DKYD-KABUM-07-JA-056

From Khyentse Lineage - A Tsadra Foundation Project
Revision as of 09:48, 2 June 2024 by Jeremi (talk | contribs)
Wylie title
Location mdo mkhyen brtse bka' 'bum
Volume 7, Text 56, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Citation
Genre
[edit]
༁ྃཿ ལྷ་མོའི་གཏོར་འབུལ་ནིཿ བྷྱོཿ རྡོ་རྗེ་ཕག་མོའི་ཕྲིན་ལས་སྤྲུལཿ དཔལ་མགོན་མ་མོ་བཤོས་པའི་སྲསཿ བསྟན་སྐྱོང་རྡོ་རྗེ་གཤོག་རྒོད་མཿ ཡང་དག་རྫོགས་པ་ཆེན་པོ་ཡིཿ གདམས་པ་ཀུན་ཀྱི་གཉེར་ཁ་འཛིནཿ མཐིང་ནག་དབུ་ལྔ་ཁྱུང་གདོང་ཅནཿ ཕྱག་བཞི་དྲེའུ་སྔོན་རླུང་གཤོག་བཅིབསཿ སྐུ་གསུང་ཐུགས་ཡོན་ཕྲིན་ལས་སྤྲུལ་པ་འགྱེདཿ འཁོར་དང་བཅས་པ་སྤྱན་འདྲེན་ནོཿ དགྱེས་བཞུགས་བརྩེ་བས་ཕྱག་བགྱིའོཿ དམ་རྫས་ཤ་ལྔ་བཱ་ལིང་ཏཿ མྱོས་བྱེད་ཆང་དང་ཕུད་རྒོད་ཁྲགཿ རྟེན་བསྒྲུབ་མཆོད་པའི་རྫས་མཆོག་གིསཿ དཔལ་ལྡན་རྡོ་རྗེ་གཤོག་རྒོད་མཿ འཁོར་བཅས་དགྱེས་མཆོད་ཐུགས་དམ་བསྐང་ཿ གཟུང་དང་འཛིན་པ་བྲལ་བ་ཡིཿ བདེ་སྟོང་ཟག་མེད་མཆོད་པ་འབུལཿ དགའ་བཞིའི་ཡེ་ཤེས་དགྱེས་པ་བསྐྱེདཿ རྫུ་འཕྲུལ་སྟོབས་ལྡན་ཞིང་ཁམས་ཉུལཿ སྲིད་པ་གསུམ་ལ་དབང་སྒྱུར་མཿ གློག་ལས་ཕྲིན་ལས་རབ་མྱུར་བའིཿ རྡོ་རྗེ་དྲག་མོ་རྒྱལ་ལ་བསྟོདཿ ཁྱོད་ཐུགས་དགྱེས་པས་ཆགས་པ་བསྐྱེདཿ རབ་ཏུ་བརྩེ་བས་འཛུམ་ཞལ་སྟོནཿ བདག་ལ་ཉི་དང་ཟེར་བཞིན་འགྲོགསཿ ཡང་གསང་ཐིག་ལེ་སྐོར་གསུམ་གྱིཿ བསྟན་པ་འཛིན་སྐྱོང་སྤེལ་གསུམ་དང་ཿ དངོས་གྲུབ་བྱིན་ཕོབ་ཕྲིན་ལས་སྒྲུབསཿ སྦྱོར་སྒྲོལ་ཉམས་ལེན་རྗེས་འཛིན་སྐྱོངསཿ ཀོ་ལོང་རུ་ང་མ་མཛད་པརཿ འདོད་དོན་ཕྲིན་ལས་ལྷུན་གྲུབ་མཛོདཿ ཁྲག་འབྱུང་ལས་ཀྱི་དཔའ་བོས་སོཿ བསྟན་སྐྱོང་རྡོ་རྗེ་གཤོག་རྒོད་མའིཿ མཆོད་སྒྲུབ་དངོས་གྲུབ་རོལ་མཚོ་བཞུགསཿ རཾ་ཡཾ་ཁཾཿ ཨོཾ་ཨཱཿཧཱུྃ་པཉྩ་ཨ་མྲྀ་ཏ་ཧ་ཧོ་ཧྲཱིཿ བྷྱོཿ ཀི་ལ་ཡ་དང་སྔགས་སྲུང་རོལ་པའི་སྲསཿ བསྟན་སྐྱོང་ཆེན་མོ་རྡོ་རྗེ་གཤོག་རྒོད་མཿ བདག་དང་གཡར་དམ་གཅིག་པའི་ཐ་ཚིག་དགོངསཿ སྤྱན་འདྲེན་གནས་འདིར་བཛྲ་ས་མཱ་ཛཿ མདུན་མཁར་ཁྲག་མཚོ་མེ་རླུང་འཁྲུགས་པའི་དབུསཿ དགྱེས་པར་བཞུགས་ལ་གུས་པས་ཕྱག་འཚལ་ལོཿ ཕྱི་མཆོད་སྤྱན་གཟིགས་འདོད་ཡོན་ནམ་མཁའ་གང་ཿ ནདམཆོད་བཱ་ལིཾ་སྨན་རག་ཞིང་ཁམས་ཁྱབཿ གསང་མཆོད་བདེ་ཆེན་དགའ་བཞིའི་ཡེ་ཤེས་ཀྱིཿ འབྱུང་གནས་རྩ་བཅུད་ཁམས་ཀྱི་དངས་མའི་རོཿ དངོས་སུ་འབྱོར་དང་ཡིད་ཀྱིས་སྦྲུལ་ཏེ་འབུལཿ མཛའ་གྲོགས་ཐུགས་དམ་བསྐང་བའི་དགྱེས་པ་སྐྱེདཿ རྒྱལ་བ་གཉིས་པ་པདྨ་ཐོད་ཕྲེང་གིསཿ གསང་སྔགས་བསྟན་སྲུང་བར་མངའ་གསོལ་བའིཿ དབུ་ལྔ་ཕྱག་བཞི་ཁྱུང་གདོང་རྡོར་གཤོག་ཅནཿ ཁྲོ་མོའི་ཆས་རྫོགས་རྫུ་འཕྲུལ་དྲེལ་སྔོན་ཞོནཿ ཞི་རྒྱས་དབང་དྲག་རྣམ་འགྱུར་ཅིར་ཡང་སྟོནཿ དཔལ་ལྡན་རྡོ་རྗེ་གཤོག་རྒོད་མ་ལ་བསྟོདཿ བདག་དང་སྔོན་ནས་ལས་དང་སྨོན་ལམ་འབྲེལཿ ཚེ་རབས་ཀུན་ཏུ་མི་འབྲལ་དམ་བཅས་བཞིནཿ རྩེ་གཅིག་ཁྱོད་སྒྲུབ་མཆོད་བསྟོད་གསོལ་འདེབས་ནཿ འགལ་རྐྱེན་ཀུན་སོལ་མཐུན་རྐྱེན་ལེགས་ཚོགས་སྤེལཿ འདོད་པའི་དོན་ཀུན་འབད་མེད་ལྷུན་གྲུབ་མཛོདཿ ཨོཾ་རུ་རུ་ཧེ་དུན་ཁ་ཁ་དུནཿ དྲག་མོ་དུར་དུ་ཏི་ཛཿ དྲག་མོ་ཉི་ར་དུ་ར་དུ་ཏི་དུ་བྷྱོཿ ཞེས་ཅི་ནུས་བཟླས་མཐརཿ བྷྱོཿ བདེ་སྟོང་དབྱེར་མེད་ཆོས་སྐུའི་ངང་ཉིད་ལསཿ ཏིང་ངེ་འཛིན་གྱི་རྣམ་རོལ་མཆོད་པའི་སྤྲིནཿ གཟུགས་མཛེས་སྒྲ་སྙན་དྲི་ཞིམ་རོ་མངར་དང་ཿ རེག་འཇམ་དབང་པོ་ཡུལ་དྲུག་ཚིམ་བྱེད་རིགསཿ བདུད་རྩི་སྨན་དང་རཀྟ་བ་ལིཾ་ཏཿ རྟེན་སྒྲུབ་ཐུགས་དམ་བསྐང་དང་མཆོད་པའི་རྫསཿ སྤྱན་གཟིགས་དཀོར་ནོར་མཁོ་དགུའི་བྱེ་བྲག་ཀུནཿ ནམ་མཁའ་མཛོད་ཀྱི་ལོངས་སྤྱོད་ལྟར་སྤྲུལ་ནསཿ གསང་སྔགས་བསྟན་སྐྱོང་རྣལ་འབྱོར་རེ་སྐོང་བྱཿ རྡོ་རྗེ་གཤོག་རྒོད་འཁོར་དང་བཅས་ལ་འབུལཿ ཐུགས་དམ་དགྱེས་སྐོངས་ཉམས་ཆག་འགལ་འཁྲུལ་བཤགསཿ གང་བཅོལ་ཕྲིན་ལས་ཐོགས་མེད་མྱུར་འགྲུབ་མཛོདཿ རྩ་སྔགས་མཐརཿ སརྦ་པཉྩ་རཀྟ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧིཿ ལན་ལྔའམ་བདུན་བརྗོད་ནསཿ ཧཱུྃཿ རྩ་གསུམ་ཞིང་ན་གང་ལ་གང་འདུལ་གྱིསཿ གསང་གསུམ་ཆོ་འཕྲུལ་དཔག་ཡས་རོལ་བའི་གརཿ དཔལ་ལྡན་རྡོ་རྗེ་གཤོག་རྒོད་སྤྲུལ་འཁོར་བཅསཿ མངའ་གསོལ་བསྟོད་དོ་རྣམ་བཞིའི་ཕྲིན་ལས་སྒྲུབསཿ བདེ་སྟོང་ཟག་མེད་རྟོགས་པ་མངོན་གྱུར་ཅིང་ཿ ཡིད་ལ་འདོད་པའི་བསམ་དོན་ལྷུན་གྲུབ་མཛོདཿ བཀའ་ཡི་སྲུང་མ་བསྟན་སྐྱོང་མའིཿ མཆོད་སྒྲུབ་སྙིང་པོའི་བཅུད་བསྡུས་འདིཿ བདག་འདྲ་ཨ་ཙར་དམར་པོ་ཡིསཿ རང་གི་དོན་དུ་ཕབ་པའོཿ ས་མ་ཡཿ རྒྱ་རྒྱ་རྒྱཿ