ་བས་ཞབས་སེན་བཏུད། །ལོངས་སྤྱོད་འདུ་བ་སྤྲིན་བཞིན་རབ་གཏིབས་ཅིང་། །སྙན་པའི་རྔ་སྒྲ་སྲིད་རྩེར་ཁྱབ་གྱུར་ཀྱང་། །དྲེགས་པ་མི་མངའ༴། ཟག་མེད་རྫུ་འཕྲུལ་སྐྲ་རྩེའི་ཟེགས་མ་ཙམ། །མངོན་པར་ཕྱུང་ཚེ་ས་གསུམ་སྐྱེ་བོ་འདར། །རལ་ཅན་གྱིས་བཏེགས་འཇིགས་མེད་ཁྲི་ཆེན་པོར། །ཆོས་ཀྱི་རྒྱལ་པོ༴། རེ་ཞིག་ཞིང་འདིའི་མཛད་པ་ཐ་མའི་ཚེ། །མ་འོངས་ལུང་བསྟན་ཌཱཀྐིའི་ཚོགས་ཀྱིས་བསུས། །གྲུབ་པའི་ཚོགས་དང་བརྟུལ་ཞུགས་མཉམ་པར་རོལ། །རྣལ་འབྱོར་དབང་ཕྱུག༴། ཧེ་རུ་ཀ་སོགས་དཀྱིལ་འཁོར་གཙོ་བོར་སྣང་། །མི་འཛད་སྐུ་གདུང་རིང་བསྲེལ་ཚོགས་རྣམས་ཀྱི། །འཁོར་བ་ཇི་སྲིད་སྟོང་པ་མ་གྱུར་པ། །འགྲོ་བའི་དོན་མཛད༴། མི་འཁྲུགས་རྒྱལ་པོ་བཀོད་པའི་ཞིང་ཆེན་པོར། །སངས་རྒྱས་དྲི་མ་མེད་པའི་དཔལ་ཞེས་གྲགས། །བློ་ལྡན་འཁོར་ལ་རྟག་ཏུ་ཆོས་སྟོན་པ། །ཀུན་མཁྱེན་ཀུན་གཟིགས༴། ལེགས་གསུངས་ཆོས་ཀྱི་རྔ་སྒྲ་མི་ཆད་པར། །དེ་སྲིད་ཞིང་འདིར་སྤྲུལ་པ་རྒྱུན་མི་ཆད། །འགྲོ་བའི་མ་རིག་མུན་པ་བསལ་མཛད་ཅིང་། །ཤེས་རབ་སྣང་སྟེར་འཇམ་དབྱངས་བླ་མ་བསྔགས། །དེ་ལྟར་མགོན་པོ་ཁྱོད་ལ་བསྟོད་པའི་མཐུས། །གཞུང་ལུགས་ཀུན་ལ་མི་འཇིགས་སྤོབས་པ་ཐོབ། །བཤད་དང་སྒྲུབ་པས་འཛམ་གླིང་ཀུན་ཁྱབ་ཅིང་། །འཇམ་མགོན་བླ་མའི་གོ་འཕང་ཐོབ་པར་ཤོག །ཅེས་མཁྱེན་རབ་ཀྱི་དབང་ཕྱུག་དཔལ་ལྡན་ས་སྐྱ་པཎྜི་ཏ་ཆེན་པོ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་ཞབས་ལ་བསྟོད་པའི་ཕྲེང་བ་འདིའང་ཤཱཀྱའི་དགེ་ཚུལ་གཙུག་ལག་ལུང་རིགས་ཉི་མ་སྨྲ་བའི་སེངྒེས་མདོ་སྨད་སྨར་ཁམས་ལྗོངས་སུ་བྲིས་པ་འདིས་ཀྱང་འཇམ་དབྱངས་བླ་མས་དུས་རྟག་ཏུ་རྗེས་སུ་འཛིན་ཅིང་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཤེས་རབ་ཟབ་མོ་ཐོབ་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ། ། །།
[edit]

dpal ldan sa skya paN+Di ta chen po la bstod pa skabs gsum dbang po'i rgyud mangs zhes bya ba/____/bla ma dang 'jam pa'i dbyangs la phyag 'tshal lo/____/dkon mchog gsum dngos 'jam dbyangs bla ma yi/____/zhabs pad chu skyes dkar po la btud nas/____/bstod pa'i rgyud mangs nges don dbyangs ldan pa/____/spro bar bya yi blo ldan mkhas rnams gson/____/chos kun rang bzhin rdo rje rnon po'i thugs/____/zab zhi spros bral phyag rgya chen po'i dbyings/____/mkha' khyab mkha' yi dang po'i sangs rgyas ni/____/brtan g.yo kun khyab 'jam dbyangs bla mar bsngags/____/bzod ma nyid nas mngon par byang chub brnyes/____/don gnyis lhun grub rgyal ba'i rgyal thabs cher/____/de bzhin gshegs kyi mched zlar gyur na yang /____/snying rje'i dbang phyug 'jam dbyangs bla mar bsngags/____/rgyal sras gzhon nu zur phud lnga pa yis/____/phyag gi zol la mthing sngon ral gris mdzes/____/yid 'ong ut+pal gyis btegs glegs bam 'chang /____/blo gros chen po 'jam dbyangs bla mar bsngags/____/lha dbang lha dang skye dgu'i bdag po sogs/____/shes bya mkhyen par grags rnams gting mtha' zad/____/mi zad mkhyen pa'i chu bo'i gter rgyas pa/____/thams cad mkhyen pa 'jam dbyangs bla mar bsngags/____/gzigs pa rnam lngas lha rigs rdo rje 'dzin/____/yum mchog tam bu ra ldan mtsho byung ma'i/____/lhums su bskyed la rgyal rnams snyoms par zhugs/____/lnga ldan thig le 'jam dbyangs bla mar bsngags/____/bltams pa'i dus na ngo mtshar snang bas khyab/____/gzhon nu nyid nas yon tan kun rdzogs shing /____/ma bslab chos kyi tshig don khong du chud/____/'dzam gling mdzes rgyan 'jam dbyangs bla mar bsngags/____/skye bas thob pa'i shes rab rdul dang bral/____/'pho med tshul khrims ngur smrig rtag 'chang ba/____/bslab pa'i dri bsung zhing khams kun khyab cing /____/blta bas mi ngoms 'jam dbyangs bla mar bsngags/____/gang gi zhal bzang nya rgyas zla 'dra bar/____/mtshan dpe'i phra tshom rgyu skar bzhin du gsal/____/gsungs dbyangs yan lag drug cu'i nyams ldan pa/____/lha yi lha mchog 'jam dbyangs bla mar=/__chos dbyings gsal stong 'dus ma byas pa'i dbyings/____/smra bsam brjod bral pha rol phyin ma'i mkhar/____/gom pa'i stabs kyis gar bsgyur khams gsum gnon/____/'jam dpal dpa' bo=/__phyogs dus 'gro ba sna tshogs snang ngo ru/____/rang rang tshul mthun drang don mdzad mkhas kyang /____/brtag na shes bya'i chos kun gang la'ang /____/mi gnas ye shes=/__zab dang rgya che'i chos tshul ji snyed pa/____/ji bzhin gzigs la bsnyel ba mi mnga' zhing /____/bden gnyis ro 'dzin stong nyid phud sgra sgrogs/____/drang nges 'byed mkhas=/__mkhyen nus brtse ba'i g.yu ral rab rgyas shing /____/chos kun rten 'brel zab mo khong du chud/____/snang stong mi phyed dbyer med rdo rje'i sku/____/e wa~M zung 'jug=/__thos pa rgya mtsho'i rba rlabs stong 'phro zhing /____/yon tan me tog skyed mos tshal chen por/____/mkhas pa'i tshogs kyis kun nas yongs bskor ba/____/mkhas pa'i gtsug rgyan=/__bsam byung shes rab lha lam ltar yangs pas/____/kun 'byung kun byang chos rnams dpyad pa'i tshe/____/mtha' bral dbu ma chen por 'ub chub pa/____/shes rab chen po=/__srid dang zhi ba'i mtsho chen las brgal ba'i/____/stong nyid snying rje'i skya ga 'degs mkhas shing /____/mthong bsgom lam gyi rtse mor son nye ba/____/sems dpa' chen po=/__rim gnyis gsang ba'i zab lam la brten pas/____/sgrib gsum bcom zhing rdo rje 'chang gi sar/____/rgyal ba rnams kyis spyi bo nas dbang bskur/____/kha sbyor bdun ldan=/__ma dag snang ba dbyings su nub pa las/____/mi zad sgyu 'phrul rgyan gyi rol mo 'khrol/____/zhing khams rgya mtshor rdzogs smin sbyang mthar phyin/____/kun tu bzang po=/__rgyal ba'i bstan pa mkha' la rab 'degs tshe/____/rgyal dang rgyal sras dgyes zhal rtag tu ngoms/____/rgyal ba'i zhal gyi bdud rtsir longs spyod pa/____/rgyal ba'i sras po=/__dgag dang sgrub pa'i 'khor lo snang ba na/____/mtha' ldan rigs pa'i rtsibs stong rnam par bkra/____/rtag chad rgyud ldan mgo bo 'gem mdzad pa/____/stobs ldan dpa' bo=/__klu sgrub la sogs mdzes rgyan drug po dang /____/mkhas pa sgo bzhi la sogs grags che yang /____/bsil ldan ljongs 'dir yul dbus 'phos gyur na/____/khyed las bla med=/__tshig la 'tshal ba'i paN+Di ta rnams kyi/____/nges pa don gyi thams cad mkhyen pa che'i/____/sku yi ba spu'i nyag ma re'i char yang /____/'gran par mi nus=/__snyigs dus 'di na phyi nang rigs gzhung cher/____/zhugs nas smrar 'dod byed mas 'ching ba rnams/____/khyod kyis mkhyen brtse'i ral gris bcad pa na/____/mkhas pa'i lag brkyang =/__dbu tshad phar phyin 'dul mngon rig pa'i gzhung /____/rgyud kyi rdo rje'i nges gsang la sogs pa/____/'chad tshe lhag pa'i lha yi rjes su bzung /____/spobs pa'i gter 'chang =/__zab rgyas rno ba'i shes rab mtshon chen po/____/so sor yang dag rig bzhi'i rtsa bar brtan/____/'thad pa bzhi dang ston pa bzhi ldan chos/____/glegs bam gcig gyur=/__snang dang mi snang bye bas zhabs sen btud/____/longs spyod 'du ba sprin bzhin rab gtibs cing /____/snyan pa'i rnga sgra srid rtser khyab gyur kyang /____/dregs pa mi mnga'=/__zag med rdzu 'phrul skra rtse'i zegs ma tsam/____/mngon par phyung tshe sa gsum skye bo 'dar/____/ral can gyis btegs 'jigs med khri chen por/____/chos kyi rgyal po=/__re zhig zhing 'di'i mdzad pa tha ma'i tshe/____/ma 'ongs lung bstan DAk+ki'i tshogs kyis bsus/____/grub pa'i tshogs dang brtul zhugs mnyam par rol/____/rnal 'byor dbang phyug=/__he ru ka sogs dkyil 'khor gtso bor snang /____/mi 'dzad sku gdung ring bsrel tshogs rnams kyi/____/'khor ba ji srid stong pa ma gyur pa/____/'gro ba'i don mdzad=/__mi 'khrugs rgyal po bkod pa'i zhing chen por/____/sangs rgyas dri ma med pa'i dpal zhes grags/____/blo ldan 'khor la rtag tu chos ston pa/____/kun mkhyen kun gzigs=/__legs gsungs chos kyi rnga sgra mi chad par/____/de srid zhing 'dir sprul pa rgyun mi chad/____/'gro ba'i ma rig mun pa bsal mdzad cing /____/shes rab snang ster 'jam dbyangs bla ma bsngags/____/de ltar mgon po khyod la bstod pa'i mthus/____/gzhung lugs kun la mi 'jigs spobs pa thob/____/bshad dang sgrub pas 'dzam gling kun khyab cing /____/'jam mgon bla ma'i go 'phang thob par shog__/ces mkhyen rab kyi dbang phyug dpal ldan sa skya paN+Di ta chen po kun dga' rgyal mtshan dpal bzang po'i zhabs la bstod pa'i phreng ba 'di'ang shAkya'i dge tshul gtsug lag lung rigs nyi ma smra ba'i seng+ges mdo smad smar khams ljongs su bris pa 'dis kyang 'jam dbyangs bla mas dus rtag tu rjes su 'dzin cing phyogs thams cad las rnam par rgyal ba'i shes rab zab mo thob pa'i rgyur gyur cig__/sarba mang+ga laM/__/____//__

Footnotes

Other Information