JKW-KABUM-02-KHA-002-045

From Khyentse Lineage - A Tsadra Foundation Project
Revision as of 09:25, 2 June 2022 by Mort (talk | contribs)

JKW-KABUM-02-KHA-002-045

རྗེ་བཙུན་བརྟན་པའི་འཁོར་ལོ་དང་བླ་མ་དམ་པ་དབྱེར་མེད་ལ་གསོལ་འདེབས་དད་གསུམ་སར་སྒྲོག་མྱོས་པའི་གྲེ་འགྱུར།
Wylie title rje btsun brtan pa'i 'khor lo dang bla ma dam pa dbyer med la gsol 'debs dad gsum sar sgrog myos pa'i gre 'gyur JKW-KABUM-02-KHA-002.pdf
Location mkhyen brtse'i bka' 'bum
Volume 2, sde tshan 2, Text 45, Pages 350-353 (Folios 34b5 to 36a4)
Author ངག་དབང་ལེགས་གྲུབ་
Less details More details
Associated People འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ('jam dbyangs mkhyen brtse'i dbang po)
Citation ngag dbang legs grub. rje btsun brtan pa'i 'khor lo dang bla ma dam pa dbyer med la gsol 'debs dad gsum sar sgrog myos pa'i gre 'gyur. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 2: 350-353. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Supplications - gsol 'debs
Colophon

།ཞེས་པ་འདིའང་ཚུལ་ཁྲིམས་རྒྱ་མཚོ་སོགས་ཀྱི་འདོན་བྱར་ངག་དབང་ལེགས་གྲུབ་ཀྱིས་བྲིས་པའོ།།

zhes pa 'di'ang tshul khrims rgya mtsho sogs kyi 'don byar ngag dbang legs grub kyis bris pa'o

1 Texts in this Section (sde tshan or chos tshan)

[edit]
རྗེ་བཙུན་བརྟན་པའི་འཁོར་ལོ་དང་བླ་མ་དམ་པ་དབྱེར་མེད་དུ་ཤེས་པའི་སྒོ་ནས་གསོལ་བ་འདེབས་པ་དད་གསུམ་སར་སྒྲོག་མྱོས་པའི་གྲེ་འགྱུར་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་སྠཱི་ར་ཙཀྲཱ་ཡ། སྐྱབས་གསུམ་ཐུགས་རྗེའི་གདུགས་དཀར་འཁོར་བའི་ཁོང་། །བདག་སོགས་འགྲོ་ཀུན་གཏན་གྱི་གནས་འཆའ་ཞིང་། །བདེ་དང་ཕན་པའི་ཟིལ་མངར་མཆོག་ཐོབ་ཕྱིར། །བྱང་ཆུབ་སྤྱོད་པའི་ཆུ་གཏེར་བསྒྲུབ་པར་བགྱི། །ཀུན་གསལ་དཀྱིལ་འཁོར་ཡངས་པར་དད་གསུམ་གྱི། །རང་གཟུགས་སེང་ཁྲི་པད་ཟླ་བརྩེགས་པའི་སྟེང་། །བཀའ་དྲིན་མཉམ་མེད་ཀུན་མཁྱེན་ཆོས་ཀྱི་རྗེ། །རྣམ་པ་རྗེ་བཙུན་བརྟན་པའི་འཁོར་ལོའི་སྐུ། །མཚན་བཟང་དཀྱིལ་འཁོར་ལྷམ་མེ་ལྷན་ནེ་བ། །ལྷང་ངེར་སྣང་བའི་གནས་གསུམ་ཨོཾ་ཨཱཿཧཱུྃ། །འཁོར་ལོ་སྔགས་དང་བཅས་ལས་འོད་འཕྲོས་པས། །མཆོད་འོས་མ་ལུས་སྤྱན་དྲངས་དབྱེར་མེད་གྱུར། །རྒྱལ་ཀུན་ཡེ་ཤེས་སྤྱི་གཟུགས་འཇ༷མ་པའི་དབྱང༷ས། །མཁྱེ༷ན་བརྩེ༷འི་ཆ་ཤས་རབ་རྫོགས་མཁས་པའི་དབ༷ང་། །བློ་གསལ་རྒྱུ་སྐར་ཕྲེང་པའི་བདག་པོ་རུ། །རྣམ་པར་ཟློས་པའི་ཞབས་ལ་གུས་ཕྱག་འཚལ། །རང་ལུས་ལོངས་སྤྱོད་དུས་གསུམ་ལེགས་བསགས་བཅས། །ཀུན་བཟང་མཆོད་པའི་སྤྲིན་དུ་བསམ་གྱིན་སྟོབ། །བཅས་རང་ཁ་ན་མ་ཐོའི་རྙོག་མ་ཀུན། །སྟོབས་བཞིའི་ཀེ་ཏ་ཀ་ཡིས་འབད་དེ་བགྲུང་། །འཕགས་བཞི་སོ་སྐྱེའི་བསོད་ནམས་པདྨོའི་ཚལ། །རྗེས་སུ་ཡི་རང་ཉི་གཞོན་འོད་ཀྱིས་འབྱེད། །མ་རྣམས་དཀྲི་པའི་གཡར་དམ་ཆེས་བརླིང་བས། །བསྐུལ་མི་འཚལ་ཡང་ཚངས་པའི་རྗེས་སུ་བཟླས། །ཞི་དབྱིངས་བསྔགས་པ་སྲིད་ན་སྙན་མོད་ཀྱང་། །བརྟན་པར་བཞུགས་གསོལ་རྩུབ་མོའང་འགོག་མི་རུང་། །ཟབ་དང་རྒྱ་ཆེའི་ཚོགས་བསགས་ལྕགས་ཀྱི་ཁམས། །ཡོངས་བསྔོའི་རྩི་ཡིས་ས་ཟླའི་ཕུང་པོར་བསྒྱུར། །བདག་གཞན་དགེ་དང་འབྱོར་པ་རྒྱུར་བྱས་པའི། །རི་གླིང་ཆུ་གཏེར་བཅས་པའི་འཇིག་རྟེན་ཁམས། །ལྷ་མིའི་འབྱོར་པས་བཀང་བའི་མཎྜལ་དབུལ། །བདག་གིར་མཛད་དེ་བྱིན་གྱིས་བརླབ་ཏུ་གསོལ། །མགོན་དེས་གནས་གསུམ་ཡི་གེ་ལས་འཕྲོས་པའི། །འོད་ཟེར་འབྲུ་གསུམ་ཕྲེང་བ་རང་སྒྲར་བཅས། །རང་གི་གནས་གསུམ་ལ་ཐིམ་སྒྲིབ་ཀུན་དག །དབང་དང་དངོས་གྲུབ་གཅིག་ཅར་ཐོབ་པར་གྱུར། །སྐུ་འཇམ་འགྲོ་བློའི་དཔལ་གྱུར་གཞོན་ནུའི་ཚུལ། །གསུང་འཇམ་རྣ་བའི་བདུད་རྩི་ཚངས་པའི་དབྱངས། །ཐུགས་འཇམ་འདྲེན་པའི་ཡེ་ཤེས་རྡོ་རྗེ་དངོས། །ཕྲིན་ལས་རྒྱུན་ཆགས་བརྟན་པའི་འཁོར་ལོས་སྐྱོངས། །མདོ་རྒྱུད་རྒྱ་མཚོ་མཐའ་དྲུག་ཚུལ་བཞི་ཡིས། །འཆད་པའི་སྤོབས་པ་ཐོགས་མེད་དེང་འདིར་སྩོལ། །རིག་གཞུང་རྒྱ་མཚོ་ཆེ་ལ་གནས་བཅས་ཏེ། །ཕས་རྒོལ་འཇོམས་པའི་བློ་གྲོས་དེང༴ བློ་གསལ་རྒྱ་མཚོའི་ཡིད་དབང་འཕྲོག་ནུས་པའི། །སྡེབ་ལེགས་རྩོམ་པའི་རྣམ་དཔྱོད་དེང་༴ འགྲོ་བ་རྒྱ་མཚོའི་གཟུང་འཛིན་རྟོག་པའི་མུན། །སེལ་བྱེད་ཡེ་ཤེས་སྣང་བ་དེང་༴ རྒྱལ་བ་རྒྱ་མཚོ་དགྱེས་པར་བསྐྱེད་ནུས་པའི། །གཞན་ཕན་ལྷག་བསམ་འོད་དཀར་དེང་༴ རྒྱལ་སྲས་རྒྱ་མཚོའི་རྣམ་ཐར་ལ་འཁུ་བའི། །རླབས་ཆེན་བྱང་ཆུབ་སྤྱོད་པ་དེང་༴ གྲུབ་རིགས་རྒྱ་མཚོས་བསྔགས་ཤིང་ཉེར་བསྟེན་པའི། །རིམ་གཉིས་ཏིང་འཛིན་བདུད་རྩི་དེང་འདིར་སྩོལ། །ལུས་ཅན་རྒྱ་མཚོའི་རྟེན་དང་དཔལ་འོས་པའི། །ས་དང་ལམ་གྱི་ཡོན་ཏན་རིམ་གྱིས་སྩོལ། །སྐུ་དང་ཡེ་ཤེས་རྒྱ་མཚོ་ལྷུན་གྲུབ་པའི། །རྡོ་རྗེ་འཛིན་སར་བགྲོད་པར་བྱིན་གྱིས་རློབས། །གཞན་ཡང་ཇི་ལྟར་ཤེས་ཤིང་ལྕོགས་པའི་གསོལ་འདེབས་དང་། །ཐུན་མཚམས་སུ་ཞབས་ཏོག་ལ་བརྩོན་པ་ཙམ་གྱིས་དོན་ཆེན་པོ་འགྲུབ་པ་ཐེག་ཆེན་སྤྱི་སྦས་ཀྱི་དགོངས་པ་གཞན་དང་མ་འདྲེས་པའོ། །ཚུལ་འདིས་ནི་ཡན་ལག་དང་པོའི་ཕྱག་འཚལ་བའི་ཚིགས་བཅད་བསྒྱུར་བ་ཙམ་གྱིས་རང་གི་བླ་མ་གཞན་ལ་གསོལ་བ་འདེབས་པའི་ཚུལ་ཡང་འཐུས་སོ། །ཞེས་པ་འདིའང་ཚུལ་ཁྲིམས་རྒྱ་མཚོ་སོགས་ཀྱི་འདོན་བྱར་ངག་དབང་ལེགས་གྲུབ་ཀྱིས་བྲིས་པའོ།། །། ༈
[edit]

rje btsun brtan pa'i 'khor lo dang bla ma dam pa dbyer med la gsol 'debs dad gsum sar sgrog myos pa'i gre 'gyur/__ rje btsun brtan pa'i 'khor lo dang bla ma dam pa dbyer med du shes pa'i sgo nas gsol ba 'debs pa dad gsum sar sgrog myos pa'i gre 'gyur zhes bya ba bzhugs so/_/na mo gu ru s+thI ra tsakrA ya/_skyabs gsum thugs rje'i gdugs dkar 'khor ba'i khong /_/bdag sogs 'gro kun gtan gyi gnas 'cha' zhing /_/bde dang phan pa'i zil mngar mchog thob phyir/_/byang chub spyod pa'i chu gter bsgrub par bgyi/_/kun gsal dkyil 'khor yangs par dad gsum gyi/__/rang gzugs seng khri pad zla brtsegs pa'i steng /_/bka' drin mnyam med kun mkhyen chos kyi rje/_/rnam pa rje btsun brtan pa'i 'khor lo'i sku/_/mtshan bzang dkyil 'khor lham me lhan ne ba/_/lhang nger snang ba'i gnas gsum oM AHhU~M/_/'khor lo sngags dang bcas las 'od 'phros pas/_/mchod 'os ma lus spyan drangs dbyer med gyur/_/rgyal kun ye shes spyi gzugs 'jaXm pa'i dbyangaXs/_/mkhyeXn brtseX'i cha shas rab rdzogs mkhas pa'i dbaXng /_/blo gsal rgyu skar phreng pa'i bdag po ru/_/rnam par zlos pa'i zhabs la gus phyag 'tshal/_/rang lus longs spyod dus gsum legs bsags bcas/_/kun bzang mchod pa'i sprin du bsam gyin stob/_/bcas rang kha na ma tho'i rnyog ma kun/_/stobs bzhi'i ke ta ka yis 'bad de bgrung /_/'phags bzhi so skye'i bsod nams pad+mo'i tshal/_/rjes su yi rang nyi gzhon 'od kyis 'byed/_/ma rnams dkri pa'i g.yar dam ches brling bas/_/bskul mi 'tshal yang tshangs pa'i rjes su bzlas/_/zhi dbyings bsngags pa srid na snyan mod kyang /_/brtan par bzhugs gsol rtsub mo'ang 'gog mi rung /_/zab dang rgya che'i tshogs bsags lcags kyi khams/_/yongs bsngo'i rtsi yis sa zla'i phung por bsgyur/_/bdag gzhan dge dang 'byor pa rgyur byas pa'i/_/ri gling chu gter bcas pa'i 'jig rten khams/_/lha mi'i 'byor pas bkang ba'i maN+Dal dbul/_/bdag gir mdzad de byin gyis brlab tu gsol/_/mgon des gnas gsum yi ge las 'phros pa'i/_/'od zer 'bru gsum phreng ba rang sgrar bcas/_/rang gi gnas gsum la thim sgrib kun dag__/dbang dang dngos grub gcig car thob par gyur/_/sku 'jam 'gro blo'i dpal gyur gzhon nu'i tshul/_/gsung 'jam rna ba'i bdud rtsi tshangs pa'i dbyangs/_/thugs 'jam 'dren pa'i ye shes rdo rje dngos/_/phrin las rgyun chags brtan pa'i 'khor los skyongs/_/mdo rgyud rgya mtsho mtha' drug tshul bzhi yis/_/'chad pa'i spobs pa thogs med deng 'dir stsol/_/rig gzhung rgya mtsho che la gnas bcas te/_/phas rgol 'joms pa'i blo gros deng=__blo gsal rgya mtsho'i yid dbang 'phrog nus pa'i/_/sdeb legs rtsom pa'i rnam dpyod deng =__'gro ba rgya mtsho'i gzung 'dzin rtog pa'i mun/_/sel byed ye shes snang ba deng =__rgyal ba rgya mtsho dgyes par bskyed nus pa'i/_/gzhan phan lhag bsam 'od dkar deng =__rgyal sras rgya mtsho'i rnam thar la 'khu ba'i/_/rlabs chen byang chub spyod pa deng =__grub rigs rgya mtshos bsngags shing nyer bsten pa'i/_/rim gnyis ting 'dzin bdud rtsi deng 'dir stsol/_/lus can rgya mtsho'i rten dang dpal 'os pa'i/_/sa dang lam gyi yon tan rim gyis stsol/_/sku dang ye shes rgya mtsho lhun grub pa'i/_/rdo rje 'dzin sar bgrod par byin gyis rlobs/_/gzhan yang ji ltar shes shing lcogs pa'i gsol 'debs dang /_/thun mtshams su zhabs tog la brtson pa tsam gyis don chen po 'grub pa theg chen spyi sbas kyi dgongs pa gzhan dang ma 'dres pa'o/_/tshul 'dis ni yan lag dang po'i phyag 'tshal ba'i tshigs bcad bsgyur ba tsam gyis rang gi bla ma gzhan la gsol ba 'debs pa'i tshul yang 'thus so/_/zhes pa 'di'ang tshul khrims rgya mtsho sogs kyi 'don byar ngag dbang legs grub kyis bris pa'o//___//_!_

Footnotes

Other Information