JKCL-KABUM-02-KHA-093

From Khyentse Lineage - A Tsadra Foundation Project
Revision as of 13:02, 30 November 2021 by Mort (talk | contribs)

རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་འཇམ་དབྱངས་བློ་གཏེར་དབང་པོ་ལ་བསྟོད་པ་བཀྲ་ཤིས་འཁྱིལ་པའི་སྒྲ་དབྱངས།
Wylie title rigs brgya'i khyab bdag rdo rje 'chang chen po 'jam dbyangs blo gter dbang po la bstod pa bkra shis 'khyil pa'i sgra dbyangs JKCL-KABUM-02-KHA-093.pdf
Location chos kyi blo gros bka' 'bum
Volume 2, Text 93, Pages 693-699 (Folios 1a1 to 4a1)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Associated People འཇམ་དབྱངས་བློ་གཏེར་དབང་པོ་ ('jam dbyangs blo gter dbang po)
Citation 'jam dbyangs mkhyen brtse chos kyi blo gros. rigs brgya'i khyab bdag rdo rje 'chang chen po 'jam dbyangs blo gter dbang po la bstod pa bkra shis 'khyil pa'i sgra dbyangs. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 2: 693-699. Bir, H.P.: Khyentse Labrang, 2012.
Genre Verses of Praise - bstod pa
Colophon

།ཅེས་པའང་མི་ཕྱེད་དད་པའི་བློ་རྗེ་དེ་ཉིད་ཀྱིས་ཚད་མེད་པའི་བཀའ་དྲིན་ཆེན་པོས་བསྐྱངས་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་ས་གླང་ཁྲུམས་ཟླའི་ཚེས་བརྒྱད་ལ་གསོལ་བ་བཏབ་པ་འདིས་ཀྱང་དཔལ་ལྡན་བླ་མའི་ཡེ་ཤེས་གཟིགས་པའི་བྱིན་རླབས་མྱུར་དུ་འཇུག་པའི་རྒྱུར་གྱུར་ཅིག །ཤུ་བྷ་མསྟུ་སརྦ་ཛ་ག་ཏཾ། །

ces pa'ang mi phyed dad pa'i blo rje de nyid kyis tshad med pa'i bka' drin chen pos bskyangs pa 'jam dbyangs chos kyi blo gros pas sa glang khrums zla'i tshes brgyad la gsol ba btab pa 'dis kyang dpal ldan bla ma'i ye shes gzigs pa'i byin rlabs myur du 'jug pa'i rgyur gyur cig__/shu b+ha mastu sarba dza ga taM/

1 Texts in this Section (sde tshan or chos tshan)

[edit]
རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་འཇམ་དབྱངས་བློ་གཏེར་དབང་པོ་ལ་བསྟོད་པ་བཀྲ་ཤིས་འཁྱིལ་པའི་སྒྲ་དབྱངས་ཅེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་མཉྫུ་གྷོ་ཥ་ནི་དྷཱི་ཨིནྡྲ་ཡེ། དཔལ་ཆེན་ལག་ན་རྡོ་རྗེའི་ཡེ་ཤེས་ཀྱི། །དྭངས་མའི་ཐིག་ལེ་གནམ་སྔོན་འཁྱིལ་བའི་འོད། །འཛམ་གླིང་བྱང་ཕྱོགས་བསིལ་ལྡན་འཛིན་མའི་གཞིར། །རྒྱལ་རིགས་སཱ་ལ་ལྟ་བུའི་ཁྱིམ་དུ་འཕོས། །དེ་ཚེ་མཁའ་དབྱིངས་གང་བའི་རྒྱལ་བ་དང་། །དེ་སྲས་སེམས་དཔའ་ཆེ་དང་སེམས་མའི་ཚོགས། །རྡོ་རྗེའི་གླུ་གར་མིག་འཕྲུལ་ལྟར་བསྒྱུར་བས། །མེ་ཏོག་ཆར་འབེབས་ཤིས་པའི་དགའ་སྟོན་བྱིན། །ས་སྟེང་འདི་ན་ངོ་མཚར་གྲགས་པ་གསལ། །གསལ་བའི་འོད་ཀྱིས་ཆེས་ཆེར་ཁྱབ་པར་སྙན། །སྙན་པའི་རོལ་མོས་ཕྱོགས་ཀྱི་འཁོར་ཡུག་ཁྱབ། །ཁྱབ་བདག་གསང་བའི་བདག་པོ་མི་ཡི་གཟུགས། །སྐུ་ཡི་དཀྱིལ་འཁོར་བསོད་ནམས་བྱེ་བའི་གཏེར། །མཚན་དཔེའི་མེ་ཏོག་གསར་པའི་ཟེའུ་ཕྲེང་མཛེས། །ཀུན་དགའི་རྒྱལ་མཚན་ལྟ་ན་སྡུག་པའི་དཔལ། །བཟང་པོའི་དྲི་བསུང་དངར་པོས་དྭངས་ཤིང་སྤྲོ། །གསུང་སྙན་ཀ་ལ་པིངྐའི་སྐད་དང་ནི། །དྲི་ཟའི་བུ་མོའི་ཏམྦུ་ར་ཡི་སྒྲ། །ཁེངས་པ་བསྙིལ་བྱེད་ལྷར་བཅས་རྣ་བའི་བཅུད། །ཚངས་པའི་དབྱངས་ལ་འགྲན་པར་ཆས་པ་བཞིན། །གདོད་ནས་རབ་ཞི་རྣམ་པར་མི་རྟོག་པའི། །ཡེ་ཤེས་རྒྱ་མཚོ་ཟབ་ཅིང་རྒྱ་ཆེའི་ཐུགས། །རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་ཡི། །ཤེས་རབ་སྟོང་ཉིད་ལྷ་མོས་མི་ཕྱེད་འཁྱུད། །མཁྱེན་པའི་དཀྱིལ་འཁོར་ཉིན་བྱེད་དབང་པོ་དང་། །བརྩེ་བའི་ཐུགས་རྗེ་གངྒཱའི་ཀླུང་ཆེན་པོ། །མཐུ་སྟོབས་ནུས་པ་བརྒྱ་བྱིན་རྡོ་རྗེ་གསུམ། །གཅིག་བསྡུས་དཔལ་ལྡན་རྒྱལ་སྲས་སེམས་དཔའ་ཆེ། །འཇམ་པའི་དཔལ་དང་ལག་ན་པད་དཀར་འཆང་། །གསང་འཛིན་དབང་པོ་མི་ཡི་ཤ་ཚུགས་ཅན། །བློ་གཏེར་དབང་པོ་སྲིད་ཞིའི་གཙུག་གི་རྒྱན། །ལྷར་བཅས་འགྲོ་བའི་གཙུག་གི་ནོར་བུའི་བརྒྱུད། །ཐོས་པ་རྒྱ་མཚོའི་མཐར་དཔོག་དབྱིག་གི་གཉེན། །བསམ་བྱུང་རིགས་པའི་སྦྲང་ཆང་གིས་མྱོས་ཤིང་། །སྒོམ་བྱུང་ཤེས་རབ་ཟླ་བ་ཉ་རྒྱས་པ། །འདྲེན་མཆོག་ཆོས་ཀྱི་རྒྱལ་པོ་བླ་ན་འཕགས། །ཡོངས་འཛིན་མཁས་གྲུབ་བྱེ་བའི་ཞབས་ཀྱི་རྡུལ། །གུས་པས་བླངས་ཤིང་ཕྱི་ནང་རིག་པའི་གནས། །སྡེ་སྣོད་གསུམ་དང་ཁྱད་པར་རྡོ་རྗེའི་ཐེག །རྒྱུད་སྡེ་བཞི་ཡི་སྨིན་གྲོལ་མཛོད་ཀྱིས་གཏམས། །བླ་མ་ལྷག་པའི་ལྷ་རྣམས་བསྙེན་པ་དང་། །ཉེར་བསྙེན་སྒྲུབ་དང་སྒྲུབ་པ་ཆེན་པོ་ཡི། །ཏིང་འཛིན་ཟབ་མོས་རླུང་གིས་བསྐུལ་བ་ལས། །རྡོ་རྗེ་བཞི་ཡི་ཡེ་ཤེས་མེ་ཆེན་སྦར། །དེ་ཚེ་སྒྲིབ་གསུམ་བག་ཆགས་ཚང་ཚིང་རྣམས། །རྩྭ་སྦུར་མེ་བཞིན་བསྲེག་པའི་དེ་མ་ཐག །རྣམ་པར་སྨིན་པའི་མཐར་གྱིས་སྐད་ཅིག་ལ། །བདེ་ཆེན་ཡེ་ཤེས་ཆོས་སྐུའི་རྒྱལ་ས་བརྙེས། །ས་བཅུ་ལམ་ལྔའི་བསྒྲོད་པའི་རྩེ་མོར་ཕྱིན། །རང་དོན་སྤངས་པ་དམ་པའི་ཕ་རོལ་སོན། །གཞན་དོན་རྟོགས་པའི་ཡོན་ཏན་མ་ལུས་རྫོགས། །དོན་གཉིས་ལྷུན་གྲུབ་དཔལ་ལྡན་རྡོ་རྗེ་འཆང་། །ཚུར་མཐོང་དགེ་བའི་བཤེས་ཀྱི་རྣམ་པར་སྟོན། །ནང་དུ་རྣལ་འབྱོར་གྲུབ་པའི་དབང་ཕྱུག་ཆེ། །གསང་བ་དཔལ་ཆེན་ལག་ན་རྡོ་རྗེ་དང་། །དབྱེར་མེད་རིགས་བརྒྱའི་ཁྱབ་བདག་འཁོར་ལོའི་མགོན། །དྲི་མ་མེད་པའི་ཚུལ་ཁྲིམས་ནོར་གྱིས་ཕྱུག །ཏིང་འཛིན་རྒྱ་མཚོའི་སྒོ་བརྒྱར་སྙོམས་པར་ཞུགས། །ཟག་མེད་ཤེས་རབ་ཕུང་པོའི་མཛོད་འཆང་བ། །བསླབ་གསུམ་དབང་ཕྱུག་དཔལ་ལྡན་བླ་མ་རྒྱལ། །རྒྱལ་བ་ཀུན་གྱི་གསང་བ་གསུམ་གྱི་མཛོད། །མཛོད་རྣམས་གཅིག་བསྡུས་གསང་བའི་གླེགས་བམ་བསྐྲུན། །བསྐྲུན་པས་རྒྱལ་བསྟན་གསང་མཛོད་ཉམས་པ་གསོས། །གསོས་པས་གངས་ལྗོངས་ཨོ་རྒྱན་ཡུལ་བཞིན་གྱུར། །ཁ་བའི་རི་སུལ་མཁས་གྲུབ་རྟོགས་ལྡན་སོགས། །ངོ་མཚར་གྲགས་སྙན་ཐོབ་པ་མང་མཆིས་ཀྱང་། །ཀུན་མཁྱེན་རྒྱལ་བའི་བསྟན་པའི་སྲོག་ཤིང་ལ། །མཛད་པའི་ཕྱག་རིས་གསལ་བ་ཁྱོད་ཉིད་ཙམ། །མཁས་མཁས་འཕགས་མཆོག་ཀླུ་ཡི་དབང་པོ་དང་། །བཙུན་བཙུན་དགྲ་བཅོམ་ཆེན་པོ་ཀུན་དགའ་བོ། །བཟང་བཟང་རྒྱལ་བས་ལུང་ཐོབ་ཀུན་དགའ་བཟང་། །སླར་ཡང་བྱོན་ལ་དོགས་པའི་ཤས་ཙམ་དབེན། །འཆད་ན་བློ་གསལ་འབུམ་སྡེའི་ཡི་ག་འཕྲོགས། །རྩོད་པས་ཕས་རྒོལ་བྲག་རི་ཕྱེ་མར་འཐགས། །རྩོམ་པས་ཐུབ་བསྟན་མཛེས་པའི་མཆོད་སྡོང་ཆེ། །ཀུན་མཁྱེན་བླ་མར་འགྲན་ཟླ་འགའ་མ་མཆིས། །མདོར་ན་དེ་བཞིན་གཤེགས་པའི་རྒྱལ་ཚབ་ཆེ། །ཆོས་ཀྱི་འཁོར་ལོས་བསྒྱུར་བ་ཆེན་པོ་ཡི། །ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ། །སྐྱེ་དང་ཚེ་རབས་ཀུན་ཏུ་ཕྱག་འཚལ་ལོ། །སྲིད་ཞིའི་ཁམས་ན་དངོས་པོ་ཅི་མཆིས་དང་། །ལུས་དང་ལོངས་སྤྱོད་དགེ་ཚོགས་དང་བཅས་པས། །ནམ་མཁའི་ཁམས་ཀུན་རྒྱས་པར་བཀང་བྱས་ཏེ། །དཔལ་ལྡན་བླ་མ་མཆོག་ལ་མཆོད་པར་བགྱི། །བཅས་རང་ཉེས་པའི་ཕུང་པོ་ཇི་སྙེད་དང་། །ཁྱད་པར་བླ་མའི་གསང་གསུམ་དམ་ཚིག་ལ། །ཚོར་དང་མ་ཚོར་ཉམས་པ་ཅི་མཆིས་པ། །སྙིང་ནས་འགྱོད་བཤགས་ཚངས་པར་སྩལ་དུ་གསོལ། །སོ་སོའི་སྐྱེ་བོ་ཆུང་འབྲིང་ཆེན་པོ་དང་། །སློབ་དང་མི་སློབ་འཕགས་པའི་ཚོགས་རྣམས་ཀྱིས། །བསོད་ནམས་ཡེ་ཤེས་ཚོགས་གཉིས་བསགས་པ་ལ། །ཕྲག་དོག་མེད་པར་དགའ་བས་རྗེས་ཡི་རང་། །གང་ན་དཔལ་ལྡན་བླ་མའི་རྣམ་པར་འཕྲུལ། །ཕྱོགས་བཅུར་གཤེགས་བཞུགས་འདྲེན་པ་མཆོག་རྣམས་ལ། །རིགས་ཅན་གསུམ་གྱི་སྐལ་བ་དང་མཚམས་པར། །ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་འདེབས། །གཟུགས་སྐུའི་བཀོད་པ་རྟག་འཛིན་ཅན་གྱི་ངོར། །མྱ་ངན་འདའ་བར་བཞེད་རྣམས་རྡོ་རྗེའི་ཁྲིར། །མྱ་ངན་མི་འདའ་བསྐལ་པ་རྒྱ་མཚོ་རུ། །རྟག་བརྟན་རྡོ་རྗེ་གསུམ་མཆོག་འཚོ་གཞེས་གསོལ། །འདིས་མཚོན་དུས་གསུམ་ལེགས་བྱས་མཆིས་སོ་ཅོག །མཁའ་ཁྱབ་འགྲོ་བ་བླ་མ་སྐུ་བཞི་ཡི། །བྱང་ཆུབ་གོ་འཕང་ཐོབ་པར་འགྱུར་བའི་ཕྱིར། །དམིགས་མེད་ཆོས་དབྱིངས་ཆེན་པོར་བསྔོ་བར་བགྱི། །བདག་ནི་སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །དཔལ་ལྡན་བླ་མས་ཐུགས་རྗེས་རྟག་ཏུ་ཟུངས། །མི་ཁོམ་ལུས་སྤངས་དལ་འབྱོར་རྟེན་ཐོབ་ནས། །རྣམ་དག་བཤེས་དང་མཇལ་བར་བྱིན་གྱིས་རློབས། །ངེས་འབྱུང་ཚུལ་ཁྲིམས་ཁང་བཟང་ཆེར་ཞུགས་ནས། །གཞན་ཕན་བྱང་ཆུབ་སེམས་ཀྱི་འབྱོར་པས་གཏམ། །སེམས་ནི་ལས་རུང་མི་གཡོ་ཏིང་འཛིན་བརྟན། །མ་དག་སྣང་བ་ལྡོག་པར་བྱིན་གྱིས་རློབས། །ཐུན་མོང་ཐུན་མིན་ཐོས་པའི་ཉམས་ལེན་ལ། །རྟག་ཏུ་བརྩོན་པས་ཉམས་རྟོགས་དཔག་མེད་སྐྱེས། །རང་སྣང་སྒྱུ་མ་བརྗོད་བྲལ་གཉུག་མ་བསྐྱངས། །ཉམས་ཀྱི་སྣང་བ་འབྱོངས་པར་བྱིན་གྱིས་རློབས། །འབྲས་བུའི་ཆོས་ལ་ཡིད་ཆེས་སྤྲོ་བ་རྙེད། །ཅིར་སྣང་དག་པའི་འཁོར་ལོར་ཤར་བ་ཡི། །བདེན་གྲུབ་མཚན་མར་འཛིན་པའི་སྤྲོས་པ་ཞི། །དག་པའི་སྣང་བ་འབྱོངས་པར་བྱིན་གྱིས་རློབས། །རྒྱུ་དུས་འཁོར་འདས་ཆོས་ཅན་སྣང་བ་ཀུན། །མཚན་ཉིད་ཡོན་ཏན་ནུས་མཐུའི་ཚུལ་དུ་ཚང་། །གཞི་དུས་གསལ་དང་སྟོང་པ་ཟུང་འཇུག་གསུམ། །གཏན་ལ་དབབ་ནས་སྒྲོ་འདོགས་ཆོད་པར་ཤོག །རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པའི་ཐབས། །བསྐྱེད་དང་རྫོགས་པའི་རིམ་པ་ཟབ་མོ་རྣམས། །འཁོར་འདས་དབྱེར་མེད་ངང་དུ་བསྲེས་པ་ཡི། །ཐབས་ཀྱི་ལམ་རྒྱུད་མཐའ་རུ་ཕྱིན་པར་ཤོག །གཞི་ལམ་འབྲས་གསུམ་དབྱེར་མེད་དོན་སྒོམ་པས། །དཀྱིལ་འཁོར་བཞི་ཡི་འགྲོས་བཞི་ཐིམ་པ་དང་། །སྐུ་བཞི་དབྱེར་མེད་རྡོ་རྗེ་འཛིན་རྒྱལ་བརྙེས། །འབྲས་རྒྱུད་སྐུ་དང་ཡེ་ཤེས་མངོན་གྱུར་ཤོག །དེ་ལྟའི་གནས་སྐབས་གང་དང་གང་དུའང་། །རང་སེམས་བླ་མའི་སྣང་ཆར་ཤར་བ་ལ། །འབྲལ་མེད་དད་དང་དམ་ཚིག་རྣམ་པར་དག །མོས་གུས་བླ་མའི་ལམ་གྱིས་གྲོལ་བར་ཤོག །རྡོ་རྗེ་འཆང་གི་གསང་གསུམ་བྱིན་རླབས་ཀྱིས། །ཕྱོགས་དུས་གནས་སྐབས་ཀུན་ཏུ་དགེ་བ་དང་། །བདེ་ལེགས་རབ་འཕེལ་མི་མཐུན་ཀུན་ཞི་ནས། །བཀྲ་ཤིས་ཕུན་སུམ་ཚོགས་པས་ཁྱབ་པར་ཤོག །ཅེས་པའང་མི་ཕྱེད་དད་པའི་བློ་རྗེ་དེ་ཉིད་ཀྱིས་ཚད་མེད་པའི་བཀའ་དྲིན་ཆེན་པོས་བསྐྱངས་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་ས་གླང་ཁྲུམས་ཟླའི་ཚེས་བརྒྱད་ལ་གསོལ་བ་བཏབ་པ་འདིས་ཀྱང་དཔལ་ལྡན་བླ་མའི་ཡེ་ཤེས་གཟིགས་པའི་བྱིན་རླབས་མྱུར་དུ་འཇུག་པའི་རྒྱུར་གྱུར་ཅིག །ཤུ་བྷ་མསྟུ་སརྦ་ཛ་ག་ཏཾ། ། །།
[edit]

rigs brgya'i khyab bdag rdo rje 'chang chen po 'jam dbyangs blo gter dbang po la bstod pa bkra shis 'khyil pa'i sgra dbyangs ces bya ba bzhugs so/____/na mo gu ru many+dzu g+ho Sha ni d+hI in+d+ra ye/__dpal chen lag na rdo rje'i ye shes kyi/____/dwangs ma'i thig le gnam sngon 'khyil ba'i 'od/____/'dzam gling byang phyogs bsil ldan 'dzin ma'i gzhir/____/rgyal rigs sA la lta bu'i khyim du 'phos/____/de tshe mkha' dbyings gang ba'i rgyal ba dang /____/de sras sems dpa' che dang sems ma'i tshogs/____/rdo rje'i glu gar mig 'phrul ltar bsgyur bas/____/me tog char 'bebs shis pa'i dga' ston byin/____/sa steng 'di na ngo mtshar grags pa gsal/____/gsal ba'i 'od kyis ches cher khyab par snyan/____/snyan pa'i rol mos phyogs kyi 'khor yug khyab/____/khyab bdag gsang ba'i bdag po mi yi gzugs/____/sku yi dkyil 'khor bsod nams bye ba'i gter/____/mtshan dpe'i me tog gsar pa'i ze'u phreng mdzes/____/kun dga'i rgyal mtshan lta na sdug pa'i dpal/____/bzang po'i dri bsung dngar pos dwangs shing spro/____/gsung snyan ka la ping+ka'i skad dang ni/____/dri za'i bu mo'i tam+bu ra yi sgra/____/khengs pa bsnyil byed lhar bcas rna ba'i bcud/____/tshangs pa'i dbyangs la 'gran par chas pa bzhin/____/gdod nas rab zhi rnam par mi rtog pa'i/____/ye shes rgya mtsho zab cing rgya che'i thugs/____/rnam pa kun gyi mchog dang ldan pa yi/____/shes rab stong nyid lha mos mi phyed 'khyud/____/mkhyen pa'i dkyil 'khor nyin byed dbang po dang /____/brtse ba'i thugs rje gang+gA'i klung chen po/____/mthu stobs nus pa brgya byin rdo rje gsum/____/gcig bsdus dpal ldan rgyal sras sems dpa' che/____/'jam pa'i dpal dang lag na pad dkar 'chang /____/gsang 'dzin dbang po mi yi sha tshugs can/____/blo gter dbang po srid zhi'i gtsug gi rgyan/____/lhar bcas 'gro ba'i gtsug gi nor bu'i brgyud/____/thos pa rgya mtsho'i mthar dpog dbyig gi gnyen/____/bsam byung rigs pa'i sbrang chang gis myos shing /____/sgom byung shes rab zla ba nya rgyas pa/____/'dren mchog chos kyi rgyal po bla na 'phags/____/yongs 'dzin mkhas grub bye ba'i zhabs kyi rdul/____/gus pas blangs shing phyi nang rig pa'i gnas/____/sde snod gsum dang khyad par rdo rje'i theg__/rgyud sde bzhi yi smin grol mdzod kyis gtams/____/bla ma lhag pa'i lha rnams bsnyen pa dang /____/nyer bsnyen sgrub dang sgrub pa chen po yi/____/ting 'dzin zab mos rlung gis bskul ba las/____/rdo rje bzhi yi ye shes me chen sbar/____/de tshe sgrib gsum bag chags tshang tshing rnams/____/rtswa sbur me bzhin bsreg pa'i de ma thag__/rnam par smin pa'i mthar gyis skad cig la/____/bde chen ye shes chos sku'i rgyal sa brnyes/____/sa bcu lam lnga'i bsgrod pa'i rtse mor phyin/____/rang don spangs pa dam pa'i pha rol son/____/gzhan don rtogs pa'i yon tan ma lus rdzogs/____/don gnyis lhun grub dpal ldan rdo rje 'chang /____/tshur mthong dge ba'i bshes kyi rnam par ston/____/nang du rnal 'byor grub pa'i dbang phyug che/____/gsang ba dpal chen lag na rdo rje dang /____/dbyer med rigs brgya'i khyab bdag 'khor lo'i mgon/____/dri ma med pa'i tshul khrims nor gyis phyug__/ting 'dzin rgya mtsho'i sgo brgyar snyoms par zhugs/____/zag med shes rab phung po'i mdzod 'chang ba/____/bslab gsum dbang phyug dpal ldan bla ma rgyal/____/rgyal ba kun gyi gsang ba gsum gyi mdzod/____/mdzod rnams gcig bsdus gsang ba'i glegs bam bskrun/____/bskrun pas rgyal bstan gsang mdzod nyams pa gsos/____/gsos pas gangs ljongs o rgyan yul bzhin gyur/____/kha ba'i ri sul mkhas grub rtogs ldan sogs/____/ngo mtshar grags snyan thob pa mang mchis kyang /____/kun mkhyen rgyal ba'i bstan pa'i srog shing la/____/mdzad pa'i phyag ris gsal ba khyod nyid tsam/____/mkhas mkhas 'phags mchog klu yi dbang po dang /____/btsun btsun dgra bcom chen po kun dga' bo/____/bzang bzang rgyal bas lung thob kun dga' bzang /____/slar yang byon la dogs pa'i shas tsam dben/____/'chad na blo gsal 'bum sde'i yi ga 'phrogs/____/rtsod pas phas rgol brag ri phye mar 'thags/____/rtsom pas thub bstan mdzes pa'i mchod sdong che/____/kun mkhyen bla mar 'gran zla 'ga' ma mchis/____/mdor na de bzhin gshegs pa'i rgyal tshab che/____/chos kyi 'khor los bsgyur ba chen po yi/____/zhabs kyi pad+mo dri ma med pa la/____/skye dang tshe rabs kun tu phyag 'tshal lo/____/srid zhi'i khams na dngos po ci mchis dang /____/lus dang longs spyod dge tshogs dang bcas pas/____/nam mkha'i khams kun rgyas par bkang byas te/____/dpal ldan bla ma mchog la mchod par bgyi/____/bcas rang nyes pa'i phung po ji snyed dang /____/khyad par bla ma'i gsang gsum dam tshig la/____/tshor dang ma tshor nyams pa ci mchis pa/____/snying nas 'gyod bshags tshangs par stsal du gsol/____/so so'i skye bo chung 'bring chen po dang /____/slob dang mi slob 'phags pa'i tshogs rnams kyis/____/bsod nams ye shes tshogs gnyis bsags pa la/____/phrag dog med par dga' bas rjes yi rang /____/gang na dpal ldan bla ma'i rnam par 'phrul/____/phyogs bcur gshegs bzhugs 'dren pa mchog rnams la/____/rigs can gsum gyi skal ba dang mtshams par/____/chos kyi 'khor lo bskor bar gsol ba 'debs/____/gzugs sku'i bkod pa rtag 'dzin can gyi ngor/____/mya ngan 'da' bar bzhed rnams rdo rje'i khrir/____/mya ngan mi 'da' bskal pa rgya mtsho ru/____/rtag brtan rdo rje gsum mchog 'tsho gzhes gsol/____/'dis mtshon dus gsum legs byas mchis so cog__/mkha' khyab 'gro ba bla ma sku bzhi yi/____/byang chub go 'phang thob par 'gyur ba'i phyir/____/dmigs med chos dbyings chen por bsngo bar bgyi/____/bdag ni skye zhing skye ba thams cad du/____/dpal ldan bla mas thugs rjes rtag tu zungs/____/mi khom lus spangs dal 'byor rten thob nas/____/rnam dag bshes dang mjal bar byin gyis rlobs/____/nges 'byung tshul khrims khang bzang cher zhugs nas/____/gzhan phan byang chub sems kyi 'byor pas gtam/____/sems ni las rung mi g.yo ting 'dzin brtan/____/ma dag snang ba ldog par byin gyis rlobs/____/thun mong thun min thos pa'i nyams len la/____/rtag tu brtson pas nyams rtogs dpag med skyes/____/rang snang sgyu ma brjod bral gnyug ma bskyangs/____/nyams kyi snang ba 'byongs par byin gyis rlobs/____/'bras bu'i chos la yid ches spro ba rnyed/____/cir snang dag pa'i 'khor lor shar ba yi/____/bden grub mtshan mar 'dzin pa'i spros pa zhi/____/dag pa'i snang ba 'byongs par byin gyis rlobs/____/rgyu dus 'khor 'das chos can snang ba kun/____/mtshan nyid yon tan nus mthu'i tshul du tshang /____/gzhi dus gsal dang stong pa zung 'jug gsum/____/gtan la dbab nas sgro 'dogs chod par shog__/rdo rje'i lus la gnad du bsnun pa'i thabs/____/bskyed dang rdzogs pa'i rim pa zab mo rnams/____/'khor 'das dbyer med ngang du bsres pa yi/____/thabs kyi lam rgyud mtha' ru phyin par shog__/gzhi lam 'bras gsum dbyer med don sgom pas/____/dkyil 'khor bzhi yi 'gros bzhi thim pa dang /____/sku bzhi dbyer med rdo rje 'dzin rgyal brnyes/____/'bras rgyud sku dang ye shes mngon gyur shog__/de lta'i gnas skabs gang dang gang du'ang /____/rang sems bla ma'i snang char shar ba la/____/'bral med dad dang dam tshig rnam par dag__/mos gus bla ma'i lam gyis grol bar shog__/rdo rje 'chang gi gsang gsum byin rlabs kyis/____/phyogs dus gnas skabs kun tu dge ba dang /____/bde legs rab 'phel mi mthun kun zhi nas/____/bkra shis phun sum tshogs pas khyab par shog__/ces pa'ang mi phyed dad pa'i blo rje de nyid kyis tshad med pa'i bka' drin chen pos bskyangs pa 'jam dbyangs chos kyi blo gros pas sa glang khrums zla'i tshes brgyad la gsol ba btab pa 'dis kyang dpal ldan bla ma'i ye shes gzigs pa'i byin rlabs myur du 'jug pa'i rgyur gyur cig__/shu b+ha mastu sarba dza ga taM/__/____//__

Footnotes

Other Information