JKCL-KABUM-10-THA-032

From Khyentse Lineage - A Tsadra Foundation Project
Revision as of 12:23, 10 January 2022 by Mort (talk | contribs)

Wylie title JKCL-KABUM-10-THA-032.pdf
Location chos kyi blo gros bka' 'bum
Volume 10, Text 32, Pages (Folios 1a to )
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. '. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 10: . Bir, H.P.: Khyentse Labrang, 2012.
Genre Pilgrimage Guides - gnas yig  ·  Place or Sacred Site Guides - gnas bshad - skor tshad

1 Texts in this Section (sde tshan or chos tshan)

[edit]
དཔལ་ལྡན་སངས་རྒྱས་པདྨ་རྒྱལ༔ རིག་སྔགས་འཆང་བའི་འཁོར་ལོས་བསྒྱུར༔ ཀུན་མཁྱེན་སྔགས་བདག་ཆེན་པོ་ཡི༔ རང་སྣང་འཁོར་ལོས་བསྒྱུར་བ་ལས༔ སྣང་སྲིད་ཀུན་ཀྱང་ཐིག་ལེར་ཟླུམ༔ ཡེ་ཤེས་དྲྭ་བ་ཆེན་པོ་ལས༔ དུ་མར་སྣང་ཞིང་ཅིར་ཡང་འཆར༔ མ་དག་རྡུལ་ཙམ་མི་དམིགས་ཤིང་༔ དག་པ་རབ་འབྱམས་འབྱམས་ཀླས་པས༔ འོག་མིན་ཆེན་པོའི་བཀོད་པ་རྫོགས༔ དེ་ཡི་བྱེ་བྲག་འཛམ་གླིང་འདིར༔ བྱང་ཕྱོགས་ཤིང་གིས་མཚན་པ་ཡི༔ རྡོ་རྗེ་གདན་གྱི་ཕྱོགས་མཚམས་སུ༔ གནས་ཡུལ་བཀོད་པ་ཅིར་ཡང་སྟོན༔ ཡུལ་ཆེན་སོ་གཉིས་དུར་ཁྲོད་བརྒྱད༔ དཔའ་བོ་མཁའ་འགྲོ་འདུ་བའི་ཞིང་༔ ཇི་སྙེད་བརྗོད་པའི་མཐའ་ལས་འདས༔ དེ་ལ་བྱང་ཕྱོགས་ཁ་བའི་ལྗོངས༔ མངའ་རི་གཙང་དབུས་བོད་ཆེན་གྱི༔ ལྗོངས་འདིར་གནས་ཡུལ་བཀོད་པ་སྣང་༔ མདོ་སྨད་སྒང་དྲུག་ཡ་གྱལ་གྱི༔ གསེར་ལྡན་ཆུ་ཀླུང་བྱང་ཕྱོགས་ཀྱི༔ པདྨ་ཤེལ་གྱི་ཕུག་པའི་ཤར༔ ཁྱུང་ཆེན་དཔལ་གྱི་རྫོང་ཆེན་པོའི༔ བཀོད་པ་ས་འཛིན་ལྟེ་བ་རུ༔ ཡེ་ཤེས་སྤྲུལ་པའི་བྱ་ཁྱུང་གིས༔ བྱིན་རླབས་སྐུ་ཡི་དཀྱིལ་འཁོར་གྱི༔ ཐུགས་ཀར་ཡེ་ཤེས་གསང་བའི་ཕུག༔ ཀུན་བཟང་རྒྱལ་བ་ཞི་ཁྲོའི་གནས༔ བལྟར་ཡོད་བསྒྲོད་དུ་མེད་པ་དང་༔ དབུ་རྩེ་དགའ་རབ་རྡོ་རྗེའི་ཕུག༔ ལྟེ་བའི་གཡས་ཟུར་ཁྱུང་ཆེན་ཕུག༔ ཁྱུང་ཆེན་བཀའ་བརྒྱད་ཡོངས་རྫོགས་གནས༔ སྐུ་གསུང་ཐུགས་ཀྱི་གཏེར་མཆོག་དང་༔ ཡོན་ཏན་ཕྲིན་ལས་འཛད་མེད་གཏེར༔ ཁྱུང་ཆེན་རིགས་ལྔའི་དམ་རྫས་སོགས༔ ནད་གདོན་ཀུན་འཇོམས་གཏེར་ཆེན་བཞུགས༔ དེ་གཡས་གུ་རུའི་གསང་ཕུག་དང་༔ འོག་ཟུར་མཚོ་རྒྱལ་གསང་བའི་ཕུག༔ གཡོན་ཕྱོགས་གོང་དུ་མནྡཱ་རའི༔ རྡོ་རྗེ་ཚེ་ཡི་ཕུག་པ་དང་༔ འཆི་མེད་ཚེ་ཆུའི་རྒྱུན་བཟང་བཞུགས༔ བཏུང་དང་ཁྲུས་བྱས་སྡིག་སྒྲིབ་ཞི༔ ཚེ་བསོད་ཡེ་ཤེས་འཕེལ་བར་འགྱུར༔ གསང་གནས་བདེ་ཆེན་རྡོ་རྗེའི་ཕུག༔ ཆོས་འབྱུང་གྲུ་གསུམ་གཞལ་མེད་ཁང་༔ མཁའ་འགྲོ་ཆོས་སྐྱོང་འདུ་བའི་གནས༔ དེར་བསྒོམ་ཉམས་རྟོགས་དགའ་བཞི་རྒྱས༔ གསང་བ་རྡོ་རྗེ་བདུད་རྩིའི་རྒྱུན༔ དེ་ཡིས་ཁྲུས་བྱ་བཏུང་བྱེད་ན༔ ཤིན་ཏུ་སོས་དཀའི་ཀླུ་གདོན་རྣམས༔ འཇོམས་ཤིང་བདེ་སྐྱིད་ལྡན་པ་འགྱུར༔ གཤོག་གཡས་རིག་འཛིན་བི་མ་དང་༔ བཻ་རོ་ཏིང་འཛིན་བཟང་པོ་དང་༔ གཡོན་རྩེར་ཤྲཱི་སེང་ཆོས་རྒྱལ་སོགས༔ རིག་འཛིན་དུ་མས་བྱིན་བརླབས་པའི༔ སྒྲུབ་ཕུག་ཉམས་དགའ་ཡིད་དུ་འོང་༔ གཡོན་ལོགས་ཞི་ཁྲོའི་ཚོགས་ཁང་དུ༔ ཨོ་རྒྱན་རྗེ་འབངས་ཚོམ་བུའི་ཚོགས༔ བདུད་རྩི་སྨན་སྒྲུབ་བྱ་བའི་གནས༔ ཁྱུང་ཆེན་འདོད་འཇོ་རིགས་ལྔ་ཡི༔ དཔལ་གྱི་དེའུ་སྨན་ཤིང་རྒྱས༔ འཛད་མེད་ནོར་གཏེར་བསམ་མི་ཁྱབ༔ རྡོར་སེམས་སྒྲུབ་ཕུག་བཀྲ་ཤིས་འབྱུང་༔ དེ་ལ་རིགས་ལྔའི་སྐུ་གསུང་ཐུགས༔ ཕྱག་རྒྱའི་མཚན་མ་ཅི་ཡང་ཤར༔ སྤྲུལ་པའི་ཁྱུང་གི་གདུལ་བྱ་རུ༔ ཀླུ་རྒྱལ་གདོལ་པ་ནག་པོ་ཡི༔ རང་གཟུགས་དུག་སྦྲུལ་གདོན་ཆེན་གཟུགས༔ སྨིན་པའི་ཁ་ཆུས་སྐྱེ་འགྲོ་ཡི༔ སྲོག་ལ་གཟན་པ་ལྟར་སྣང་ཡང་༔ དོན་ལ་དཔལ་ཆེན་ཆེ་བའི་རྟགས༔ ཕྱོགས་མཚམས་ས་རྡོ་རི་བྲག་སོགས༔ མ་ལ་ཡ་ཡི་བཀོད་པ་རྫོགས༔ གནས་འདིར་རིག་འཛིན་རྒྱལ་པོ་ནི༔ ཡེ་ཤེས་ཁྱུང་དྲག་ཞེས་བྱ་བས༔ གསང་གཏེར་དྲངས་ཤིང་དེ་ཡི་འོག༔ པདྨ་བདེ་ཆེན་གཡུང་དྲུང་སོགས༔ རིག་འཛིན་དུ་མས་བྱིན་གྱིས་བརླབས༔ དེ་འོག་རྡོ་རྗེའི་མིང་འཆང་དང་༔ ཡེ་ཤེས་རྡོ་རྗེ་དྲག་རྩལ་སོགས༔ མང་དུ་འབྱུང་ཞིང་ཟབ་གཏེར་དབང་༔ གནས་དེར་ཕྱག་མཆོད་བསྙེན་སྒྲུབ་དང་༔ ཚོགས་ཀྱི་འདུ་བར་སྤྱོད་གྱུར་ན༔ ཚེ་འདིར་བར་ཆད་ཀུན་སེལ་ཞིང་༔ ནད་དང་གདོན་གྱིས་མི་ཚུགས་ཤིང་༔ ཚེ་བསོད་ཉམས་རྟོགས་ཡེ་ཤེས་རྒྱས༔ མཐར་ཐུག་པདྨ་འོད་ཀྱི་ཞིང་༔ སྐྱེ་འགྱུར་ཐེ་ཚོམ་མེད་དོ་རྒྱ༔ ས་མ་ཡ༔ དེ་ལྟར་གནས་ཀྱི་བཀོད་པ་ནི༔ མདོ་ཙམ་རིག་འཛིན་ཐུགས་གསང་དུ༔ སྦས་པ་རྟེན་འབྲེལ་དུས་བབ་ཚེ༔ དགོངས་པའི་ཀློང་ནས་རང་བརྡོལ་ཏེ༔ བསྟན་འགྲོ་ཕན་པའི་བཙས་སུ་འགྱུར༔ རྒྱ༔ རྒྱ༔ རྒྱ༔ ཞེས་པའང་ཆུ་འབྲུག་ཟླ་ཚེས་གནས་དེར་ལྗོངས་རྒྱུར་གནས་ཚེ། ཚེ་རིང་ཕུན་ཚོགས་དང་། མཛོད་ཚེ་དཔལ་ཟུང་གིས་བསྐུལ་པ་ན། ཌཱ་ཀིའི་གྲོགས་ཀྱི་བརྡའ་ཡིས་བསྐུལ་ཏེ་པདྨ་ཡེ་ཤེས་རྡོ་རྗེས་གང་ཤར་ཉིད་དུ་བྲིས་པ་འདིས་ཀྱང་བསྟན་འགྲོར་ཕན་པ་རྒྱ་ཆེན་པོར་འབྱུང་བའི་རྒྱུར་གྱུར་ཅིག །མངྒ་ལཾ།། །།
[edit]

dpal ldan sangs rgyas pad+ma rgyal:__rig sngags 'chang ba'i 'khor los bsgyur:__kun mkhyen sngags bdag chen po yi:__rang snang 'khor los bsgyur ba las:__snang srid kun kyang thig ler zlum:__ye shes drwa ba chen po las:__du mar snang zhing cir yang 'char:__ma dag rdul tsam mi dmigs shing :__dag pa rab 'byams 'byams klas pas:__'og min chen po'i bkod pa rdzogs:__de yi bye brag 'dzam gling 'dir:__byang phyogs shing gis mtshan pa yi:__rdo rje gdan gyi phyogs mtshams su:__gnas yul bkod pa cir yang ston:__yul chen so gnyis dur khrod brgyad:__dpa' bo mkha' 'gro 'du ba'i zhing :__ji snyed brjod pa'i mtha' las 'das:__de la byang phyogs kha ba'i ljongs:__mnga' ri gtsang dbus bod chen gyi:__ljongs 'dir gnas yul bkod pa snang :__mdo smad sgang drug ya gyal gyi:__gser ldan chu klung byang phyogs kyi:__pad+ma shel gyi phug pa'i shar:__khyung chen dpal gyi rdzong chen po'i:__bkod pa sa 'dzin lte ba ru:__ye shes sprul pa'i bya khyung gis:__byin rlabs sku yi dkyil 'khor gyi:__thugs kar ye shes gsang ba'i phug:__kun bzang rgyal ba zhi khro'i gnas:__bltar yod bsgrod du med pa dang :__dbu rtse dga' rab rdo rje'i phug:__lte ba'i g.yas zur khyung chen phug:__khyung chen bka' brgyad yongs rdzogs gnas:__sku gsung thugs kyi gter mchog dang :__yon tan phrin las 'dzad med gter:__khyung chen rigs lnga'i dam rdzas sogs:__nad gdon kun 'joms gter chen bzhugs:__de g.yas gu ru'i gsang phug dang :__'og zur mtsho rgyal gsang ba'i phug:__g.yon phyogs gong du man+dA ra'i:__rdo rje tshe yi phug pa dang :__'chi med tshe chu'i rgyun bzang bzhugs:__btung dang khrus byas sdig sgrib zhi:__tshe bsod ye shes 'phel bar 'gyur:__gsang gnas bde chen rdo rje'i phug:__chos 'byung gru gsum gzhal med khang :__mkha' 'gro chos skyong 'du ba'i gnas:__der bsgom nyams rtogs dga' bzhi rgyas:__gsang ba rdo rje bdud rtsi'i rgyun:__de yis khrus bya btung byed na:__shin tu sos dka'i klu gdon rnams:__'joms shing bde skyid ldan pa 'gyur:__gshog g.yas rig 'dzin bi ma dang :__bai ro ting 'dzin bzang po dang :__g.yon rtser shrI seng chos rgyal sogs:__rig 'dzin du mas byin brlabs pa'i:__sgrub phug nyams dga' yid du 'ong :__g.yon logs zhi khro'i tshogs khang du:__o rgyan rje 'bangs tshom bu'i tshogs:__bdud rtsi sman sgrub bya ba'i gnas:__khyung chen 'dod 'jo rigs lnga yi:__dpal gyi de'u sman shing rgyas:__'dzad med nor gter bsam mi khyab:__rdor sems sgrub phug bkra shis 'byung :__de la rigs lnga'i sku gsung thugs:__phyag rgya'i mtshan ma ci yang shar:__sprul pa'i khyung gi gdul bya ru:__klu rgyal gdol pa nag po yi:__rang gzugs dug sbrul gdon chen gzugs:__smin pa'i kha chus skye 'gro yi:__srog la gzan pa ltar snang yang :__don la dpal chen che ba'i rtags:__phyogs mtshams sa rdo ri brag sogs:__ma la ya yi bkod pa rdzogs:__gnas 'dir rig 'dzin rgyal po ni:__ye shes khyung drag zhes bya bas:__gsang gter drangs shing de yi 'og:__pad+ma bde chen g.yung drung sogs:__rig 'dzin du mas byin gyis brlabs:__de 'og rdo rje'i ming 'chang dang :__ye shes rdo rje drag rtsal sogs:__mang du 'byung zhing zab gter dbang :__gnas der phyag mchod bsnyen sgrub dang :__tshogs kyi 'du bar spyod gyur na:__tshe 'dir bar chad kun sel zhing :__nad dang gdon gyis mi tshugs shing :__tshe bsod nyams rtogs ye shes rgyas:__mthar thug pad+ma 'od kyi zhing :__skye 'gyur the tshom med do rgya:__sa ma ya:__de ltar gnas kyi bkod pa ni:__mdo tsam rig 'dzin thugs gsang du:__sbas pa rten 'brel dus bab tshe:__dgongs pa'i klong nas rang brdol te:__bstan 'gro phan pa'i btsas su 'gyur:__rgya:__rgya:__rgya:__zhes pa'ang chu 'brug zla tshes gnas der ljongs rgyur gnas tshe/__tshe ring phun tshogs dang /__mdzod tshe dpal zung gis bskul pa na/__DA ki'i grogs kyi brda' yis bskul te pad+ma ye shes rdo rjes gang shar nyid du bris pa 'dis kyang bstan 'gror phan pa rgya chen por 'byung ba'i rgyur gyur cig__/mang+ga laM//___//

Footnotes

Other Information