བླ་མའི་རྣལ་འབྱོར་ཡེ་ཤེས་རང་ཤར།

From Khyentse Lineage - A Tsadra Foundation Project
Revision as of 09:00, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)

DKR-KABUM-02-KHA-029
Wylie title bla ma'i rnal 'byor ye shes rang shar DKR-KABUM-02-KHA-029.pdf
Location dil mgo mkhyen brtse bka' 'bum
Volume 2, Text 29, Pages 142-144 (Folios 1a1 to 3a6)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. Bla ma'i rnal 'byor ye shes rang shar. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 2: 142-144. Delhi: Shechen Publications, 1994.
Genre Guru Yoga Texts - bla ma'i rnal 'byor
Colophon

།ཞེས་པའང་ཐེག་མཆོག་སྙིང་པོའི་རྣལ་འབྱོར་པ་ཀློང་ཆེན་ཡེ་ཤེས་རྡོ་རྗེའི་གསུང་གིས་བསྐུལ་ཏེ་ལམ་འདིར་མི་ཕྱེད་པའི་དད་མོས་ཅན་སྔགས་བཙུན་རང་བྱུང་འོད་གསལ་ཐུགས་མཆོག་རྡོ་རྗེའམ། མཁྱེན་བརྩེའི་འོད་ཟེར་དུ་འབོད་པས་མཆོད་རྟེན་ཆེན་པོ་བྱ་རུང་ཁ་ཤོར་གྱི་མདུན་གནས་འབྲེལ་ལ་ལྷགས་པའི་སྐབས་སྤྲེལ་ལོ་ཟླ་དང་པོའི་ཚེས་ཅིག་ཉིན་བྲིས་པ་དོན་དང་ལྡན་པར་གྱུར་ཅིག དགེའོ།།

/zhes pa'ang theg mchog snying po'i rnal 'byor pa klong chen ye shes rdo rje'i gsung gis bskul te lam 'dir mi phyed pa'i dad mos can sngags btsun rang byung 'od gsal thugs mchog rdo rje'am/__mkhyen brtse'i 'od zer du 'bod pas mchod rten chen po bya rung kha shor gyi mdun gnas 'brel la lhags pa'i skabs sprel lo zla dang po'i tshes cig nyin bris pa don dang ldan par gyur cig___dge'o//

[edit]
༄༅། །བླ་མའི་རྣལ་འབྱོར་ཡེ་ཤེས་རང་ཤར་བཞུགས། ན་མོ་གུ་རུ། ཀློང་དྲུག་རྡོ་རྗེའི་སྔགས་དང་འབྲེལ་བའི་བླ་མའི་རྣལ་འབྱོར་བྱ་བར་འདོད་པས། ཟང་ཐལ་རང་གཞུང་གི་སྐྱབས་སེམས་སྔོན་དུ་འགྲོ་བས། སྣོད་བཅུད་རྣམ་དག་རང་སྣང་འོག་མིན་ཞིང༌། །རང་ལུས་སྣང་ལ་དེར་འཛིན་མེད་པ་ཡི། །སྤྱི་བོར་སངས་རྒྱས་ཀུན་དངོས་བླ་མ་དང༌། །དབྱེར་མེད་རིགས་ཀུན་ཁྱབ་བདག་ཀུན་ཏུ་བཟང༌། །མཐིང་མདོག་གཅེར་བུ་རྒྱན་མེད་ཚུལ་དུ་བཞུགས། །སྣང་སྟོང་འཇའ་ཟེར་ཐིག་ལེ་འཁྲུགས་པའི་ཀློང༌། །རྡོ་རྗེའི་སྐྱིལ་ཀྲུང་མཉམ་བཞག་ཕྱག་རྒྱ་ཅན། །རང་འོད་བཟང་མོ་དཀར་གསལ་མཉམ་པར་སྦྱོར། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་དབྱིངས། །བདེ་གཤེགས་རིགས་ལྔ་བསམ་ཡས་དཀྱིལ་འཁོར་རྫོགས། །འཁོར་དུ་བརྒྱུད་གསུམ་བླ་མ་སྤྲིན་ལྟར་གཏིབས། །ཡེ་ཤེས་རང་སྣང་ཁྱབ་བརྡལ་ཆོས་ཉིད་ཀློང༌། །སྐྱབས་གནས་རྒྱ་མཚོ་སྤྲོ་བསྡུའི་ཚུལ་དུ་བཞུགས། །དྲན་པ་ཙམ་གྱིས་བྱིན་རླབས་དངོས་གྲུབ་ཚོགས། །འབད་མེད་སྩོལ་པའི་བདག་ཉིད་ཆེན་པོར་གསལ། །ཞེས་གསལ་བཏབ་སྟེ་བླ་མ་བརྒྱུད་པའི་གསོལ་འདེབས་ནི། ཨོཾ་ཨཱཿཧཱུྃ། རྒྱལ་བ་དགོངས་པའི་བརྒྱུད་པ་ལ་གསོལ་བ་འདེབས༔ རིག་འཛིན་རིག་པའི་བརྒྱུད་པ་ལ་གསོལ་བ་འདེབས༔ གང་ཟག་སྙན་ཁུང་བརྒྱུད་པ་ལ་གསོལ་བ་འདེབས༔ རྫོགས་ཆེན་བརྒྱུད་པའི་བླ་མ་ལ་གསོལ་བ་འདེབས༔ སྐྱེ་མེད་ཀ་དག་ཆེན་པོའི་ཞིང་ཁམས་སུ༔ ཆོས་སྐུ་ཀུན་བཟང་ཡབ་ཡུམ་ལ་གསོལ་བ་འདེབས༔ རྣམ་དག་འོད་ལྔ་གསལ་བའི་ཕོ་བྲང་དུ༔ ལོངས་སྐུ་ཞི་ཁྲོ་རབ་འབྱམས་ལ་གསོལ་བ་འདེབས༔ ཆོས་དབྱིངས་ཀློང་ཡངས་ཆེན་པོའི་ཞིང་ཁམས་སུ༔ དྲུག་པ་རྡོ་རྗེ་འཆང་ཆེན་ལ་གསོལ་བ་འདེབས༔ སུམ་ཅུ་རྩ་གསུམ་ལྷ་ཡི་ཕོ་བྲང་དུ༔ སྟོན་པ་རྡོ་རྗེ་སེམས་དཔའ་ལ་གསོལ་བ་འདེབས༔ དྷཱ་ན་ཀོ་ཥ་ཀླུ་ཡི་ཕོ་བྲང་ནས༔ སྤྲུལ་སྐུ་དགའ་རབ་རྡོ་རྗེ་ལ་གསོལ་བ་འདེབས༔ སིང་གྷ་ལ་ཡི་ནགས་ཚལ་ཆེན་པོ་རུ༔ སློབ་དཔོན་འཇམ་དཔལ་བཤེས་གཉེན་ལ་གསོལ་བ་འདེབས༔ རིག་འཛིན་གྲུབ་པའི་ཀེའུ་ཚང་འོག་མ་རུ༔ མཁས་པ་ཤྲཱི་སེངྷ་ལ་གསོལ་བ་འདེབས༔ ཨོ་རྒྱན་མཁའ་འགྲོ་འདུ་བའི་གནས་མཆོག་ཏུ༔ རིག་འཛིན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ རྒྱ་གར་འཕགས་ཡུལ་སྤྲུལ་སྐུའི་འབྱུང་གནས་སུ༔ པཎ་ཆེན་བི་མ་མི་ཏྲ་ལ་གསོལ་བ་འདེབས༔ ཐུགས་རྗེས་གདུལ་བྱ་བོད་ཀྱི་ཞིང་ཁམས་སུ༔ སྒྲ་བསྒྱུར་བཻ་རོ་ཙཱ་ན་ལ་གསོལ་བ་འདེབས༔ བསམ་ཡས་དབུ་རྩེ་རིགས་གསུམ་ཕོ་བྲང་དུ༔ ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ལ་གསོལ་བ་འདེབས༔ བསམ་ཡས་མཆིམས་ཕུའི་བྲག་དམར་ཀེའུ་ཚང་དུ༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་གསོལ་བ་འདེབས༔ བྱང་ཕྱོགས་རི་བོ་བཀྲ་བཟང་ཤར་འདབས་སུ༔ གཏེར་སྟོན་རིག་འཛིན་ཆེན་པོ་ལ་གསོལ་བ་འདེབས༔ སྤྲོ་ན་ཁམས་དབུས་ཀྱི་སྲས་སློབ་བརྒྱུད་པ་རང་རང་གི་ལུགས་ལྟར་རམ། ཡང་ན། བརྒྱུད་པ་ཀུན་འདུས་ཀུན་བཟང་རྡོ་རྗེ་སེམས། །དབྱེར་མེད་དཔལ་ལྡན་བླ་མར་གསོལ་བ་འདེབས། ཞེས། གང་ལྟར་ཡང༌། གཏེར་མཛོད་བསེ་སྒྲོམ་སྨུག་པོའི་ཕོ་བྲང་དུ༔ གསང་སྔགས་སྙིང་པོའི་མཐར་ཐུག་ལ་གསོལ་བ་འདེབས༔ ཕུང་ཁམས་རྣམ་པར་དག་པའི་དཀྱིལ་འཁོར་ནས༔ ཡི་དམ་མཁའ་འགྲོའི་ལྷ་ཚོགས་ལ་གསོལ་བ་འདེབས༔ སྨུག་ནག་གྲུ་གསུམ་འབར་པའི་ཕོ་བྲང་དུ༔ བཀའ་སྲུང་ཨེ་ཀ་ཛཱ་ཊི་ལ་གསོལ་བ་འདེབས༔ སྐུ་གསུམ་བརྒྱུད་པའི་བླ་མ་དམ་པ་རྣམས༔ ཆོས་ཀྱི་དབྱིངས་ནས་བདག་ལ་བརྩེར་དགོངས་ལ༔ ཐུགས་རྒྱུད་རང་གྲོལ་མཆོག་གི་དངོས་གྲུབ་སྩོལ༔ རང་སྣང་ལོངས་སྤྱོད་རྫོགས་པའི་སྣང་བ་ལ༔ ཐུགས་རྗེའི་སྤྲུལ་པ་ཕྱོགས་བཅུར་འགྱེད་དུ་གསོལ༔ བདག་ལ་ཆོས་ཉིད་མངོན་སུམ་བསྟན་དུ་གསོལ༔ བླ་མ་འཇའ་དང་འོད་དུ་ཆི་ལི་ལི༔ རིག་འཛིན་སྐུ་དང་ཐིག་ལེར་ཤིགས་སེ་ཤིག༔ སྣང་བ་བཞི་ཡི་ཉམས་ལེན་རྫོགས་པ་དང་༔ ཀ་དག་ཀུན་བཟང་ཀློང་དུ་སྨིན་གྲོལ་ཤོག༔ དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་མཆོད་པ་འབུལ༔ སྨིན་གྲོལ་དབང་དང་དངོས་གྲུབ་བསྩལ་དུ་གསོལ༔ རང་བྱུང་རྫོགས་པ་ཆེན་པོར་ལྷུན་གྲུབ་ཤོག༔ བླ་མ་སྐུ་ཁམས་བཟང་ལ་སོགས་བརྗོད་དོ། གསོལ་འདེབས་གྲངས་བསག་ན་འདིར་བྱ། བླ་མའི་ཐུགས་ནི་རྡོ་རྗེའི་ཡེ་ཤེས་དྲུག །ཆོས་ཉིད་རང་སྒྲ་ཀློང་དྲུག་སྔགས་ཀྱི་ཚུལ། མཐོང་ཐོས་དྲན་རེག་གྲོལ་བ་དྲུག་ལྡན་པའི། །རྡོ་རྗེའི་གསང་བ་ཆེན་པོས་ཀུན་ལ་ཁྱབ། །སྣང་སྲིད་མ་ལུས་རྒྱལ་བའི་དཀྱིལ་འཁོར་ཏེ། །ཡེ་ཤེས་ཆེན་པོའི་ཐིག་ལེ་གཅིག་ཏུ་བརྡལ། །འགག་མེད་སྔགས་ཀྱི་བཟླས་པ་རང་ཤར་རོ། །ཞེས་བླ་མ་ཀུན་ཏུ་བཟང་པོའི་ཡེ་ཤེས་ཀྱི་སྣང་བས་སྲིད་ཞི་ཀུན་ལ་གདོད་ནས་ཁྱབ་པའི་དོན་རང་གི་རིག་སྟོང་ཡེ་ཤེས་ཆེན་པོ་དང་ཐ་མི་དད་པའི་ངང་དུ་མཉམ་པར་བཞག་སྟེ། འཿཨཿཤཿསཿམཿཧཿ ཞེས་ཅི་ནུས་བཟླ། མཐར། སྣང་སྟོང་མཁའ་ཁྱབ་ཡེ་ཤེས་རྡོ་རྗེའི་སྐུ། །གསལ་དག་ཀུན་ཁྱབ་རང་བྱུང་རྡོ་རྗེའི་སྔགས། །འོད་གསལ་འགྲོ་འོང་བྲལ་བའི་ཟང་ཐལ་ཐུགས། །ཀུན་བཟང་ཡེ་ཤེས་ཀློང་དུ་གདོད་ནས་དག །མོས་གུས་ཤུགས་ཀྱིས་གནས་གསུམ་འོད་ཟེར་གྱིས། །དབང་བཞི་བསྐུར་ཞིང་སྒྲིབ་བཞི་དབྱིངས་སུ་སྦྱངས། །ལམ་བཞི་སྒོམ་པ་ལ་དབང་སྣང་བ་བཞིའི། །ཡེ་ཤེས་མཐར་ཕྱིན་སྐུ་བཞིའི་ཀློང་ཆེན་པོར། །མངོན་པར་བྱང་ཆུབ་གདོད་ནས་གཉིས་མེད་པའི། །སྣང་བ་མ་འགག་ཡེ་ཤེས་རོལ་པའི་རྒྱན། །སྲིད་པ་རང་གྲོལ་དག་པ་ཆེན་པོའི་ཀློང༌། ཀ་དག་རང་བྱུང་བླ་མ་ཀུན་བཟང་ནི། །ཡེ་ཤེས་ཐིག་ལེ་གཅིག་ཏུ་ལྷུན་གྱིས་གྲུབ། །ཅེས་བརྗོད་ལ་ཐུགས་ཡིད་བསྲེས་ཏེ་མཉམ་པར་བཞག །དེ་ལས་ལྡང་བ་ན་སྣང་གྲགས་རིག་པ་རྡོ་རྗེ་གསུམ་གྱི་འཁོར་ལོར་མོས་ལ་བསྔོ་སྨོན་གྱིས་མཚམས་སྦྱོར་བྱའོ། །ཞེས་པའང་ཐེག་མཆོག་སྙིང་པོའི་རྣལ་འབྱོར་པ་ཀློང་ཆེན་ཡེ་ཤེས་རྡོ་རྗེའི་གསུང་གིས་བསྐུལ་ཏེ་ལམ་འདིར་མི་ཕྱེད་པའི་དད་མོས་ཅན་སྔགས་བཙུན་རང་བྱུང་འོད་གསལ་ཐུགས་མཆོག་རྡོ་རྗེའམ། མཁྱེན་བརྩེའི་འོད་ཟེར་དུ་འབོད་པས་མཆོད་རྟེན་ཆེན་པོ་བྱ་རུང་ཁ་ཤོར་གྱི་མདུན་གནས་འབྲེལ་ལ་ལྷགས་པའི་སྐབས་སྤྲེལ་ལོ་ཟླ་དང་པོའི་ཚེས་ཅིག་ཉིན་བྲིས་པ་དོན་དང་ལྡན་པར་གྱུར་ཅིག དགེའོ།། །།

Footnotes

Other Information