JKW-KABAB-16-MA-018

From Khyentse Lineage - A Tsadra Foundation Project
Revision as of 16:54, 5 May 2021 by Mort (talk | contribs)

JKW-KABAB-16-MA-018

Wylie title JKW-KABAB-16-MA-018.pdf
Location mkhyen brtse'i bka' babs
Volume 16, Text 18, Pages (Folios to )
Author [[ | ]]
Less details More details
Tertön འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ('jam dbyangs mkhyen brtse'i dbang po)
Citation 'jam dbyangs mkhyen brtse'i dbang po. . In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 16: 1-. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Revelations - gter ma
Cycle རྩ་གསུམ་འོད་གསལ་སྙིང་ཏིག་ (rtsa gsum 'od gsal snying tig)
Karchag page JKW-KABAB-Volume-16-MA-Karchag
RTZ In the Rinchen Terdzö: https://rtz.tsadra.org/index.php/Terdzo-HUNG-001
[edit]
༄༅། །རྩ་གསུམ་འོད་གསལ་སྙིང་ཐིག་གི་རྡོ་རྗེ་ཕག་མོ་བདེ་ཆེན་དཀར་མོའི་ཚེ་དབང་གི་རིམ་པ་བཞུགས་སོ། ༄༅། །བདེ་ཆེན་འོད་དཀར་བདུད་རྩིའི་མྱོས་པའི་མ། །རྡོ་རྗེ་ཚེ་དང་ཡེ་ཤེས་གཟི་བརྗིད་དཔལ། །ལྷན་སྐྱེས་དཀྱིལ་འཁོར་རྫོགས་པའི་ལྷར་འཆར་བར། །བཏུད་ནས་འཆི་མེད་དབང་གི་དགའ་སྟོན་འགྱེད། །རྩ་གསུམ་འོད་གསལ་སྙིང་ཐིག་གི་རྡོ་རྗེ་ཕག་མོ་བདེ་ཆེན་དཀར་མོའི་ཚེ་དང་ཡེ་ཤེས་སྤེལ་བའི་བྱིན་རླབས་དབང་གི་རིམ་པ་གཉིས་སུ་བཞུགས་པ་ལས། སྔ་མ་ཇི་ལྟར་བྱ་བའི་ཚུལ་ནི་གཞུང་མཐུན་གྱི་དཀྱིལ་འཁོར་དབུས་སུ་ཚེ་འབྲང་ཐབས་ཤེས་ཀྱི་རྫས་ཚེ་རིལ་ཆང་གཡས་གཡོན་དུ་བཀོད་ལ། ཉེར་སྤྱོད་མཆོད་པས་བསྐོར། སྨན་རག་གཏོར་མ། དཀར་བགེགས་ཚོགས་མཆོད་སོགས་ཉེར་མཁོ་འདུ་བྱས་ལ་ལས་གཞུང་བསྲང་ལ། བདག་མདུན་གྱི་དམིགས་བཟླས་ཚེ་སྒྲུབ་ལྟར་སྦྱར་ལ། མཆོད་བསྟོད་དང་ཚེ་འགུགས་རྒྱས་གདབ་མཐར། ལས་ཐམས་ཅད་པའི་བསང་ཆུ། ཨོཾ་ས་ཀརྨ་དྷཱ་ཀི་ནི་ཕཊ། བརྒྱ་རྩ་བཟླས་པས་ནུས་ལྡན་དུ་སྒྲུབ། མདུན་བསྐྱེད་ལས་འོད་ཟེར་ཆུ་རྒྱུན་གཅིག་པའི་དབང་བླང་ལ་གནང་བ་ཞུ། དོན་དུ་གཉེར་བའི་སློབ་མ་ཁྲུས་ནས་དབྱུང༌། བགེགས་བསྐྲད། སྲུང་འཁོར་གསལ་བཏབ་རྗེས། རྡོ་རྗེ་ཐེག་པའི་དངོས་གྲུབ་ཀྱི་སྒོ་ཐམས་ཅད་ཀྱི་རྩ་བ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཆེན་པོའི་གསང་བ་མངོན་དུ་བྱེད་པ་འབའ་ཞིག་ལ་རགས་ལས་ཤིང༌། ཡེ་ཤེས་ཆེན་པོ་ནམ་མཁའི་གཟུགས་ཅན་དེ་མངོན་དུ་གྱུར་ན་ཇི་ལྟར་འདོད་པའི་ལས་རབ་འབྱམས་ཐོགས་མེད་དུ་སྒྲུབ་པ་ལ་དཀའ་བ་མེད་པ་བདེ་བླག་ཏུ་དབང་འབྱོར་བར་འགྱུར་བས་ཡེ་ཤེས་ཉིད་ཀྱང་དོན་གྱི་རྡོ་རྗེ་བཙུན་མོ་ཆོས་སྐུ་རྡོ་རྗེ་ཕག་མོའམ་འཕགས་བཞིའི་འབྱུང་གནས་ཡུམ་ཆེན་མོའི་དེ་ཉིད་སྟེ། དེ་མངོན་དུ་བྱ་ཕྱིར་བརྡ་དང་རྟགས་ཀྱི་རྡོ་རྗེ་ཕག་མོ་ཟབ་གསལ་མཁའ་འགྲོའི་ལྷ་སྔགས་ཏིང་ངེ་འཛིན་གྱི་མྱུར་ལམ་ཟབ་མོའི་ཐབས་ལ་བརྟེན་ནས་མྱུར་དུ་རྟོགས་ནུས་པའི་ཕྱིར་མཁའ་འགྲོ་སྒྲུབ་པའི་དབང་དང་སྒྲུབ་ཐབས་དུ་མ་འབྱུང་ཞིང༌། དེ་ལའང་རིགས་དང་ཡེ་ཤེས་ཕྲིན་ལས་ཀྱི་དབྱེ་བས་མཚན་དང་སྐུ་ཡི་བཀོད་པ་དཀྱིལ་འཁོར་གྱི་སྤྲོ་བསྡུའི་ཆོ་འཕྲུལ་ཟད་མི་ཤེས་པ་བཞུགས་པ་ལས། འདིར་བཅོམ་ལྡན་འདས་མ་སྐུ་དེ་བཞིན་གཤེགས་པའི་རིགས་རྡོ་རྗེ་ཕག་མོ་ཞི་བྱེད་དཀར་མོའི་ཚེ་དང་ཡེ་ཤེས་སྤེལ་བའི་ལྷ་སྔགས་ཟབ་མྱུར་བྱིན་བརླབ་ཀྱི་ཚན་ཀ་མཚུངས་པ་མེད་པ་འདི་ཉིད་ཤིན་ཏུ་རྣམ་པར་དག་པའི་དགོངས་མཛོད་ཡེ་ཤེས་ཀྱི་རང་སྣང༌། ཆོས་རྒྱུན་གྱི་ཏིང་ངེ་འཛིན་གྱི་བྱེད་ལས་སྐད་ཅིག་རེ་རེར་ཡང་སངས་རྒྱས་དང་བྱང་སེམས། ལྷ་དང་ཌཱ་ཀིའི་ཟབ་རྒྱས་ཀྱི་རྒྱུད་ལུང་མན་ངག་གི་མཛོད་གཏད་པས་གསང་བ་ཟབ་མོ་སྤེལ་བ་དང་སྡུད་པའི་བྱིན་རླབས་ཀྱི་མཚན་མ་བརྙེས་པའི་ངོ་མཚར་ཟད་མི་ཤེས་པའི་བདག་ཉིད་ཆེན་པོ་འོད་གསལ་སྤྲུལ་པའི་རྡོ་རྗེ་ལ་བཀའ་བབས་བདུན་དུ་བཞུགས་པའི་བྱེ་བྲག །དགོངས་གཏེར་རྩ་གསུམ་འོད་གསལ་སྙིང་ཐིག་གི་ཕྲིན་ལས་རྩ་བ་མཁའ་འགྲོའི་སྒྲུབ་ཐབས། རིགས་ལྔ་ཡེ་ཤེས་ཀྱི་ཌཱ་ཀི་སྤྱི་དང་བྱེ་བྲག་གིས་ལས་དང་དངོས་གྲུབ་སྒྲུབ་པའི་ཐབས་ཟབ་རྒྱས་སུ་བཞུགས་པ་ལས་རྡོ་རྗེ་ཕག་མོ་དཀར་མོའི་འཆི་མེད་ཚེ་སྒྲུབ་པའི་དབང་གི་ཆོ་ག་བགྱིད་པ་ལ་མཎྜལ་ཕུལ། གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཧོ༔ བདེ་ཆེན་ཡེ་ཤེས་སྣང་བ་ཅན༔ ཁྱབ་བདག་རྡོ་རྗེ་བཙུན་མོ་དང་༔ དབྱེར་མེད་དཔལ་ལྡན་བླ་མ་ཡིས༔ ཚེ་དང་ཡེ་ཤེས་དབང་མཆོག་སྩོལ༔ ལན་གསུམ། མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་རྗེ་བཙུན་རྡོ་རྗེ་ཕག་མོའི་ལྷ་ཚོགས་ལ་བདག་གཞན་ཡིད་ཅན་ཐམས་ཅད་བྱང་ཆུབ་མ་ཐོབ་བར་སྐྱབས་སུ་འགྲོ་བས་ཐུགས་རྗེས་བཟུང་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་མཛོད། ན་མོ༔ ཕྱོགས་དུས་རྒྱལ་བ་རབ་འབྱམས་ཀྱི༔ ཡེ་ཤེས་ཆེན་པོའི་ངོ་བོ་ཉིད༔ བླ་མ་རྡོ་རྗེ་རྣལ་འབྱོར་མར༔ མི་ཕྱེད་གུས་པས་སྐྱབས་སུ་མཆི༔ ལན་གསུམ། མཁའ་ཁྱབ་ཀྱི་སེམས་ཅན་བླ་ན་མེད་པའི་བྱང་ཆུབ་ལ་འགོད་པའི་ཆེད་དུ་ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་ལ་ཞུགས་ནས་དབང་གིས་སྨིན་པར་སློབ་སྙམ་པས་སེམས་བསྐྱེད་པའི་རྗེས་ཟློས་མཛོད། ཧོ༔ གཟུང་འཛིན་འཁྲུལ་པའི་འགྲོ་བ་རྣམས༔ འོད་གསལ་རྣམ་ཀུན་མཆོག་ལྡན་དབྱིངས༔ འཕོ་འགྱུར་མེད་པ་རོ་གཅིག་ཕྱིར༔ རྡོ་རྗེ་བཙུན་མོར་བསྒོམ་པར་བགྱི༔ ལན་གསུམ། བསགས་སྦྱང་གི་སྙིང་པོ་རྒྱུན་བཤགས་ཡན་ལག་བརྒྱད་པ་འདིའི་རྗེས་ཟློས་མཛོད། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བརྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་འཕྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་བགེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང༌། །དག་པ་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་དབང་ཕྱུག་སེམས་ཅན་ལ། །དགོས་པ་གསུམ་ཕྱིར་ལུས་འབུལ་ལོ། །ཚེ་རབ་བགྲང་བའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། ལན་གསུམ། དེ་ནས་དབང་གི་གཞི་འགོད་པའི་ཕྱིར་ཡེ་ཤེས་དབབ་པ་ལ་དམིགས་པ་འདི་བཞིན་མཛོད། ལས་སྔགས་ཀྱིས་བསང༌། སྭཱ་བྷཱ་ཝས་སྦྱངས། གཟུང་འཛིན་གྱི་སྣང་བ་ཐམས་ཅད་འོད་གསལ་སྟོང་ཉིད་ཀྱི་དབྱིངས་སུ་སྦྱངས། སྟོང་པའི་ངང་ལས་སྣོད་རྣམ་པར་དག་པ་འོག་མིན་བདེ་ཆེན་མཁའ་ལ་སྤྱོད་པའི་ཞིང་ཁམས་ངོ་མཚར་བཀོད་པ་འབྱམས་ཀླས་པའི་དབུས་སུ་བཅུད་རྣམ་པར་དག་པ་ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་པདྨ་རབ་ཏུ་རྒྱས་པའི་ལྟེ་བར་ཉི་མའི་དཀྱིལ་འཁོར་བམ་རོ་དང་བཅས་པའི་གདན་གྱི་སྟེང་དུ། རང་རིག་བདེ་བ་ཆེན་པོའི་ངོ་བོ་བྃ་ཡིག་དཀར་པོ་ལས་འོད་ཟེར་འཕྲོ་འདུས་དོན་གཉིས་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་ཁྱེད་རང་རྣམས་རྗེ་བཙུན་རྡོ་རྗེ་ཕག་མོ་སྟོན་ཀའི་ཟླ་བ་རྒྱས་པའི་མདངས་ཅན། ཞལ་གཅིག་ཁྲོ་ཞིང་འཛུམ་པའི་དབུ་གཙུག་ཏུ་ཕག་ཞལ་ངུར་སྒྲ་སྒྲོགས་པ་ཕྱག་གཉིས་ཀྱི་གཡས་རྡོ་རྗེའི་གྲི་གུག་ཕྱར་སྟབས་སུ་འཛིན་ཞིང༌། གཡོན་པས་ཐོད་ཁྲག་ཐུགས་ཀར་བསྣམས་པ། མཆན་ཁུང་གཡོན་ན་ཁ་ཊྭཱཾ་ག་རྩེ་གསུམ་པས་མཚན་པ་གཞོན་ཚུལ་ཆགས་པའི་ཉམས་ཅན་མཚན་དཔེའི་གཟི་མདངས་འབར་བ། དར་དང་རིན་པོ་ཆེ་རུས་པའི་རྒྱན་གྱིས་སྤྲས་ཤིང་ཞབས་གཡས་བསྐུམ་གཡོན་བརྐྱང་པའི་གར་སྟབས་ཀྱིས་རྟོག་མེད་བམ་རོའི་སྙིང་གར་བརྫིས་པ། སྐུ་ལས་སྐྱེས་པའི་ཡེ་ཤེས་ཀྱི་མེ་འོད་འབར་བའི་ཀློང་ན་བཞུགས་པའི་རྩ་གསུམ་དུ་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་རང་བཞིན་ཨོཾ་ཨཱཿཧཱུྃ་གིས་མཚན་པར་གསལ་ཐོབ་ལ། རྒྱུད་རྣམ་པར་དག་པ་ཡེ་ཤེས་ལྷའི་གཟི་བྱིན་དབབ་པའི་སླད་དུ། སློབ་དཔོན་ལ་རྣལ་འབྱོར་མ་དངོས་ཡིན་སྙམ་པའི་མོས་གུས་དྲག་པོ་བྱས་པས་ཐུགས་ཀ་ནས་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་འོད་ཟེར་མཁའ་ཁྱབ་ཏུ་འཕྲོས། སྐུ་གསུམ་གྱི་ཞིང་རབ་འབྱམས་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་རྣམས་དང༌། ཁྱད་པར་ཀུན་བཟང་རྡོ་རྗེ་རྣལ་འབྱོར་མའི་ཐུགས་རྒྱུད་རང་དབང་མེད་པར་བསྐུལ་ཏེ་གསང་བ་གསུམ་གྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པ་ཁ་ཆར་བུ་ཡུག་འཚུབས་པ་བཞིན་བྱོན་ཏེ་ཁྱེད་རང་ལ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། ཅེས་བརྡ་སྦྱར་ལ་སྤོས་རོལ་ཌཱ་དྲིལ་དབྱངས་དང་བཅས་པས། ཧྲཱི༔ བཞེངས་ཤིག་སྐུ་གསུམ་ཞིང་ཁམས་ནས༔ དབྱིངས་དང་ཡེ་ཤེས་དྷཱ་ཀའི་ཚོགས༔ ཧེ་རུ་ཀ་ཡི་གནས་མཆོག་འདིར༔ དབང་བསྐུར་བྱིན་ཕོབ་ཉམས་རྟོགས་སྤོར༔ ཨོཾ་ཨཱཿཧཱུྃ་སརྦ་ཛྙཱ་ན་དྷཱ་ཀི་ནཱི་ས་མ་ཡ་ཨཱ་བེ་ཤ་ཡ་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ ཅེས་བརྗོད་སྟེ་དབབ། ཏིཥྛ་བཛྲས་བརྟན་པར་བྱ། དེ་ནས་འཆི་མེད་རྡོ་རྗེ་ཚེ་ཡི་དབང་བསྐུར་བ་ལ། ཐོག་མར་ཚེ་འགུགས་ཤིང་བཅུད་བསྡུ་བའི་སླད་དུ། བདག་མདུན་གྱི་ལྷ་ཚོགས་རྣམས་ཀྱི་སྐུ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་ཞིང་རབ་འབྱམས་ཐམས་ཅད་དུ་ཁྱབ། ཕྱོགས་དུས་རྒྱལ་བ་སྲས་དང་བཅས་པའི་མཁྱེན་བརྩེ་ནུས་པའི་ཡེ་ཤེས་དང་ཡོན་ཏན། ཕྱི་སྣོད་འབྱུང་བ་བཞིའི་དྭངས་མ། ནང་བཅུད་སྐྱེ་འགྲོའི་ཚེ་བསོད་དཔལ་འབྱོར་དབང་ཐང༌། ཆུས་སྲིད། སྒྲུབ་བྱ་རང་རང་གི་བླ་ཚེ་འཁྱམས་པ། ཡར་བ། གདོན་གྱི་ཁྱེར་བ། བརྐུས་པ། གཞོམ་པ་དང༌། བན་བོན་མཐུ་བོ་ཆེའི་ངན་སྔགས་ཀྱི་སྦྱོར་བས་ཚེ་སྲོག་འཕྲོག་པ་སོགས་རང་དབང་མེད་པར་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིའི་ཟེག་མའི་རྣམ་པར་བསྡུས་ཏེ། སློབ་མ་དང་ཚེ་ཡི་རྫས་རྣམས་ལ་བསྟིམས་པས་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིར་གྱུར་ཞིང༌། སློབ་མ་རྣམས་ལ་ཐིམ་པས་བདུད་རྩིའི་དྭངས་མ་སྲོག་གི་ཟུང་དུ་སྨིན་ཅིང༌། རྡོ་རྗེ་གསུམ་གྱི་གསང་བ་གཞོམ་མེད་ཡེ་ཤེས་ཀྱི་ཕྱག་རྒྱར་གྲུབ་པར་མོས་ཤིག །མདའ་དར་གཡབ་སྟེ། ཨོཾ༔ མེ་ལོང་ལྟ་བུའི་ཡེ་ཤེས་ལས༔ ཕྱག་རྒྱའི་གཟུགས་སུ་རང་ཤར་བ༔ བདེ་ཆེན་དཀར་མོ་ཚེ་ཡི་ལྷ༔ འབུམ་ཕྲག་ཡངས་པའི་འཁོར་དང་བཅས༔ རྩེ་གཅིག་གུས་པས་བསྒྲུབ་ལགས་ན༔ ཐུགས་རྗེ་ཐུགས་དམ་རྩལ་ཆེན་ཕྱུངས༔ ཕོ་ཉ་སྤྲུལ་པ་མཁའ་ཁྱབ་སྤྲོས༔ བདག་གཞན་བླ་ཚེ་ཆད་ཡར་དང་༔ འཁོར་འདས་སྲོག་གི་དྭངས་མའི་བཅུད༔ འཆི་མེད་བདུད་རྩིའི་རྣམ་པར་བསྡུས༔ བདག་དང་སྒྲུབ་པའི་རྫས་ལ་བསྟིམས༔ བླ་སྲོག་ཆད་ཉམས་རང་སོར་ཆུད༔ འགྱུར་བ་མེད་པ་རྡོ་རྗེའི་སྐུ༔ གཞོམ་དུ་མེད་པ་གཉུག་མའི་སྲོག༔ མི་ཕྱེད་རྒྱུན་གྱིས་རྟག་པ་ཡི༔ ཡེ་ཤེས་ཆེན་པོའི་དངོས་གྲུབ་སྩོལ༔ ཨོཾ་བྃ་བཛྲ་ཝཱ་ར་ཧཱི་པྲ་ཛྙཱ་ཛྙཱ་ན་སརྦ་སིདྡྷི་ཧྲཱིཾ་ཛཿ བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཚེ་འགུགས་བསྐུལ་མཐར། ཚེ་འབྲང་འཆི་མེད་རྡོ་རྗེ་ཚེ་ཡི་ཕོ་བྲང་གི་དབུས་སུ་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་འཆི་མེད་ཚེ་ཡི་ལྷ་ཚོགས་བཞུགས་པའི་སྐུ་ལས་ཡེ་ཤེས་བདུད་རྩིའི་ཟིལ་མངར་བར་མ་ཆད་པ་བྱུང༌། མ་ཤོང་བ་ཁ་ནས་ལུད་བཞིན་སྤྱི་བོར་བཞག་པས་ཚངས་བུག་ནས་ལུས་ཀྱི་ནང་ཐམས་ཅད་གང༌། ཟག་བཅས་སྐྱེ་འཆིའི་རྒུད་པ་གསོས། ནད་གདོན་བར་ཆད་མ་ལུས་པ་གསལ། སྣང་སྟོང་སྒྱུ་མ་ལྟ་བུའི་བདེ་ཆེན་རྡོ་རྗེའི་སྐུ་འགྲུབ་པར་མོས་མཛོད། ཚེ་འབྲང་སྤྱི་བོར་བཞག་ལ། ཨོཾ། མི་འགྱུར་རྟག་པའི་ཡེ་ཤེས་སྐུ༔ བདེ་གཤེགས་ཚེ་ཡི་དབང་བསྐུར་བས༔ ལུས་ཀྱི་སྒྲིབ་པ་ཀུན་དག་ནས༔ འཕོ་མེད་རྡོ་རྗེའི་སྐུ་འགྲུབ་ཤོག༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ སྟོང་ཉིད་དབྱིངས་ཀྱི་བྷཉྫར་བདེ་ཆེན་བྱང་ཆུབ་སེམས་ཀྱི་བདུད་རྩི་བྱིན་པས་རླུང་གི་འཕོ་བ་དྷུ་ཏིའི་སྲོག་ཏུ་ཞུགས་གནས་ཐིམ་གསུམ་གྱིས་གཞོམས་མེད་རྡོ་རྗེ་ནཱ་དའི་ཚེ་ཡི་དངོས་གྲུབ་ཐོབ་པར་མོས་མཛོད། བདུད་རྩི་བྱིན་ལ། ཨཱ༔ འགགས་མེད་ནཱ་དའི་ཡེ་ཤེས་གསུང་༔ པདྨ་ཚེ་ཡི་དབང་བསྐུར་བས༔ ངག་གི་སྒྲིབ་པ་ཀུན་དག་ནས༔ མི་ཕྱེད་རྡོ་རྗེའི་གསུང་འགྲུབ་ཤོག༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ སྙིང་དབུས་མི་ཤིག་དྭངས་མ་ལྔ་འདུས་ཀྱི་རིལ་བུ་བྱིན་པ་རྡོ་རྗེ་ལྕེ་ཡི་ལམ་བརྒྱུད་སྙིང་ཀར་ཡེ་ཤེས་སེམས་དཔའ་སྐྱེ་འཆི་བགྲེས་བརྒུད་དང་བྲལ་བར་བཞུགས་ནས་ཡེ་ཤེས་རྡོ་རྗེ་ཚེ་ཡི་དངོས་གྲུབ་མངོན་སུམ་དུ་འགྲུབ་པར་མོས་མཛོད། རིལ་བུ་སྙིང་གར་བཏུགས་ཤིང་ཁར་བྱིན་ལ། ཧཱུྃ༔ འོད་གསལ་གཉུག་མའི་ཡེ་ཤེས་ཐུགས༔ རྡོ་རྗེ་ཚེ་ཡི་དབང་བསྐུར་བས༔ ཡིད་ཀྱི་སྒྲིབ་པ་ཀུན་དག་ནས༔ མཁའ་ཁྱབ་རྡོ་རྗེའི་ཐུགས་འགྲུབ་ཤོག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དེ་ལྟར་རྡོ་རྗེ་གསུམ་གྱི་བྱིན༔ བདུད་རྩིའི་ལུས་ཀྱི་ནང་གང་བས༔ ཚེ་དང་ཡེ་ཤེས་མཆོག་འགྲུབ་ཅིང་༔ དྭངས་མ་སྙིང་དབུས་ཧྲཱི་ལ་ཐིམ༔ མི་ཕྱེད་རྡོ་རྗེའི་སྲོག་ཐོབ་གྱུར༔ ཚེ་མདའ་སྤྱི་བོར་རྒྱ་གྲམ་དུ་བཀོད་ལ། ཨཿ སྲིད་ཞི་དྭངས་བཅུད་སྙིང་དབུས་ཀྱི༔ མི་ཤིག་ཐུགས་སྲོག་ལྷ་ལ་ཐིམ༔ རྡོ་རྗེའི་གོ་ཆས་རྒྱས་བཏབ་པས༔ འཕོ་མེད་གཉུག་མའི་སྲོག་འགྲུབ་ཤོག༔ ཛྙཱ་ན་བཛྲ་རཀྵ་རཀྵ་ཧཱུྃ༔ སྐབས་སུ་བབས་པའི་ཤིས་པ་བརྗོད་ཅིང་མེ་ཏོག་འཐོར། དེ་དག་གིས་ཞི་བྱེད་དཀར་མོ་རྡོ་རྗེ་མཁའ་འགྲོའི་ཚེ་ཡི་དབང་བསྐུར་གྲུབ་པ་ཡིན་པས་དམ་ཚིག་ཁས་བླང་གཏང་རཀ་མཎྜལ་ལུས་འབུལ་བྱ་ཞིང་དགེ་བ་བསྔོ། ཚོགས་མཆོད་སོགས་ལས་བྱང་གི་རྗེས་རིམ་མཐར་དབྱུང་བས་གྲུབ་པའོ། །རྡོ་རྗེ་ལྟ་བུའི་ཡེ་ཤེས་གསུང༌། །གཟུ་ལུམ་ཚིག་གིས་བསླད་མིན་ཡང༌། །ཐུགས་མཆོག་དྭངས་མ་གསང་བའི་ཚིག །མཛེས་བརྒྱན་སྲིད་ཞུའི་བསྙེན་བསྐུར་ཕུལ།། །།

Footnotes

Other Information