DKYD-KABUM-04-NGA-035

From Khyentse Lineage - A Tsadra Foundation Project
Revision as of 08:43, 2 June 2024 by Jeremi (talk | contribs)
Wylie title
Location mdo mkhyen brtse bka' 'bum
Volume 4, Text 35, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Citation
Genre
[edit]
བླ་མ་ཡང་གསང་ཁྲོས་པ་ལས༔ སྒྲུབ་ཐབས་ཐུགས་ཀྱི་སྙིང་ཁུ་བཞུགས༔྅྅྅ «ཀ་དག་འདུས་མ་བྱས་པའི་ཀློངཿ རིག་པ་ཆོས་ཀྱི་སྐུ་ལ་འདུདཿ སྲིད་གསུམ་དངས་མ་བཅུད་བསྡུས་པཿ ཀླུ་རྒྱལ་གཙུག་གི་ནོར་བུ་བཞིནཿ སྔ་འགྱུར་ཆོས་ཁམས་རྒྱ་མཚོའི་བཅུདཿ དྲག་སྒྲུབ་ཐུགས་ཀྱི་སྙིང་ཁུ་བསྟནཿ སྤྲོས་མེད་ཨ་ཏི་ཡོ་ག་ལསཿ སྤྲོས་བཅས་བག་ཆགས་སྦྱོང་བའི་ཕྱིརཿ རང་བྱུང་རིག་པའི་རྩལ་ཤར་བཿ སྒྲུབ་པ་འདི་ལ་ནན་ཏན་གྱིསཿ གནས་སུ་ཡོ་བྱེད་སྤྲོས་དང་བྲལཿ སྣང་བ་དག་པ་རབ་འབྱམས་ཀྱིཿ དཀྱིལ་འཁོར་གཅིག་ཏུ་ལྷུན་རྫོགས་པཿ འདི་ནི་ང་ཡི་བརྣག་བྱའོཿ ཐོག་མར་སྐྱབས་སེམས་ཡན་ལག་བདུནཿ »ན་མོཿ བླ་མ་ཡི་དམ་མཁའ་འགྲོ་སྤྱན་འདྲེན་གཤེགསཿ སྤྱི་གཙུག་ཉི་ཟླ་པདྨའི་གདན་ལ་བཞུགསཿ བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆིཿ འགྲོ་དོན་སྨོན་འཇུག་དོན་དམ་སེམས་ཆོག་བསྐྱེདཿ སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོཿ ཕྱི་ནང་གསང་བའི་མཆོད་པ་དཔག་མེད་འབུལཿ ཉམས་ཆགས་སྡི་སྒྲིབ་ཐམས་ཅད་མཐོ་ལོ་བཤགསཿ གསང་བསྔགས་མཛད་པ་སྒྲུབ་ལ་རྗེས་ཡི་རངསཿ སྨིན་གྲོལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལཿ འགྲོ་བའི་དོན་དུ་མྱ་ངན་མི་འདའ་བཞུགསཿ དགེ་ཚོགས་བླ་མེད་བྱང་ཆུབ་ཆེན་པོ་བསྔོཿ «གཉིས་པ་བཀའ་བསྒོ་བ་ནིཿ» ཧཱུྃཿ ང་ནི་ཡེ་ནས་རང་བྱུང་ལྷཿ ཁྲོ་བོ་འཆོལ་བ་གྲོ་བོ་ལོདཿ མཁའ་ལ་འཇའ་ཚོན་ཤར་བཞིན་སྣངཿ ཁྲོ་བོ་ཁྲ་མོའི་སྤྲུལ་པ་འགྱེདཿ གཟུང་དང་འཛིན་པའི་རྒྱུ་རྐྱེན་ལསཿ མ་རིག་རྣམ་རྟོག་བགེགས་ཤར་བཿ དམིགས་མེད་བརྗོད་བྲལ་ངང་དུ་བསྐྲདཿ ཐུག་འཕྲད་ཆེན་པོར་རྡུལ་དུ་རློགཿ ཨོཾ་ཡགྴ་ཛྭ་ལ་དུཥྟཾ་ཨུཏྪ་ཏ་ཡ་ཕཊཿ «ཧཱུྃ་བཞིའི་སྔགས་བརྗོདཿ གསུམ་པ་མཚམས་བཅད་པ་ནིཿ» ཧཱུྃཿ སྣང་བ་རྣམ་དག་ཆོས་ཀྱི་སྐུཿ ཡེ་ནས་སྐུ་གསུམ་ཞིང་དུ་ཤརཿ བགེགས་དང་བར་ཆད་མིང་ཡང་མེདཿ དག་པ་རབ་འབྱམས་སྲུང་འཁོར་བརྟནཿ བཛྲ་རཀྵ་རཀྵ་ཧཱུྃཿ «བྱིན་འབེབ་པ་ནིཿ» མ་རིག་རྒྱུ་ལས་འཁོར་བ་གྲུབཿ དེས་རྐྱེན་མ་དག་རྟོག་ངན་ཤརཿ སྣང་སྲིད་བླ་མར་ཤེས་པ་ཡིཿ བྱིན་ཆེན་ཕོབ་ལ་དངོས་གྲུབ་སྩོལཿ གུ་རུ་ཛྙཱ་ན་ཨ་ཝེ་ཤ་ཡ་ལཱ་ཨཱཿ «སྣོད་བཅུད་བྱིན་རླབས་ནིཿ» ཕྱི་སྣོད་དག་པ་རབ་འབྱམས་ཞིངཿ ནང་བཅུད་དཔའ་བོ་མཁའ་གྲོའི་གྲོངཿ ཡུལ་དྲུག་འདོད་ཡོན་མཆོད་པའི་རྫསཿ འོད་ལྔའི་སྤྲིན་ཕུང་འཕྲོ་བར་གྱུརཿ ཨོཾ་ཨཱཿཧཱུྃཿ སརྦ་པུ་ཙ་ས་མ་ཡ་ཧོཿ« དངོས་གཞི་བསྐྱེད་རིམ་ལྷ་ཡི་རྣལ་འབྱོར་ནིཿ» ཧཱུྃཿ ཅིར་ཡང་མ་གྲུབ་རིག་བའི་གཤིསཿ རྩལ་ལས་སྙིང་རྗེ་ཆེན་པོར་ཤརཿ ལུས་སྦྱངས་རིག་པ་ཧཱུྃ་དུ་གྱུརཿ ཐབས་ཤེས་ཉི་ཟླའི་གདན་ལ་བབསཿ འཕྲོ་འདུས་སྣང་བ་རྣམ་པར་སྦྱངསཿ ཕྱི་སྣོད་རྡོ་རྗེའི་གུར་ཁཾ་སྲཿ མཚོན་ཆའི་ཚྭ་ཚྭ་མེ་རླུང་འཕྲོསཿ ནང་དབྱིངས་ཁྲག་ཞག་རྒྱ་མཚོའི་ཀློངཿ དུར་ཁྲོད་རོལ་པའི་གཞལ་ཡས་ཁཾཿ དྲག་པོའི་རྒྱན་བཀོད་ལྷུན་རྫོགས་དབུསཿ ཉི་ཟླར་ཧཱུྃ་ཡིག་ཡོངས་གྱུར་ལསཿ སྐུ་གསུམ་ཡོངས་འདུས་དོན་གྱི་ལྷཿ བདག་ཉིད་རྡོ་རྗེ་ཁྲོ་བོ་ལོདཿ དྲག་པོ་འཆོལ་བ་སྲིན་པོའི་སྐུཿ དམར་ནག་དབུ་དགུ་ཕྱག་བཅོ་བརྒྱདཿ གཡས་ཞལ་གསུམ་ནི་དཀར་དམར་རྒོདཿ གཡོན་ཞལ་གསུམ་ནི་མཐིང་ནག་གཤེཿ རྩ་བའི་ཞལ་གསུམ་དམར་ནག་རྔམསཿ རེ་རེ་ལ་ཡང་སྤྱན་གསུམ་མཛེསཿ ཞལ་གྱི་རྣམ་འགྱུར་ཅིར་ཡང་སྟོནཿ མཆེ་གཙིགས་ཞལ་གདངས་ལྗགས་གློག་འཁྱུགཿ སྨིན་སྨྲ་ཨག་ཚོམ་དམར་སེར་མདངསཿ རལ་པ་ཁམ་ནག་གྱེན་དུ་འཁྱིལཿ རྩ་བའི་དབུས་ཞལ་གཟི་བརྗིད་ལྡནཿ ཕྱག་གཡས་རྡོ་རྗེ་རྩེ་དགུ་ཕྱརཿ གཡོན་གྱི་ཐོད་ཁྲག་ཡུམ་ལ་འཁྱུདཿ གཡས་འོག་ཉི་ཟླ་རི་རབ་མེཿ ཐོད་དབྱུག་འཁོར་ལོ་གྲི་ཕུར་བུཿ གཡོན་འོག་ཐོ་བ་ལྕགས་ཞགས་སྒྲོགཿ དྲུལ་བུ་ཁ་ཊཱཾ་མདུང་སྡིག་པཿ ཞབས་བཞིས་དམ་སྲི་ཕོ་མོ་དངཿ ཉི་ཟླ་པདྨ་སྡེ་བརྒྱད་གནོནཿ དུར་ཁྲོད་དཔལ་གྱི་ཆས་རྣམས་དངཿ རུས་རྒྱན་ལྷ་ཀླུ་གཟའ་བརྒྱད་བརྒྱནཿ མ་ཚང་མེད་པར་སྐུ་ལ་རྫོགསཿ རྡོ་རྗེ་ཕག་མོ་ཡུམ་དང་སྦྱོརཿ སྲིད་པའི་རྩེ་མོ་མན་ཆད་ནསཿ ན་རཀ་དམྱལ་ཁམས་ཡན་ཆོས་ཀུནཿ ཁྲོ་རྒྱལ་སྐུ་ཡི་བཀོད་པས་ཁྱབཿ གར་དགུར་རོལ་བའི་ཉམས་དང་ལྡནཿ ཡེ་ཤེས་བསྐལ་མེ་རབ་འབར་ཀློངཿ ཁྲོ་བོ་ཁྲོ་མོ་ཁྱུང་སྡིག་པའིཿ དམགས་ཚོགས་ཚྭ་ཚྭ་སྐར་ལྟར་འཁྲུགསཿ སྤྱི་བོར་རྟ་མགོ་ལྗང་ཞུར་ནིཿ རྔོག་མ་དམར་སེར་མེ་སྟག་འཕྲོསཿ གསུང་གི་སྒྲ་ཡིས་སྐུ་གསུམ་བསྐུལཿ དབུ་གཙུག་བྱ་ཁྱུང་ག་རུ་ཊཿ རྭ་བར་ཚེ་ལྷ་ཡབ་ཡུམ་བཞུགསཿ དེ་ཡི་དབུ་གཙུག་རིགས་ཀྱི་བདགཿ ཀུན་བཟང་ཡབ་ཡུམ་མཐིང་གསལ་མདོགཿ རྒྱན་མེད་གཞོན་ནུ་བུམ་པའི་སྐུཿ བདག་ཉིད་ཐོད་ཕྲེང་དྲག་པོ་ཡིཿ དུང་ཁཾ་ཁྲག་འཐུང་ལྔ་བཅུ་བརྒྱདཿ སྙིང་ཁར་རྡོ་རྗེ་དབྱིངས་ཀྱི་ལྷཿ དཔྲལ་བ་འཇམ་དཔལ་གཤིན་རྗེ་གཤེདཿ མགྲིན་པར་པདྨ་དབང་ཆེན་རྒྱལཿ ཐུགས་དཀར་གསང་བདག་རྡོ་རྗེ་འཛིནཿ ལྟེ་བར་ཕག་མོ་ལྷ་ལྔ་མཿ འདོམས་བར་ཡཀྴ་མེ་དབལ་ནགཿ གནམ་ལྕགས་རལ་གྲི་ཐོ་བ་ཕྱརཿ ཕོ་ཉ་ལྕགས་སྡིག་དམར་ནག་སོགསཿ གོ་ཆ་སྤྲུལ་པའི་ལྷ་རྣམས་ཀུནཿ ཉི་མ་དང་ནི་འོད་ཟེར་བཞིནཿ བཛྲ་རཏྣ་པདྨ་དངཿ ཀརྨ་དྲག་རྩལ་ཡུམ་དང་བཅསཿ ཕྱོགས་མདོག་གྲི་ཁུག་ཐོད་ཁྲག་འཛིནཿ རྟ་ནག་སེང་གདོང་ཀཱི་ལ་ཡཿ ཁྲོ་མོའི་རྒྱལ་མོ་མཚམས་བཞིའི་ལྷཿ རང་རང་རྒྱན་དང་ཆ་ལུགས་རྫོགསཿ པད་ཉིའི་གདན་ལ་རབ་ཁྲོས་རྔམསཿ ཕྱི་རོལ་དྲེགས་པ་སྡེ་སྲིད་དངཿ བཀའ་འཁོར་ཁྲོ་བོ་ཆེན་པོ་བཅུཿ བཀའ་ཉན་གསུང་སྡོད་ཕྲིན་ལས་སྒྲུབཿ གཞན་ཡང་རྩ་གསུམ་རིག་འཛིན་དངཿ གིང་ལང་འབར་མ་དབང་ཕྱུག་ཚོགསཿ མཁའ་ལ་འཇའ་ཚོན་ཤར་བཞིན་སྣང་ཿ ཡེ་ནས་དག་པ་སྐུ་གསུམ་ལྷཿ བསྐྱེད་དང་བསྒོམ་བྱ་མི་དམིགས་ཀྱངཿ གློ་བུར་དྲི་མ་བསལ་བའི་ཕྱིརཿ ད་ནི་དག་པ་རབ་འབྱམས་ཞིངཿ འདི་ལས་ནམ་ཡང་མི་འདའ་འོཿ ལོངས་སྤྱོད་རྫོགས་སྐུར་རིགས་ལྔའི་ལྔཿ ནམ་མཁར་སྤྱན་དྲངས་སྦྱོར་བ་མཛདཿ བྱང་སེམས་བདུད་རྩིས་དབང་བསྐུར་ཞིངཿ དག་རྫོགས་སྨིན་ཅིང་འབྲས་བུ་ཐོབཿ མ་རིག་རྒྱུ་སངས་མྱ་ངན་འདའཿ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀྐ་ཙིཏྟ་དྷརྨཱ་དྷརྟུ་ཨ་བྷི་ཥཉྩི་ཧོཿ ཕྱི་སྣོད་དུར་ཁྲོད་གཞལ་ཡས་ཁཾཿ ནང་བཅུད་དཔལ་ཆེན་དཀྱིལ་འཁོར་རྫོགསཿ སྲིད་གསུམ་ཡེ་ནས་རྣམ་དག་ཞིངཿ སྤྲོས་པ་ཉེར་ཞི་མྱ་ངན་འདའཿ ཨ་ལ་ལ་ཧོཿ «སྤྱན་འདྲེན་བཞུགས་གསོལ་ཕྱག་འཚལ་མཆོད་སྟོད་སོགསཿ སྤྲོས་པ་བྲལ་ཡང་རྟེན་ཅིང་འབྲེལ་འབྱུང་ཕྱིརཿ» ཧཱུྃཿ ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས་སུ་གསོལཿ ཡེ་ནས་འདུ་འབྲལ་མེད་ཕྱིར་གཉིས་མེད་བཞུགསཿ སྤྲུལ་པའི་ལྷ་མོའི་གར་གྱིས་བརྡ་ཕྱག་འཚལཿ ཡུལ་དྲུག་འདོད་ཡོན་མ་སྤང་རྒྱན་ཤར་བའིཿ ཕྱི་ནང་གསང་བའི་མཆོད་པ་དམ་པར་འབུལཿ བཛྲ་ས་མ་ཡ་ཛཿ ཏིཥྛ་ལྷནཿ པྲ་ཏི་ཙ་ཧོཿ བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷུཔྤེ་ཨ་ལོ་ཀེ་གྷནྡྷེ་ནེ་ཝི་ཏྱ་ཤབྟ་རུ་པ་ཤཔྟ་གྷནྡྷེ་རཱ་ས་པརྴེ་མ་ཧཱ་པཉྩ་རཀྵ་བྷ་ལིངྟ་ཏ་ན་ག་ན་དྷརྨཱ་དྷརྟུ་པཱུ་ཙ་ཁྷཱིཿ སྐུ་གསུམ་ལྷུན་རྫོགས་རང་རིག་དཔལ་ཆེན་ལྷཿ དུ་མར་སྣང་ཡང་སྤྲོས་བསྡུ་གཅིག་ཏུ་རྫོགསཿ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་བསྟོདཿ མ་རྟོགས་ཉམས་ཆགས་འགལ་འཁྲུལ་མཐོལ་ལོ་བཤགསཿ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལཿ «ཐུགས་དམ་བསྐུལ་ཞིང་བསྙེན་སྒྲུབ་ཅིག་དྲིལ་བཟླ་བ་ནིཿ» སྐུ་གསུམ་ཡོངས་རྫོགས་ཡི་དམ་དཀྱིལ་འཁོར་ལྷཿ སྐུ་ལས་གཟི་འབར་གསུང་གི་སྔགས་སྒྲ་སྒྲོགསཿ ཐུགས་ནི་མི་གཡོ་ལྷུན་གྲུབ་རོལ་རྩལ་ངངཿ འཁོར་འདས་བདག་མེད་དཀྱིལ་འཁོར་གཅིག་དུ་རྫོགསཿ གང་ཤར་བདེ་བ་ཆེན་པོའི་རོལ་གར་ལཿ གང་བྱུང་བླ་མ་དྲག་པོའི་བྱིན་རླབས་དངཿ བདག་ཉིད་རྩ་བའི་ཐུགས་ཀ་རུཿ ཡེ་ཤེས་སེམས་དཔའ་མཐིང་གསལ་མདོགཿ རྒྱན་མེད་སྡིག་འཛུབ་དམ་རྒྱ་ཅནཿ ཐུགས་ཀར་རིན་ཆེན་ཟུར་བརྒྱད་དབུསཿ ཉི་དཀྱིལ་ཧཱུྃ་མཐིང་བཀྲག་མདངས་ལྡནཿ སྔགས་ཕྲེང་དམར་པོར་གཡས་སུ་འཁོརཿ འོད་ཀྱིས་རྒྱལ་མཆོད་བྱིན་བཅུད་བསྡུསཿ འགྲོ་དྲུག་སྒྲིབ་སྦྱངས་དག་ཞིང་བཀོདཿ ལྷ་དང་རང་རིག་དབྱེར་མེད་ངངཿ དྲེགས་པ་སྡེ་སྲིད་གདུག་པ་ཅནཿ སྦུབ་ཆུས་དྲང་བཞིན་ལུས་ངག་འཕྲོགཿ རིག་པ་ཡུམ་གྱི་མཁའ་ཀློང་འདྲེསཿ དཀྱིལ་འཁོར་འོད་བཀྲག་གཟི་བརྗིད་འབརཿ སྒོ་གསུམ་ལྷ་སྔགས་ཆོས་ཉིད་ངངཿ ཨོཾ་མ་ཧཱ་གུ་རུ་ཀྲོ་ཏོ་རཀྴ་ཨརྩིག་ནིརྩིག་བཛྲ་ཙཥྟནྚ་ཨཱཿཧཱུྃ་ཧཱུྃ་ཕཊཿ «གང་ཤར་ལྷ་ཡི་རོལ་གར་དངཿ སྒྲར་གྲགས་སྔགས་དང་དྲན་རྟོག་ཐུགསཿ ཁྱེར་སོ་གསུམ་དང་མ་བྲལ་ནཿ འཁོར་བ་མ་སྤང་གནས་སུ་དགཿ རང་གྲོལ་ཆེན་པོར་མྱ་ངན་འདསཿ ཏིང་འཛིན་སེམས་པའི་མཐའ་བསྐོར་དུཿ སྔགས་ཕྲེང་འགལ་མེའི་འཁོར་ལོ་བཞིནཿ སྒྲ་དང་བཅས་ཏེ་འཁོར་བ་ལཿ སེམས་བཟུང་སྣང་བ་ཧུར་བསྐྱེད་དོཿ སྲིད་གསུམ་འཇིགས་ཀྱང་མི་སྐྲག་པའིཿ འཇིགས་མེད་རྡོ་རྗེའི་དཔའ་ངར་བཟུངཿ སྣང་བ་གཏད་མེད་གྱུར་པའི་ཚེཿ ཐུགས་སྲོག་ཧཱུྃ་གླུ་ཀྱུར་ཀྱུར་སྒྲོགསཿ ཞལ་མཐོང་ལུང་སྟོན་དབྱེར་མེད་འདྲེསཿ འགྲུབ་ཐག་ཉེ་ཞིང་བྱིན་ནུས་མྱུརཿ ས་ལམ་ཉི་ཟླའི་བགྲོད་དང་མཚུངསཿ སྒྲུབ་ཆེན་དོ་ལིའི་བཟླས་པ་ནིཿ »བདག་ཐུགས་རྩ་བའི་སྔགས་ཕྲེང་ལསཿ སྔགས་ཕྲེང་གཉིས་ཆ་ལུག་རྒྱུད་བྱུངཿ ཡབ་གྱི་ཞལ་ཐོན་ཡུམ་ཞལ་ཞུགསཿ སྐུ་ཡི་དབྱིབས་བརྒྱུད་མཁའ་གསང་ནསཿ རྡོ་རྗེའི་ལམ་བརྒྱུད་ཐུགས་སྲོག་འདྲེསཿ བདེ་ཆེན་དགའ་བཞིའི་རྩལ་འབར་ཞིངཿ ཐུགས་ཀའི་འོད་ཟེར་འཁོར་ལ་ཕོགཿ ཀུན་ཀྱང་བཀྲག་མདངས་གཟི་བརྗིད་རྒྱསཿ དབང་དང་དངོས་གྲུབ་བྱིན་རླབས་ཐོབཿ སྣང་སྲིད་ཡོངས་བསྒྲལ་དག་ཞིང་སྒྱུརཿ ཨོཾ་མ་ཧཱ་གུ་རུ་ཀྲོ་ཏ་རཀྴ་ཨརྩིག་ནིརྩིག་བཛྲ་ཙཎྜི་ཡ་མ་རཱ་ཛ་ཧྱ་གྷྲི་ཝ་བཛྲ་པཱ་ཎི་བཾ་ཧ་རི་ནི་ས་བཛྲ་རཀྴ་ག་རུ་ཊ་ཙནྡྲ་རོ་ཥ་ཧཱུྃ་ཧཱུྃ་ཨཱཿཧཱུྃ་ཕཊཿ «བྱིན་འཇུག་སྔགས་ཀྱི་རྣོ་སོ་འདིཿ སྡེ་བརྒྱད་སྲོག་གི་སྤུ་གྲི་སྟེཿ སྒྲུབ་པ་པོ་ཡི་ཡིད་བཞིན་ནོརཿ འཕྲད་པ་ཙམ་གྱི་དངོས་གྲུབ་ཐོབཿ ལས་སྦྱོར་དྲག་པོའི་ཐོག་རྒོད་ནིཿ »ཧཱུྃཿ བདག་ཉིད་པདྨ་དྲག་ཁྲོས་ཀྱིཿ ཐུགས་སྲོག་ཧཱུྃ་ལས་དྲག་པོའི་འོདཿ ཚྭ་ལ་རྩུབ་པར་འཕྲོས་པ་ཡིསཿ གོ་ཆ་གསང་བའི་ལྷ་ལྔ་བསྐུལཿ དེ་ལས་འོད་འཕྲོས་འཁོར་ལ་ཕོགཿ ཀུན་ཀྱང་དྲག་གཏུམ་ལས་ལ་རྔམསཿ རང་ལས་སྤྲུལ་པའི་ཁྲོ་བོ་དངཿ ཡཀྴ་མེ་དབལ་ཚོགས་འཕྲོས་པསཿ སྲིད་པ་གསུམ་པོ་གཡོ་འགུལ་བརྡེགསཿ ཐམས་ཅད་བསྡུས་ནས་མདུན་དུ་བཀུགཿ ལྕགས་སྡིག་དམར་ནག་གྲངས་མེད་ཀྱིསཿ སྲིད་གསུམ་མ་ལུས་ཟས་སུ་ཟོསཿ སྟོན་པ་ཉན་ཐོས་རང་རྒྱལ་ནསཿ མནར་མེད་དམྱལ་བ་ཡན་ཆོད་ཀུནཿ མེ་བལ་ཁྱུང་དང་སྡིག་པ་ཡིསཿ བསད་བཅད་གཏུབ་ཅིང་རྡུལ་དུ་བརླགཿ ཤ་ཁྲག་རུས་གསུམ་ལྷག་མེད་རོལཿ ཡེ་ནས་ཆོས་སྐུའི་རང་བཞིན་ལཿ སྤྲོས་བྲལ་འདུས་མ་བྱས་པའི་ངངཿ ཨོཾ་ཨཱཿཧཱུྃཿ མ་ཧཱ་གུ་རུ་ཀྲོ་ཏ་རཀྴ་ཨརྩིག་ནིརྩིག་བཛྲ་ཙཎྜི་ཡ་མ་ཧཱ་ཛ་ཧྱ་གྷྲི་ཝ་བཛྲ་པཱ་ཎི་བཾ་ཧ་རི་ནི་ས་ཀྲོ་ཏ་རཱ་ཛ་ཀྲོ་དྷི་ཤྭ་རི་བཛྲ་ཡཀྴ་ཧཱུྃཿ རཀྴ་ཧཱུྃཿ ཁྲོམ་ག་རུ་ཊ་ཙ་ལེ་ཙ་ལེ་ཙཎྜ་རོ་ཥ་རྦད་རྦདཿ ཨ་ཡ་མ་དུ་རུ་ཙ་ཤ་ན་གནོད་བྱེད་སྡེ་བརྒྱད་དམ་སྲི་རྒྱལ་བསེན་འབྱུང་པོའི་སྲོག་ལ་མཱ་ར་ཡ་སྙིང་ལ་འདུས་འདུསཿ ཤ་ལ་ཡཾ་ཡཾཿ ཁྲག་ལ་ཧུབ་ཧུབཿ རུས་ལ་ཆེམ་ཆེམཿ སྙིང་རྩ་སྲོག་རྩ་ཁྲག་རྩ་ལ་མཱ་ར་ཡ་རྦད་རྦདཿ བྲེང་བྲེངཿ ཤད་ཤདཿ ཀཱ་ཡ་ཝཱཀྐ་ཙིཏྟ་རླག་རླགཿ ཛཿབྷྱོ་ཕཊཿ «སྲིད་གསུམ་ཕུང་ཞིང་བརླག་བྱེད་པའིཿ དྲག་སྔགས་མེ་ཡི་སྤུ་གྲི་འདིཿ སྒྲ་ཐོས་ཙམ་གྱིས་འཇོམས་བྱེད་ནཿ ལས་ལ་སྦྱར་བ་ལྟ་ཅི་སྨོསཿ ལས་ཕྲན་རིམ་པ་གང་ལའངཿ» «ཏིང་འཛིན་དམིགས་པའི་ཆོ་འཕྲུལ་ནིཿ རྒྱལ་པོ་བློན་གྱིས་བསྒྱུར་བ་བཞིནཿ ཐོག་མེད་འགྲུབ་པར་གདོན་མི་ཟཿ གྲངས་ཀྱི་བསྙེན་པ་ཁྲི་ཁོ་ནཿ མཚན་མ་རྟགས་མཐོང་སྐབས་སུའོཿ དམིགས་བསལ་བརྒྱའམ་སྟོང་གིས་འགྲུབཿ དུས་མིན་བཟླ་བར་མི་བྱའོཿ ཛབ་མཇུག་བསྡུ་བ་ནིཿ རྩ་སྔགས་ཤམ་བུརཿ» ཤནྟིཾ་པུཥྟཾ་ཝ་ཤཾ་མཱ་ར་ཡ་ཕཊཿ གུ་རུ་དྲག་པོའི་ལྷ་ཚོགས་འགྲུབ་པར་གྱུག་གིཿ ཨོཾ་ཨ་ཨཱཿ ཨི་ཨཱིཿ ཨུ་ཨཱུཿ རྀ་རཱྀཿ ལྀ་ལཱྀཿ ཨེ་ཨཻཿ ཨོ་ཨཽཿ ཨཾ་ཨཱཿ ཀ་ཁ་ག་གྷ་ངཿ ཙ་ཚ་ཛ་ཛྙ་ཉཿ ཊ་ཋ་ཊ་ཌྷ་ཎཿ ཏ་ཐ་ད་དྷ་ནཿ པ་ཕ་བ་བྷ་མཿ ཡ་ར་ལ་ཝཿ ཤ་ཥ་ས་ཧ་ཀྵཿ ཧོཿ ཡི་དམ་དབང་དྲག་ཁྲོས་པའི་ལྷ་ཚོགས་ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེསཿ བརྩེ་བའི་ཐུགས་རྗེཿ སྐྱོབས་པའི་ནུས་མཐུཿ རྣམ་བཞིའི་ཕྲིན་ལསཿ བསམ་གྱིས་མི་ཁྱབ་པའི་མངའ་བདག་སྟེཿ བདག་ཅག་སྒྲུབ་པ་པོ་ལ་རྗེས་སུ་དགོངས་ལཿ སྒོ་གསུམ་སྒྲིབ་གཉིས་བག་ཆགས་དང་བཅས་པ་བྱང་ཞིང་དག་ནསཿ མཆོག་གི་དངོས་གྲུབ་བླ་མ་དྲག་པོའི་གསང་བ་གསུམ་དང་དབྱེར་མེད་དུ་འདྲེས་ཤིངཿ ལོངས་སྐུ་ཆེན་པོར་འཚང་རྒྱ་བ་དངཿ ཐུན་མོང་གི་དངོས་གྲུབ་ཞི་རྒྱས་དབང་དྲག་གྲུབ་པ་བརྒྱདཿ ལས་ཆེན་བཅུ་གཉིས་སོགས་མྱུར་བ་ཉིད་དུ་འགྲུབ་པར་བྱིན་གྱིས་བརླབ་པར་མཛད་དུ་གསོལཿ ཨོཾ་ཡེ་དྷརྨཱ་«སོགས་»ཎ་ཡེ་སྭཱ་ཧཱཿ «མཆོད་པ་ནིཿ» ཧཱུྃཿ གུ་རུ་དྲག་པོའི་ལྷ་ཚོགས་འཁོར་བཅས་ལཿ ཕྱི་མཆོད་འདོད་ཡོན་དྲག་པོའི་རྣམ་ལྔ་དངཿ རྐང་གླིང་ཐོད་རྔ་ཁྱད་པར་མཆོད་པ་ནིཿ པཉྩ་ཨ་མྲྀ་ཏ་དང་བཱ་ལིང་ཏཿ མ་ཧཱ་རཀྟ་ཏ་ན་ག་ནར་བཅསཿ འབུལ་ལོ་བླ་མེད་མཆོག་གི་དངོས་གྲུབ་སྩོལཿ ཨོཾ་བཛྲ་པུཥྤ་དྷུཔྤེ་ཨ་ལོ་ཀེ་གྷནྡྷེ་ནེ་ཝི་ཏྱ་ཤཔྟ་མ་ཧཱ་པཉྩ་རཀྟ་བྷ་ལིང་ཏ་ཏཱ་ན་ག་ན་པཱུ་ཙ་ཧོཿ «བསྟོད་པ་ནིཿ» ཧཱུྃཿ རང་བྱུང་ལྷུན་གྲུབ་པདྨ་ཐོད་ཕྲེང་རྩལཿ སྲིད་གསུམ་འདུལ་ཕྱིར་དྲག་པོའི་སྐུར་བཞེངས་པཿ དྲག་གཏུམ་ཁྲོས་པ་རྡོ་རྗེ་སྲིན་པོའི་རྒྱལཿ དབང་དྲག་གདུག་པ་འདུལ་ལ་ཕྱག་འཚལ་བསྟོདཿ གོ་ཆ་བྱིན་རླབས་དྲག་རྩལ་རིགས་བཞི་དངཿ ལས་ཀྱི་ཕོ་ཉ་དྲེགས་པ་སྡེ་བརྒྱད་ཚོགསཿ ཁྲོ་བོ་ཁྲོ་མོ་དབང་ཕྱུག་འབར་མ་སོགསཿ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་བསྟོད་པར་བགྱིཿ« བཟོད་གསོལ་ནིཿ» རང་རིག་ཡེ་ནས་ཡི་དམ་ཁྲོ་བོའི་རྒྱལཿ གཉིས་འཛིན་དབང་གིས་བདག་དང་ལྷ་རུ་བཟུངཿ ལྷ་སྔགས་ཏིང་འཛིན་འགལ་འཁྲུལ་དམ་ཉམས་ཀུནཿ མཉམ་ཉིད་བདེ་ཆེན་ཆོས་སྐུའི་ཀློང་དུ་བཤགསཿ ཨོཾ་བཛྲ་སཏྭ་ས་མ་ཡ་«སོགས»་ས་ཏྭ་ཨཱཿ དགེ་བ་འདི་ཡིས་མྱུར་དུ་བདགཿ གུ་རུ་དྲག་པོ་འགྲུབ་གྱུར་ནས༔ འགྲོ་བ་གཅིག་ཀྱང་མ་ལུས་པཿ དེ་ཡི་ས་ལ་འཁོད་པར་ཤོགཿ« ཐུན་མཐར་མཆོད་བསྟོད་བཟོད་གསོལ་སྨོན་ལམ་བྱཿ བསྡུ་རིམ་རྟག་ཆད་མཐའ་བསལ་སྤྲོས་པ་བྲལཿ ཆད་མཐའ་བསལ་བ་བསྐྱེད་རིམ་ལྷ་སྒོམ་སྟེཿ རྟག་མཐའ་བསལ་བ་ངང་མདངས་སྐྱོངས་བའོཿ ཟབ་ཟབ་གདམས་པ་བཅུད་ལས་བཅུད་དུ་བསྡུསཿ བསྐྱེད་རྫོགས་ཡང་སྙིང་རང་གི་སྒྲུབ་པ་འདིཿ སྲོག་ལས་འཕང་ཀྱང་ལྷ་ལྕམ་ཁྱོད་ལ་གཏདཿ ལེ་ལོ་མ་མཛད་རྩེ་གཅིག་བསྒྲུབ་པས་ནཿ ཞག་བདུན་འབྲས་བུའི་དེ་ཉིད་མཐོང་བར་ངེསཿ དང་པོའི་ལས་ཅན་དག་གིས་འདི་མི་རྟོགསཿ སེང་གེའི་འོ་མ་སྣོད་མིན་མི་ཆུམ་བཞིནཿ ཡོངས་སུ་གྲགས་ན་འཕང་བའི་རྒྱུ་ལས་གངཿ ང་སྒྲུབ་གདམས་པའི་སྙིང་ཁུ་འདི་ཁོ་ནཿ ཉིན་གྱི་རྣལ་འབྱོར་ལྷ་དང་མ་བྲལ་ཞིངཿ མཚན་གྱི་རྣལ་འབྱོར་འོད་དང་མ་བྲལ་ནཿ ཆོས་ཉིད་བར་དོའི་སྣང་བ་ཤར་བའི་ཚེཿ ང་དང་ལོངས་སྐུའི་ཞིང་དུ་མངོན་འཚང་རྒྱཿ འཛིན་པ་ཞིག་ཚེ་བར་ཆོད་བདུད་ལས་གྲོལཿ བཟང་ངན་རེ་དོགས་འཕྲང་ལས་ཐར་བར་ངེསཿ བདག་འདྲ་ཨ་ཙར་པུཥྤེ་ཀ་ར་ཡིཿ ཉམས་ལེན་གཅིག་ཆོག་ལྷ་ལྕམ་ཡུམ་ལ་གཏདཿ རྡོ་རྗེ་ཕག་མོའི་ཐུགས་ཀྱི་ཀློང་དུ་སྦསཿ མ་འོངས་སྤྲུལ་པ་འགྲོ་དོན་སྤྱོད་པའི་དུསཿ སྲོག་གི་ཀྭ་བ་འཇིགས་པའི་གོ་ཆ་བཙནཿ གཡུལ་འཇོམས་མཚོན་ཆའི་འཁོར་ལོར་འདི་འགྱུར་ཤོགཿ བཀའ་འདི་མ་མོ་གཟའ་དང་དབང་ཕྱུག་ནགཿ ཀླུ་བདུད་དྲེགས་པ་སྡེ་བརྒྱད་ཚོགས་ལ་གཏདཿ བཀའ་བཙན་བྱིན་རླབས་མྱུར་ཞིང་མཐུ་ལྡན་ཤོགཿ ས་མ་ཡཿ སྐུ་གསུང་ཐུགས་ཀྱི་རྒྱཿ མེ་ཕོ་རྟ་ཡི་ལོ་མགོ་ཟླ་བ་ལ་རྟེན་འབྲེལ་དུས་བབས་ཀྱི་ཌཱཀྐིས་ཡང་ཡང་བསྐུལ་ལྟར་སྤྲུལ་སྒྱུར་ཨ་ཙར་དམར་པོས་ཡང་གསང་བརྡ་རིས་ལས་དག་པར་ཕབ་པའི་ཡི་གེ་པ་ནི་བཻ་རོའི་རྣམ་སྤྲུལ་རིག་པའི་ཡེ་ཤེས་ཀྱིས་བགྱིས་པ་ཤིན་ཏུ་ཟབ་པའི་མཐར་ཐུག་པ་མ་དྷིཿ