རྩ་གསུམ་སྤྱི་འདུས་སྙིང་ཐིག་གི་ཟུར་འདེབས་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ།

From Khyentse Lineage - A Tsadra Foundation Project
Revision as of 09:03, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)

DKR-KABUM-06-CHA-041
Wylie title rtsa gsum spyi 'dus snying thig gi zur 'debs ye shes sgyu 'phrul drwa ba DKR-KABUM-06-CHA-041.pdf
Location dil mgo mkhyen brtse bka' 'bum
Volume 6, Text 41, Pages 309-311 (Folios 1a1 to 3b5)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ('jam dbyangs mkhyen brtse'i dbang po)
Citation Khyentse, Dilgo. Rtsa gsum spyi 'dus snying thig gi zur 'debs ye shes sgyu 'phrul drwa ba. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 6: 309-311. Delhi: Shechen Publications, 1994.
Genre Supplemental Instructions - zur 'debs - zur rgyan
Cycle རྩ་གསུམ་སྤྱི་འདུས་སྙིང་ཏིག་ (rtsa gsum spyi 'dus snying tig)
Colophon

།ཞེས་པ་འདིའང་ཟབ་དོན་སྙིང་པོའི་རྣལ་འབྱོར་པ་དབྱིངས་རིག་བྱང་ཆུབ་དབང་པོས་རྟེན་བཅས་བསྐུལ་བ་བཞིན་སྙོམས་ལས་པ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་ཐུབ་བསྟན་ཆོས་གླིང་ནས་བྲིས་པ་དོན་དང་ལྡན་པར་གྱུར་ཅིག །སརྦ་མངྒ་ལཾ། དགེའོ།།

/zhes pa 'di'ang zab don snying po'i rnal 'byor pa dbyings rig byang chub dbang pos rten bcas bskul ba bzhin snyoms las pa 'gyur med theg mchog bstan pa'i rgyal mtshan gyis thub bstan chos gling nas bris pa don dang ldan par gyur cig_/sarba mang+ga laM/_dge'o//

[edit]
༄༅། །རྩ་གསུམ་སྤྱི་འདུས་སྙིང་ཐིག་གི་ཟུར་འདེབས་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་བཞུགས།། ན་མོ་གུ་ར་ཝེ། རྩ་གསུམ་ལས་བྱང་གཏེར་གཞུང་ལ་ཟུར་འདེབས་སྦྱར་བར་སྤྲོ་ན། བྱིན་འབེབས་རྒྱས་པ་ལ། ཧཱུྃ་ཧྲཱིཿ འོད་གསལ་རྡོ་རྗེ་སྙིང་པོའི་ཞིང༌། །ཟག་མེད་ཡོན་ཏན་འབྲས་བུའི་གཟུགས། །ཆོས་སྐུ་འོད་སྣང་མཐའ་ཡས་སོགས། །བརྒྱུད་གསུམ་བླ་མས་བྱིན་ཕོབ་ཅིག །བདེ་ཆེན་འཕོ་མེད་སངས་རྒྱས་ཞིང༌། །ཡེ་ཤེས་ལྔ་ལྡན་ལོངས་སྤྱོད་རྫོགས། །རིགས་ལྔའི་རྒྱལ་བ་གངས་ཆེན་མཚོ། །ཞི་ཁྲོ་རབ་འབྱམས་བྱིན་ཕོབ་ཅིག །རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་ཀྱི། །བྱིན་ཆེན་ཕོབ་ལ་དབང་ཆེན་བསྐུར། །བགེགས་དང་ལོག་འདྲེན་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཧཱུྃ་ཧྲཱིཿ བརྡལ་ཁྱབ་ཆོས་སྐུ་སོགས་གཞུང་གི་བྱིན་འབེབས་ལ་འཇུག་གོ །བྱིན་འབེབས་རྗེས་བཤགས་པ་ནི། བླ་མ་ཡི་དམ་མཁའ་འགྲོ་མ༔ རྩ་གསུམ་རྒྱལ་བ་འཁོར་དང་བཅས༔ བདག་ཅག་ལུས་ངག་ཡིད་གསུམ་གྱི༔ མི་དགེ་ཉམས་ཆགས་འགལ་འཁྲུལ་བཤགས༔ བཛྲ་ས་མ་ཡ་ཤུདྡྷེ་ཨཿ སྤྲོ་ན། ཕྱོགས་དུས་སྐྱབས་གནས་རྒྱ་མཚོའི་ཡེ་ཤེས་སྐུ། །རབ་འབྱམས་རྩ་གསུམ་སྤྲོ་བསྡུ་བྱེད་པོ་ཆེ། །མཁྱེན་བརྩེ་ནུས་པ་མཚུངས་མེད་ཡེ་ཤེས་སྐུ། །ཐུགས་རྗེའི་བདག་ལ་དགོངས་ཤིང་གསན་དུ་གསོལ། །རིགས་བརྒྱའི་ཁྱབ་བདག་བླ་མའི་སྐུ་གསུང་ཐུགས། །ཉམས་ཆགས་མཐོལ་བཤགས་རྡོ་རྗེའི་བྱིན་རླབས་སྩོལ། །རྒྱུད་སྡེ་བཞི་དྲུག་ཡི་དམ་ཞི་ཁྲོའི་ལྷ། །བསྙེན་སྒྲུབ་ལས་སོགས་འགལ་འཁྲུལ་ཉམས་ཆགས་བཤགས། །གསང་བའི་གཉེར་འཛིན་དཔའ་བོ་མཁའ་འགྲོ་ལ། །ལྷ་སྒོམ་སྤྱོད་པ་ནོར་འཁྲུལ་གྱུར་བ་བཤགས། །བཀའ་ཡི་གཉེར་འཛིན་དམ་ཅན་རྒྱ་མཚོ་ལ། །ཐུགས་དམ་མ་བསྐངས་ལས་སྦྱོར་ལོག་པ་བཤགས། །མི་ཤེས་རྨོངས་དང་མ་རིག་ལས་ཉོན་གྱིས། །རྩ་བ་ཡན་ལག་དམ་ཚིག་ཉམས་ཆག་ཀུན། །འགྱོད་པས་མཐོལ་བཤགས་བྱང་ཞིང་དག་ནས་ཀྱང༌། །དངོས་གྲུབ་རྒྱ་མཚོའི་དཔལ་གྱིས་འབྱོར་བ་མཛོད། །ཡིག་བརྒྱ་ཟླ། བསྟོད་པ་རྒྱས་པར་སྤྲོ་ན་ལས་གཞུང་གི་བསྟོད་པ། ཧཱུྃ་ཧྲཱིཿ མ་བཅོས་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །དུས་གསུམ་བདེ་གཤེགས་ཐམས་ཅད་འབྱུང་བའི་གནས། །སྐུ་དང་ཡེ་ཤེས་ཕྲིན་ལས་རྒྱ་མཚོའི་བདག །པདྨ་ཚེ་མཐའ་ཡས་ལ་ཕྱག་འཚལ་བསྟོད། །ཁ་སྦྱོར་ཡན་ལག་བདུན་ལྡན་བདེ་ཆེན་དཔལ༔ ཕུང་པོ་གནས་གྱུར་ཉོན་མོངས་རང་སར་གྲོལ༔ མི་ཟད་བཀོད་པ་རྒྱན་གྱི་འཁོར་ལོར་ཤར༔ ཆེ་མཆོག་འབར་ཁྲོ་ཡོངས་རྫོགས་སྐུ་ལ་བསྟོད༔ མི་མཇེད་འཇིག་རྟེན་བྱེ་བ་ཕྲག་བརྒྱ་རུ༔ པད་སྡོང་ལས་འཁྲུངས་རྒྱལ་སྲས་རིག་པ་འཛིན༔ གང་འདུལ་སྒྱུ་འཕྲུལ་དྲྭ་བའི་གར་མཛད་པ༔ ཕྱོགས་དུས་རྒྱལ་ཀུན་འདུས་ཞལ་ཕྱག་འཚལ་བསྟོད༔ གནས་ཡུལ་དུར་ཁྲོད་རབ་འཇིགས་ཞིང་ཁམས་ནས༔ བདེ་སྟོང་རོལ་པའི་རིགས་ཀྱི་ཕྱག་རྒྱར་འཆང༔ འབུམ་ཕྲག་རྩ་གསུམ་མཁའ་འགྲོའི་སྤྲིན་ཕུང་འཕྲོ༔ ཌཱ་ཀི་བདུད་འདུལ་སེང་ཧ་མུ་ཁར་བསྟོད༔ གཞན་ཡང་བདག་སྐྱོབ་ལྷ་དང་རིག་པ་འཛིན༔ རྩ་གསུམ་ཆོས་སྲུང་རྒྱ་མཚོའི་སྐུར་སྟོན་པ༔ ཡེ་ཤེས་དམ་ཚིག་ཐུགས་རྗེ་མངོན་བཞུགས་པའི༔ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ ལས་སྦྱོར་འཕོ་བའི་དམིགས་པ་སྦྱར་ན། རང་ཉིད་པད་འབྱུང་སྐུ་ཡི་དབུས༔ འོད་ཀྱི་ཨ་བ་དྷུ་ཏིའི་ཀློང༔ རླུང་སེམས་དྭངས་མའི་ཡི་གེ་ཧྲཱིཿ རླུང་ཉིད་ཐིག་ལེའི་བཏེགས་པ་ལས༔ སྤྱི་བོ་ཚངས་པའི་གནས་བརྒྱུད་དེ༔ རིགས་ཀྱི་བདག་པོ་འོད་དཔག་མེད༔ ཡེ་ཤེས་ཐིག་ལེར་འདྲེས་པར་བསམ༔ དམིགས་པ་རྩེ་གཅིག་ཏུ་གཏད་དེ། འཿཨཿཤཿསཿམཿཧཿ ཛྙཱ་ན་པྲ་བེ་ཤ་ཡ་ཕཊ྄༔ ལན་ཇི་ལྟར་རིགས་པ་སྦྱར། མཐར་ཚེ་སྙིང་ཅུང་ཟད་བཟླས་པས་རུང་ངམ་སྙམ། བཤགས་པ་མདོར་བསྡུས་ནི། རྩ་གསུམ་སྲུང་མ་གསན་ཅིང་དགོངས་སུ་གསོལ། །མ་རིག་བདག་ཅག་ལུས་དང་ངག་སེམས་ཀྱིས། །བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ། །རྩ་གསུམ་སྲུང་མའི་ཐུགས་དང་ཅི་འགལ་བ། །སྙིང་ནས་འགྱོད་པ་དྲག་པོས་མཐོལ་ལོ་བཤགས། །སྒྲིབ་མེད་ཚངས་པ་མཆོག་གི་དངོས་གྲུབ་སྩོལ། །འཕོ་རྫས་སྒྲུབ་པའི་དམིགས་བཟླས་ནི། སྟོང་པའི་ངང་ལས་རྫས་ཀྱི་སྟེང༌། །མཁའ་སྤྱོད་རྡོ་རྗེ་རྣལ་འབྱོར་མ། །དམར་གསལ་གྲི་ཐོད་འཛིན་པ་ཡི། །སྐུ་ལ་རུས་རྒྱན་མགོ་ཕྲེང་ཅན། །མཆན་དུ་ཁ་ཊྭཱཾ་འཆང་བའི་ཞབས། །བརྐྱང་བསྐུམ་རླུང་དཀྱིལ་སྟེང་དུ་བཞེངས། །ཐུགས་ཀའི་ཧྲཱི་ལས་འོད་དམར་ནི། །ལྕགས་ཀྱུའི་དབྱིབས་ཅན་དཔག་མེད་འཕྲོས། །ཕྱོགས་དུས་རྒྱལ་བ་རབ་འབྱམས་དང༔ རྩ་གསུམ་རྒྱ་མཚོའི་བྱིན་རླབས་ཀུན༔ མཁའ་སྤྱོད་ཌཱ་ཀིའི་རྣམ་པ་ཡིས༔ ཆར་ལྟར་བབ་པ་རྫས་ལ་ཐིམ༔ བདེ་ཆེན་མཆོག་གི་བདུད་རྩིའི་རྒྱུན། །རྫས་ལ་རེག་པས་བདེ་ཆེན་ཞིང༔ དབང་མེད་འདྲེན་པའི་ནུས་ལྡན་བསམ༔ འཿཨཿཤཿསཿམཿཧཿ ཛྙཱ་ན་པྲ་བེ་ཤ་ཡ་ཕཊ྄༔ ཞེས་ཇི་ཙམ་ནུས་པ་བསྐུལ། མཐར། ལྷ་འོད་དུ་ཞུ་ནས་རྫས་ལ་ཐིམ་པས་རེག་གྲོལ་ཐམས་ཅད་འགྲུབ་པའི་དཔལ་དུ་གྱུར། ཧཱུྃ་ཧཱུྃ་ནི་རིག་སྟོང་གཉིས་སུ་མེད་པའི་ཡེ་ཤེས་གཞི་ལམ་འབྲས་བུ་དབྱེར་མེད་ཉིད་རྩ་གསུམ་ཀུན་འདུས་གུ་རུ་རིན་པོ་ཆེའི་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཏུ་བཞེངས་པ་ཉིད་བདག་གི་ལུས་ངག་ཡིད་གསུམ་བླ་མའི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་དངོས་སུ་རིག་པས་ང་ནི་འཆི་མེད་པདྨ་འབྱུང་ཞེས་པ་སྟེ། །དེ་ནི་ཡེ་ཤེས་གཅིག་གི་ཆོ་འཕྲུལ་ལས་བརྒྱུད་གསུམ་རིག་འཛིན་བླ་མ་ཐམས་ཅད་ཐ་དད་དུ་མེད་པས། བླ་མ་རྒྱ་མཚོ་འདུས་པའི་སྐུ་བླ་མ་དེའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ཆོ་འཕྲུལ་ལས་རྒྱུད་སྡེ་དྲུག་གི་ཡི་དམ་རྒྱ་མཚོའི་དཀྱིལ་འཁོར་རབ་འབྱམས་སྤྲོ་ཞིང་བསྡུ་བའི་གསུང་སྟེ། སངས་རྒྱས་ཀྱི་འབྲས་བུའི་ཡོན་ཏན་མཐར་ཐུག་རྟོགས་པ་ཆོས་སྐུ་ཡིན་ཅིང༌། ཆོས་སྐུའི་ངང་དུ་ཡི་དམ་ཐམས་ཅད་དགོངས་པ་ཐ་དད་དུ་མེད་པར་གུ་རུའི་གསུང་ལ་རྫོགས། ཆོས་སྐུའི་ངང་དུ་བདེ་སྟོང་འཕོ་འགྱུར་མེད་པའི་ཐུགས་ནི་ཡེ་ཤེས་མཁའ་འགྲོ་རྒྱ་མཚོའི་སྲོག་སྙིང་དུ་གྱུར་པ་སྟེ། སྣང་ཚུལ་དུ་བྱིན་རླབས་དངོས་གྲུབ་ཕྲིན་ལས་ཀྱི་རྩ་གསུམ་རྒྱལ་བ་རབ་འབྱམས་སུ་བརྡལ་ཡང༌། གནས་ཚུལ་དུ་བྱས་ན་གཞི་ལམ་འབྲས་བུ་དབྱེར་མེད་ཆོས་དབྱིངས་ཐིག་ལེ་ཉག་ཅིག་ཐམས་ཅད་ཀློང་ན་སངས་རྒྱས་ཀྱི་ཡོན་ཏན་སྐུ་དང་ཡེ་ཤེས་ཐམས་ཅད་ལྷུན་གྱིས་རྫོགས་པའི་དེ་ཉིད་མངོན་དུ་གྱུར་པའི་མ་ཧཱ་གུ་རུ་ནི་རིག་པ་ལ་རང་དབང་ཐོབ་པས་འཁོར་འདས་ཀུན་གྱི་ཁྱབ་བདག་བདེ་བ་ཆེན་པོ་ཡེ་ཤེས་རིག་པའི་དགོངས་པས་ཅི་འདོད་དུ་དབང་བསྒྱུར་བའི་བདག་པོ་རང་རིག་མ་བཅོས་ཐིག་ལེ་ཉག་ཅིག་གི་ཀློང་དུ་གདོད་ནས་རྫོགས་པའོ། །ཨོཾ་ཨཱཿཧཱུྃ་སྐུ་གསུང་ཐུགས། བཛྲ་རྡོ་རྗེ། ཛྙཱ་ན་ཡེ་ཤེས་ཀྱི་པདྨོ་ཀོ྅ཧཾ། བདག་ཉིད་ངའོ་ཞེས་ང་རྒྱལ་གཟུང་བ་ནི་བསྐྱེད་རྫོགས་ཐམས་ཅད་ཀྱི་སྙིང་པོ་དགོངས་པ་རྒྱས་འདེབས་པའོ། །ཞེས་པ་འདིའང་ཟབ་དོན་སྙིང་པོའི་རྣལ་འབྱོར་པ་དབྱིངས་རིག་བྱང་ཆུབ་དབང་པོས་རྟེན་བཅས་བསྐུལ་བ་བཞིན་སྙོམས་ལས་པ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་ཐུབ་བསྟན་ཆོས་གླིང་ནས་བྲིས་པ་དོན་དང་ལྡན་པར་གྱུར་ཅིག །སརྦ་མངྒ་ལཾ། དགེའོ།། །།

Footnotes

Other Information