DKYD-KABUM-03-GA-037

From Khyentse Lineage - A Tsadra Foundation Project
Revision as of 13:50, 21 June 2024 by Mort (talk | contribs)
Wylie title
Location mdo mkhyen brtse bka' 'bum
Volume 3, Text 37, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre
Cycle དམ་པའི་གསང་ཆོས་བཅུ་གསུམ་ (dam pa'i gsang chos bcu gsum)
[edit]
༄༅། །དམ་པའི་གསང་ཆོས་བཅུ་གསུམ་ལསཿ གསང་སྒྲུབ་ཐུགས་ཀྱི་སྙིང་ཁུ་བཞུགས་སོཿ ཿ«༄༅། །྅྅྅ གུ་རུ་ཛྙཱན་ཌཱཀྐི་ཡེ༔ ཌཱཀྐི་རྒྱ་མཚོའི་ཐུགས་བཅུད་དགོངས་པའི་ཀློང༔ དབྱེར་མེད་འདྲེས་པ་བོད་ཡུལ་ལབ་ཀྱི་སྒྲོན༔ གསང་བའི་མཚན་ནི་བདེ་བ་ཀུན་བཟང་མོ༔ རང་གི་སྒྲུབ་པ་བླ་མའི་གསུང་བཞིན་བཀོད༔ སྤྲོས་བཅས་སྣང་བ་རྨི་ལམ་སྒྱུ་མར་རྟོགས༔ སྤྲོས་མེད་དེ་བཞིན་ཉིད་དུ་རོ་གཅིག་པའི༔ བདག་ནི་སྐྱེ་བ་གཅིག་ནས་ངེས་པར་གྲོལ༔ འདི་ཀོ་དྲིན་ལྡན་དམ་པ་རྗེ་ཡི་དྲིན༔ རབ་འབྱམས་རྒྱལ་བ་ཞི་ཆགས་ཁྲོ་བོའི་ལྷ༔ ཡེ་ཤེས་མཁའ་འགྲོ་དཔའ་བོ་དཔའ་མོ་སོགས༔ བདག་གི་རིག་རྩལ་དང་ནི་རྩ་ཁམས་ལ༔ ཡོངས་སུ་རྫོགས་པའི་གཅིག་ཆོག་ནོར་བུའི་ལུགས༔ རྩ་གསུམ་ཡང་གསང་བླ་མེད་སྒྲུབ་ཐབས་བསྟན༔ ཐོག་མར་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པ༔» ན་མོ༔ ཕྱོགས་བཅུ་དུས་བཞིར་བཞུགས་པའི་བདེ་བར་གཤེགས༔ རིགས་བརྒྱ་རིགས་ལྔ་གསང་ཆེན་རིགས་གཅིག་སོགས༔ ཡོངས་ཟླུམ་བླ་མ་ཕ་གཅིག་དམ་པ་རྗེ༔ དཀྱིལ་འཁོར་ཡོངས་རྫོགས་དྲིན་ལྡན་མ་གཅིག་མར༔ བདག་ཉིད་རྩེ་གཅིག་གུས་པས་གསོལ་འདེབས་ཤིང༔ སྐྱབས་སུ་མཆིའོ་བརྩེ་བས་རྗེས་སུ་ཟུངས༔ ཀྱཻ་མ༔ སྡུག་བསྔལ་མཐའ་མེད་འཁོར་བར་ཡང་ནས་ཡང༔ རྣམ་པར་འཕྱན་པའི་མཁའ་ཁྱབ་སེམས་ཅན་ཀུན༔ མ་གཅིག་ཡུམ་ཆེན་གོ་འཕང་ལ་འགོད་ཕྱིར༔ དོན་དམ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ «ཡན་ལག་བདུན་པ་འབུལ་བ་ནི༔» ན་མོ༔ བདག་ལུས་རྡུལ་སྙེད་གྲངས་ལྡན་ཕྱག་འཚལ་ཞིང༔ སྟོང་གསུམ་ལྷ་མའི་ལོངས་སྤྱོད་མཆོད་པར་འབུལ༔ སངས་རྒྱས་གཞན་དུ་བཙལ་བ་མཐོལ་ལོ་བཤགས༔ ཐུགས་རྗེས་རྗེས་འཛིན་མཛད་ལ་ཡི་རང་ངོ༔ ཐབས་མཁས་སྣ་ཚོགས་འགྲོ་དོན་མཛད་པར་བསྐུལ༔ བདག་དོན་འབྲལ་མེད་བཞུགས་པར་གསོལ་བ་འདེབས༔ ཟག་མེད་དགེ་བ་སེམས་ཅན་དོན་དུ་བསྔོ༔ «གཉིས་པ་དངོས་གཞིའི་རིམ་པ་ནི༔» ཨཱ༔ བརྗོད་བྲལ་དེ་བཞིན་ཉིད་དབྱིངས་ལས༔ དམིགས་པ་མེད་པའི་སྙིང་རྗེ་ཤར༔ རིག་པ་ཨཱཿཡིག་ཡོངས་གྱུར་ལས༔ སྐུ་གསུམ་འདུས་ཞལ་ཌཱཀྐི་མ༔ སྐུ་མདོག་དུང་གི་རི་བོ་ལ༔ པདྨ་རཱ་གའི་མདངས་དང་ལྡན༔ ཞལ་སྐྱིན་ཞི་འཛུམ་ཆགས་པའི་ཉམས༔ སྤྱན་གསུམ་འབྲུ་ཚུགས་འཁོར་འདས་གཟིགས༔ དབུ་སྐྲ་ཕྱེད་བཅིང་ཐོར་ཚུགས་མཛེས༔ ལྷག་མ་སིལ་མས་སྐུ་རྒྱབ་ཁེབ༔ ཕྱག་གཡས་གསེར་གྱི་ཌཱ་མ་རུ༔ ནམ་མཁར་འཁྲོལ་བའི་སྒྲ་ཆེན་གྱིས༔ རབ་འབྱམས་ཞིང་གི་ཐུགས་རྒྱུད་བསྐུལ༔ གཡོན་པའི་དངུལ་དཀར་དྲིལ་བུའི་སྒྲས༔ སྲིད་གསུམ་སྣང་བ་དབང་དུ་བསྡུས༔ དར་དང་རིན་ཆེན་རུས་རྒྱན་གསོལ༔ ནུ་འབུར་བྷ་ག་ལང་ཚོ་རྒྱས༔ ཞབས་གཉིས་དཔའ་མོའི་རོལ་སྟབས་ཀྱིས༔ པདྨ་ཉི་ཟླའི་གདན་སྟེང་དུ༔ གཟི་བརྗིད་འོད་ཟེར་འབར་བར་བཞུགས༔ འོད་ལུས་ཡེ་ཤེས་སྙིང་པོ་ཅན༔ ཕུང་ཁམས་སྐྱེ་མཆེད་དབང་ཡུལ་ཀུན༔ གདན་གསུམ་ཚང་བའི་སྐུ་རུ་རྫོགས༔ སྤྱི་བོར་འཇའ་འོད་འཁྱིལ་བའི་ཀློང༔ སངས་རྒྱས་ཀུན་འདུས་པདྨ་སྐྱེས༔ དབྱེར་མེད་དམ་པ་རྒྱ་གར་ཡབ༔ སྐུ་མདོག་གནག་སྣུམ་གཟི་འོད་འབར༔ ཕྱག་གཡས་བྷནྡྷ་ལྟག་སྤྲོད་འཁྲོལ༔ རྩ་གསུམ་ཌཱཀྐི་གནད་ནས་བསྐུལ༔ གཡོན་པས་མཆོག་ཆེན་རྐང་གླིང་སྒྲས༔ འཇིག་རྟེན་མ་མོ་མཁའ་འགྲོ་དང༔ ལྷ་འདྲེ་མི་གསུམ་སྙིང་རྩ་ཁོལ༔ ཞལ་སྐྱིན་ཞི་མ་ཁྲོ་ཡི་ཉམས༔ སྤྱན་གསུམ་སྡང་མིག་གཡོ་བ་ཡིས༔ སྲིད་པ་གསུམ་པོ་འདར་ཞིང་འདུད༔ དབུ་སྐྲ་གནག་སྣུམ་གྱེན་དུ་བཅིངས༔ ལྷག་མའི་ཟར་བུ་ས་ལ་བསྙིལ༔ ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས༔ སྟག་ཤམ་རུས་པའི་རྒྱན་དྲུག་སྤྲས༔ སྐུ་ཡི་བ་སྤུའི་བུ་ག་ལས༔ རྡོ་རྗེ་མེ་ཡི་ཚྭ་ཚྭ་འཕྲོ༔ འཇིག་རྟེན་མཁའ་འགྲོ་དམ་སྲིའི་དཔུང༔ ལྷག་མ་མེད་པར་གཞོབ་ཐུལ་བསྲེགས༔ རྣམ་པར་ཤེས་པ་དབྱིངས་སུ་སྤར༔ སངས་རྒྱས་ཆོས་དང་འཕགས་པའི་སྡེ༔ བླ་མ་ཡི་དམ་མཁའ་འགྲོ་མ༔ ཀུན་འདུས་དཀྱིལ་འཁོར་གཅིག་ཏུ་ཤར༔ མ་གཅིག་གནས་གསུམ་འབྲུ་གསུམ་ལས༔ འོད་འཕྲོས་ཆོས་ལོངས་སྤྲུལ་པའི་སྐུ༔ ཡེ་ཤེས་ལྷ་ཚོགས་སྤྱན་དྲངས་བསྟིམས༔ དབང་བསྐུར་བྱིན་གྱིས་བརླབས་པར་གྱུར༔ «གསུམ་པ་སྤྱན་འདྲེན་བྱིན་འབེབས་ནི༔» ཧྲཱི༔ རང་སྣང་རྣམ་དག་ཆོས་དབྱིངས་ཕོ་བྲང་ནས༔ གཞོན་ནུ་བུམ་སྐུ་ཀུན་བཟང་ཡབ་དང་ཡུམ༔ དགོངས་པའི་ཀློང་ལས་ལྷུན་གྲུབ་ཡེ་ཤེས་རྩལ༔ རིགས་ལྔའི་རྣམ་གྲོལ་རྒྱལ་བ་ཞི་ཆགས་ཁྲོ༔ སྤྲུལ་པ་དུ་མར་ཤར་བའི་ཌཱཀྐི་མ༔ རིག་འཛིན་དཔའ་བོ་དཔའ་མོའི་རྣམ་རོལ་གར༔ ཡེ་ནས་རང་དང་འདུ་འབྲལ་མེད་པའི་ཕྱིར༔ གཤེགས་དང་གཤེགས་པར་བྱ་བ་མི་དམིགས་ཀྱང༔ རྟེན་འབྲེལ་སྣང་ཆ་སྒྱུ་མའི་རོལ་གར་གྱིས༔ སྤྱན་འདྲེན་འདིར་གཤེགས་ངོ་མཚར་རྟགས་མཚན་སྟོན༔ དབང་བསྐུར་བྱིན་ཕོབ་མཆོག་ཐུན་དངོས་གྲུབ་སྩོལ༔ ལུས་ལ་རྫུ་འཕྲུལ་མཆོག་འགྲུབ་བདེ་བ་འཕེལ༔ ངག་ལ་བདེན་ཚིག་ནུས་མཐུ་དམོད་པ་གྲུབ༔ སེམས་ལ་མངོན་པར་ཤེས་དང་རྟོགས་པ་སྤོར༔ ཟག་བཅས་ཟག་མེད་དཔལ་ཡོན་འཕེལ་བ་དང༔ རབ་འབྱམས་ཕྲིན་ལས་ཐོགས་མེད་མྱུར་འགྲུབ་སྩོལ༔ ཨོཾ་གུ་རུ་དྷེ་ཝ་ཌཱཀྐི་ནི་ཛྙཱ་ན་སརྦ་ས་མ་ཡ་ཨ་ཝེ་ཤ་ཡ་ཕེཾ་ཕེཾ༔ ཀཱ་ཡ་ཝཱཀྐ་ཙིཏྟ་གུ་ཎ་ཀརྨ་སིདྡྷི་ཕ་ལ་ཧོ༔ «བཞི་པ་བཞུགས་གསོལ་ཕྱག་འཚལ་ནི༔» ཡེ་ཤེས་ལྷ་ཚོགས་རིག་པའི་ཀློང་དུ་འདྲེས༔ འཁོར་འདས་དུ་མ་རོ་གཅིག་ཆེན་པོའི་ངང༔ ནང་བཅུད་སེམས་ཅན་དཔའ་བོ་དཔའ་མོའི་ཚོགས༔ བླ་མ་མཁའ་འགྲོ་དབྱེར་མེད་བརྡ་ཕྱག་འཚལ༔ ཏིཥྛ་བཛྲ༔ ན་མོ་ན་མ་ཧོ༔ «ལྔ་པ་མཆོད་པ་འབུལ་བ་ནི༔ »འབྲུ་གསུམ་འོད་ཀྱིས་མ་དག་ཉེས་སྐྱོན་སྦྱངས༔ སྲིད་ཞིའི་གཟུགས་སྒྲ་དྲི་རོ་རེག་བྱའི་ཚོགས༔ རུ་ཏྲ་བསྒྲལ་ཞིང་རྣམ་ཤེས་དབྱིངས་སུ་སྤར༔ དགའ་བཞི་བདེ་ཆེན་ལྷན་སྐྱེས་ཡེ་ཤེས་སྦྱོར༔ ཟག་མེད་ཏིང་འཛིན་བདེ་བའི་མཆོད་པ་འབུལ༔ ཨོཾ་རཱུ་པ་ཤབྡ་གྷནྡྷེ་ར་ས་སྤར་ཤེ་ཏ་ན་ག་ཎ་མ་ཧཱ་སུ་ཥ་པཱུ་ཙ་ཨ་ཧོ༔ «དྲུག་པ་བསྟོད་པ་བྱ་བ་ནི༔» ཧྲཱི༔ འཇིགས་པ་ཀུན་བྲལ་རྡོ་རྗེའི་སྐུ༔ འགགས་མེད་ཐོས་གྲོལ་རྡོ་རྗེའི་གསུང་༔ མཁྱེན་གཉིས་ཡེ་ཤེས་རྡོ་རྗེའི་ཐུགས༔ མ་གཅིག་གསང་བ་ཡུམ་ལ་བསྟོད༔ «བདུན་པ་ཐུགས་དམ་རྒྱུད་བསྐུལ་ནི༔ »ཀྱེ་ཀྱེ་རྒྱལ་བ་ཐུགས་རྗེ་ཅན༔ མ་གཅིག་ཡུམ་ཆེན་སྤྲུལ་པའི་སྐུ༔ ལུས་སེམས་བསྐྱེད་ཅིང་གདམས་ངག་བསྟན༔ ཆོས་སྐུའི་རྒྱལ་སར་དབུགས་དབྱུང་མཛད༔ ཕ་གཅིག་དམ་པ་རྒྱ་གར་བ༔ ཡུམ་གྱི་ལྷུམ་ནས་དབང་བཞི་གནང༔ སྒྲིབ་པ་སྦྱངས་ཤིང་སྒོ་གསུམ་བསྒྱུར༔ སྨིན་གྲོལ་བྱང་ཆུབ་ལམ་ལ་བཀོད༔ ལས་སྨོན་དག་པའི་ལུང་ཡང་བསྟན༔ བཀའ་བཞིན་བསྒྲུབས་པའི་ཡོན་ཏན་གྱིས༔ རྩ་རླུང་ཐིག་ལེ་ལས་སུ་རུང་༔ ཟག་བཅས་ལུས་ཀྱི་འཛིན་པ་ཞིག༔ ཟག་མེད་ཏིང་འཛིན་དྲོད་ཚད་ཐོབ༔ སྐུ་གསུམ་རྒྱལ་པོར་དབུགས་དབྱུང་མཛད༔ བཀའ་དྲིན་དྲན་ནོ་འཁོར་མཐའ་བྲལ༔ འོན་ཀྱང་སྙིགས་མ་ལྔ་བདོར་འདིར༔ ཡབ་ཡུམ་ཕྲིན་ལས་ཕོ་ཉ་བ༔ མཐའ་འཁོབ་བོད་དུ་སྲིད་བཟུང་ཚེ༔ དམུ་རྒོད་སེམས་ཅན་གདུལ་དཀའ་ཞིང༔ ལོག་ལྟ་དམ་ཉམས་འཁོར་གྱིས་བསྐོར༔ སྨོན་ལམ་ལས་སྐལ་དག་རྣམས་ཀྱང༔ ལོག་སྨོན་བདུད་ཀྱི་རིགས་འགའ་ཡིས༔ ལོག་པའི་ལམ་དུ་ཁྲིད་སྲིད་ཅིང༔ ཟག་བཅས་ཤ་ཁྲག་རུས་པའི་ལུས༔ གྲིབ་དང་འདུ་བ་རྣམ་བཞིས་གཟིར༔ རྩ་རླུང་ཐིག་ལེའི་ཁམས་འཁྲུག་པའི༔ ནད་དང་ཟུག་རྔུ་ཚོར་བས་གདུང༔ བདག་ལ་རེ་ས་གཞན་ན་མེད༔ མ་གཅིག་ཡེ་ཤེས་ཌཱཀྐི་མ༔ གསོལ་འདེབས་ཐུགས་དམ་གནད་ནས་བསྐུལ༔ སྔོན་གྱི་ཞལ་བཞེས་དུས་ལ་བབ༔ རང་རིག་དྲི་མ་མེད་པའི་ཀློང༔ ཁྱོད་ཀྱི་དགོངས་པའི་རྩལ་རྫོགས་ཤིང༔ མ་ཡི་སྐུ་གསུང་ཐུགས་རྡོ་རྗེ༔ བདག་གི་སྒོ་གསུམ་དང་འདྲེས་ནས༔ ཟག་བཅས་འོད་ཀྱི་སྐུ་རུ་སྨིན༔ ཟག་མེད་ཏིང་འཛིན་རྒྱུད་ལ་སྐྱེས༔ མ་བུ་ཆུ་ལ་ཆུ་བཞག་འདྲེས༔ ཕ་ཡི་ཐུགས་རྗེས་རྗེས་འཛིན་ཞིང༔ ཐུགས་རྒྱུད་དགོངས་པ་རྟོགས་པར་ཤོག༔ ཨོཾ་གུ་རུ་ཨ་པཱ་ར་ཛྙཱ་ན་ཌཱཀྐི་ནི་སརྦ་སིདྡྷི་ཧཱུྃ༔ «བརྒྱ་རྩ་བརྒྱད་དམ་ཉེར་གཅིག་བཟླས༔ བསྙེན་སྒྲུབ་ཆིག་དྲིལ་བཟླས་དམིགས་ནི༔ »བདག་ཉིད་མ་གཅིག་ཐུགས་ཀ་རུ༔ པདྨ་ཉི་ཟླའི་གདན་གྱི་སྟེང་༔ དགའ་བ་འཁྱིལ་བའི་དབུས་ཉིད་དུ༔ ཨཱཿཡིག་མཐིང་གསལ་ནམ་མཁའི་མདོག༔ མཐའ་བསྐོར་སྔགས་ཕྲེང་དམར་སེར་མདངས༔ དེ་ལས་འཕྲོས་པའི་འོད་ཟེར་གྱིས༔ འཁོར་འདས་དཔལ་ཡོན་བྱིན་རླབས་བསྡུས༔ སྣོད་བཅུད་དྷུ་མ་ཐ་ལར་གྱུར༔ འོད་ཟེར་ཐུགས་སྲོག་ལ་བསྡུས་པའི༔ མཆོག་ཐུན་དངོས་གྲུབ་ཀུན་ཐོབ་ཅིང༔ ཡོན་ཏན་ནུས་པ་གཟི་བརྗིད་རྒྱས༔ ཕྲིན་ལས་ཐོགས་པ་མེད་པར་གྱུར༔ ཨོཾ་ཏཱ་རེ་སུ་ཥ་བྷ་ཏྲ་སིདྡྷི་ཨཱཿཧཱུྃ༔ «བཅུད་དྲིལ་རྩ་བའི་སྙིང་པོ་འདི༔ འབུམ་ཕྲག་བདུན་གྱིས་ཞལ་མཐོང་ཞིང་༔ མཆོག་ཐུན་དངོས་གྲུབ་ཐེ་ཚོམ་མེད༔ སྣང་བ་དག་པ་རབ་འབྱམས་ཞིང་༔ སྒྲ་གྲགས་ཡུམ་གྱི་གསུང་གི་སྒྲ༔ དྲན་རྟོག་དགོངས་པ་ཟངས་ཐལ་དང་༔ སྦྲག་པ་མེད་པའི་མངོན་ཤེས་འཆར༔ རང་ལུས་སྟོང་གསལ་འཛིན་པ་བྲལ༔ དེ་ཚེ་སྤྲུལ་བསྒྱུར་རྩལ་རྫོགས་ནས༔ སྣ་ཚོགས་རྫུ་འཕྲུལ་འགྲུབ་པར་འགྱུར༔ གྲུབ་འབྲས་ཡོན་ཏན་བརྗོད་ལས་འདས༔ སྨོན་ལམ་དག་པའི་སྐལ་པ་སྟེ༔ གཞན་གྱི་སྤྱོད་ཡུལ་མ་ཡིན་ནོ༔ ས་མ་ཡཱ༔» མ་གཅིག་ཐུགས་ལས་རིགས་ལྔའི་མཁའ་འགྲོ་མ༔ དམ་པ་རྒྱ་གར་རང་འདྲ་གྲངས་མེད་འཕྲོས༔ འཇིག་རྟེན་མཁའ་འགྲོ་དམ་སྲི་བདུད་ཀྱི་སྡེ༔ ནག་ཕྱོགས་མི་དང་མི་མིན་འབྱུང་པོའི་རིགས༔ ལུས་ངག་ཡིད་གསུམ་ལྷག་མེད་བསྲེགས་གཏོར་སྦྱངས༔ རྣམ་པར་ཤེས་པ་ཆོས་ཀྱི་དབྱིངས་སུ་སྦར༔ ཨོཾ་བཛྲ་ཌཱ་ཀ་ཌཱཀྐི་ནི་མ་ར་ཡ་ཕཊཿ «ཞི་རྒྱས་དབང་དང་དྲག་པོ་ལས༔ གང་བབ་དམིགས་པའི་འཕྲུལ་འཁོར་གྱིས༔ ལས་ཀུན་འགྲུབ་པར་ཐེ་ཚོམ་མེད༔ »ཤིནྟཾ༔ པུཥྨཾ༔ ཝ་ཤཾ༔ མ་ར་ཡ་ཕཊ༔ «དགོས་འདོད་ཀུན་འབྱུང་ནོར་བུ་ལ༔ གསོལ་བ་བཏབ་པ་ཇི་བཞིན་ནོ༔ ང་ཉིད་གྲུབ་པའི་རྣལ་འབྱོར་ལ༔ ལས་ཀུན་རིག་པའི་རྩལ་ལས་ཤར༔ ཐུན་མཐར་མཆོད་ཅིང་བསྟོད་པ་ནི༔ »བླ་མ་མཁའ་འགྲོ་ཡུམ་ཆེན་མོར༔ འདོད་ཡོན་ལྔ་དང་ཕྱི་ནང་གསང༔ ཟག་མེད་བདེ་བ་ཆེན་པོ་ཡི༔ མཆོད་པ་འབུལ་ལོ་དགྱེས་པར་བཞེས༔ སརྦ་པཱུ་ཙ་ས་མ་ཡ་ཧོ༔ སྨྲ་བསམ་བརྗོད་མེད་སྤྲོས་བྲལ་ཆོས་ཀྱི་ཐུགས༔ མ་སྐྱེས་མི་འགག་ལོངས་སྤྱོད་རྫོགས་སྐུའི་གསུང༔ མི་གནས་སྣ་ཚོགས་རྩལ་ཤར་སྤྲུལ་པའི་སྐུ༔ བླ་མ་ཡུམ་ཆེན་དབྱེར་མེད་དཔལ་ལ་བསྟོད༔ «སྐབས་སུ་བཟའ་བཏུང་ཚོགས་འཁོར་ནི༔ »རྃ་ཡྃ་ཁྃ༔ དབྱིངས་ལས་རང་བྱུང་མེ་རླུང་ཆུས༔ ཚོགས་ཀྱི་མ་དག་ཉེས་ཀུན་སྦྱངས༔ འབྲུ་གསུམ་འོད་དུ་ཞུ་བ་ལས༔ ཐབས་ཤེས་རྫས་མཆོག་བདུད་རྩིར་བསྒྱུར༔ ཨོཾ་ཨཱ༔ཧཱུྃ་ཧ་ཧོ་ཧྲཱི༔ ཧཱུྃ༔ཚོགས་རྫས་ཤ་ལྔ་བདུད་རྩི་ལྔ༔ འདོད་ཡོན་ལོངས་སྤྱོད་དཔག་མེད་པ༔ ཕ་གཅིག་དྲིན་ལྡན་བླ་མ་དང་༔ མ་གཅིག་ཡེ་ཤེས་མཁའ་འགྲོ་མ༔ དཔའ་བོ་དཔའ་མོའི་ཚོགས་བཅས་ལ༔ མཆོད་པ་འབུལ་ལོ་བཞེས་སུ་གསོལ༔ དགྱེས་སྐོང་དམ་ཚིག་ཉམས་ཆག་བཤགས༔ མ་རིག་གཟུང་འཛིན་དགྲ་གདོན་ཀུན༔ རིག་པ་ཡེ་ཤེས་ཀློང་དུ་བསྒྲལ༔ སྦྱོར་སྒྲོལ་བདེ་བ་ཆེན་པོ་ཡིས༔ ཐུགས་དམ་གཉེན་པོ་བསྐང་གྱུར་ཅིག༔ ག་ཎ་ཙཀྲ་པཱུ་ཙ་ཧོ༔ ས་མ་ཡ་ཤུདྡྷེ་ཨཱ༔ ཧ་ལ་པཉྩ་པཱུ་ཙ་ཁཱ་ཧི༔ «ལྷག་མའི་མགྲོན་ལ་བསྔོ་བ་ནི༔» ཕེཾ༔ ཀོའུ་རི་མ་དང་སེང་ཧ་མ༔ འབར་མ་དབང་ཕྱུག་གིང་ལང་ཚོགས༔ ཚོགས་ལྷག་ཕ་འབབ་འདི་ལོངས་ལ༔ རྣལ་འབྱོར་པ་ཡི་ཕྲིན་ལས་སྒྲུབས༔ ཨུཥྩི་ཊ་ཨ་མྲྀ་ཏ་ཁཱ་ཧི༔ «གཙང་མའི་གནས་སུ་གཏོར་བར་བྱ༔ རྗེས་ཀྱི་རིམ་པ་བཤགས་སྨོན་ནི༔ »བཀའ་དྲིན་གསུམ་ལྡན་བླ་མ་ལ༔ བཀའ་བཅག་ཐུགས་དཀྲུག་ལོག་ལྟ་ཤོར༔ བླ་མ་མ་གཅིག་དབྱེར་མེད་པ༔ ཡི་དམ་ཡིན་པར་ངོ་མ་ཤེས༔ སྐྱབས་དང་བསྒྲུབ་བྱ་གཞན་དུ་རེ༔ རང་སེམས་སངས་རྒྱས་ངོ་མ་ཤེས༔ རིག་པ་དྲི་མེད་ལས་གཞན་པའི༔ དངོས་གྲུབ་ཕྲིན་ལས་ལོགས་སུ་བཙལ༔ མ་གཅིག་ཡེ་ཤེས་མཁའ་འགྲོ་མའི༔ སྐུ་གསུང་ཐུགས་ལ་བཟོད་པར་གསོལ༔ དག་ཚངས་ཆེན་པོར་བཞེས་ནས་ཀྱང༔ ཁྱོད་ཀྱི་ཐུགས་ཀློང་རོ་གཅིག་ཤོག༔ དགེ་འདིས་མཁའ་མཉམ་འགྲོ་བ་ཀུན༔ སངས་རྒྱས་ཐོབ་པའི་རྒྱུ་རུ་བསྔོ༔ བསྐྱེད་རྫོགས་ཟབ་མོ་འདིར་འབད་མཐུས༔ བདག་ཀྱང་ཡུམ་ཆེན་ཐུགས་ཀློང་དུ༔ དབྱེར་མེད་རོ་གཅིག་འདྲེས་གྱུར་ནས༔ ཕྲིན་ལས་རྣམ་བཞིའི་ཟབ་གསང་གིས༔ བསྟན་པ་འཛིན་སྐྱོང་སྤེལ་བར་ཤོག༔ ཁམས་གསུམ་ཟིལ་གནོན་བདུད་བཞི་འདུལ༔ དབྱིངས་ལས་ཡེ་ཤེས་སྐུར་ཤར་བ༔ ཕྲིན་ལས་བཞི་ཡིས་འགྲོ་དོན་མཛད༔ བླ་མ་མཁའ་འགྲོའི་བཀྲ་ཤིས་ཤོག༔ མཐོང་ཐོས་དྲན་རེག་འགྲོ་བ་ཀུན༔ བདེ་སྐྱིད་དགའ་སྟོན་དཔལ་ལ་སྤྱོད༔ ལོག་སྨོན་བདུད་ཀྱི་གཡུལ་ལས་རྒྱལ༔ རྣམ་པར་རྒྱལ་བའི་བཀྲ་ཤིས་ཤོག༔ «བསྡུ་རིམ་ལོགས་སུ་མི་དགོས་ཏེ༔ རིག་པ་ཀ་དག་བློ་བྲལ་གཤིས༔ མ་གཅིག་དབྱེར་མེད་ལམ་ཁྱེར་དང༔ སྡུག་བསྔལ་བཞི་ཡིས་འགྲོ་དོན་སྤྱོད༔ ཡེ་ཤེས་མཁའ་འགྲོ་ལབ་སྒྲོན་མར༔ སྲས་མོ་ལེགས་འདུས་སྒྲོལ་མ་ཡིས༔ རྩེ་གཅིག་གསོལ་བཏབ་བ་བཞིན༔ ཡབ་ཡུམ་མགྲིན་གཅིག་དབྱངས་གཅིག་གསུངས༔ ཆོས་ཁམས་རྒྱ་མཚོ་ལྟ་བུའི་སྤྱོད༔ བྱིན་རླབས་དངོས་གྲུབ་གློག་ལྟར་མྱུར༔ སྲས་མོས་ཉམས་བླངས་འོད་ལུས་གྲུབ༔ རྫུ་འཕྲུལ་ཐོགས་མེད་མཁའ་སྤྱོད་གཤེགས༔ མ་འོངས་སྤྲུལ་པའི་མཁའ་འགྲོ་མས༔ ཐུགས་ཐིག་འཛིན་པ་རང་གྲོལ་གྱི༔ བསྟན་པ་འཛིན་སྐྱོང་སྤེལ་བའི་ཚེཿ གདམས་པ་འདི་དང་འཕྲད་ཙམ་གྱིས༔ བར་ཆད་བདུད་ཀྱི་གཡུལ་ལས་རྒྱལ༔ མ་དང་དབྱེར་མེད་འདྲེས་ནས་ཀྱང་༔ སྐུ་ཚེ་འགྲོ་དོན་མཐའ་རུ་ཕྱིན༔ གཟུགས་ཅན་གཟུགས་མེད་བྱེ་མའི་གྲངས༔ འདྲེན་པའི་དེད་དཔོན་ཆེན་པོར་གྱུར༔ བཀའ་འདི་འབར་མ་གསུམ་གྱིས་སྲུངས༔ སྨོན་ལམ་ཐེབས་པའི་གང་ཟག་ལས༔ ཉམས་བླངས་འབྲས་མེད་བར་ཆད་མང༔ འོད་སྣང་སྤྲུལ་པའི་ཤོག་སེར་ངོས༔ ལུ་གུ་རྒྱུད་ཀྱི་བརྡ་རིས་བཏབ༔ གསང་བ་ཡེ་ཤེས་ཐུགས་ཀློང་སྦས༔ རྟེན་འབྲེལ་དུས་ལ་བབ་པའི་ཚེ༔ བརྡ་རྟགས་མངོན་དུ་འགྱུར་བར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔སྐུ་གསུང་ཐུགས་ཀྱིས་རྒྱས་བཏབ་བོ༔ གུ་ཧྱ༔ ཁ་ཐྃ༔ རྩ་གསུམ་ཌཱཀྐིའི་བླ་རྡོ་འདི་ཁོ་ནའོ༔ ཨིཐི༔ བདག་ཉིད་ཨ་ཙར་ནག་པོའི་སྙིང་དང་འདྲ་བའི་གདམས་པ་བརྡ་རིས་ལས་དག་པར་ཕབ་པའི་ཡི་གེ་འདུ་བྱེད་སློབ་བུ་དམ་ལྡན་འོད་ཟེར་མཐའ་ཡས་ཀྱིས་བགྱིས་པ་དགེ་ཞིང་བྱིན་ཆགས་པར་གྱུར་ཅིག་གུ༔»༄༅། །དམ་པའི་གསང་ཆོས་བཅུ་གསུམ་ལས༔ ཚོགས་མཆོད་བདུད་རྩིའི་སྤྲིན་ཕུང་བཞུགས༔ ༔

«༄༅། །྅྅྅བླ་མ་ཡི་དམ་མཁའ་འགྲོ་ལཿ ཞལ་ཟས་ཚོགས་མཆོད་འབུལ་བ་ནིཿ ཐབས་ཤེས་རྫས་དང་ཚོགས་གཏོར་བཤམསཿ བཟླས་པ་དངོས་གྲུབ་ལེན་པའི་རྗེསཿ ཐོག་མར་ཉམས་ཆགས་བཤགས་པ་ནིཿ »ཧོཿ སྟོན་པ་རྡོ་རྗེ་རྒྱལ་པོ་དགོངས་སུ་གསོལཿ བདག་ནི་ཐོག་མ་མེད་པའི་དུས་ཉིད་ནསཿ མ་རིག་གཟུང་འཛིན་དབང་གྱུར་འཁོར་བར་འཁྱམསཿ དེ་ཚེ་ཉོན་མོངས་དུག་ལྔའི་སྟོབས་ཤུགས་ཀྱིསཿ མི་དགེ་སྡིག་བསགས་སོ་ཐར་བྱང་སེམས་ཀྱིཿ སྡོམ་དང་བསླབ་པ་ཉམས་ཤིང་བདག་ཏུ་བཟུངཿ རྡོ་རྗེ་སློབ་དཔོན་སྐུ་གསུང་ཐུགས་གསང་གིཿ གསང་སྔགས་དམ་ཚིག་ཉམས་འགལ་རལ་བར་ཤོརཿ བག་མེད་སྤྱོད་པ་རྩིང་བའི་གཞན་དབང་གིསཿ ཡེ་ཤེས་སྒྲིབ་པར་གྱུར་པ་གང་མཆིས་པཿ མཐོལ་ལོ་བཤགས་སོ་ཚངས་པར་སྩལ་དུ་གསོལཿ ལྟ་བ་རྒྱ་ཆད་ཕྱོགས་ལྷུང་སྤྲོས་དང་བྲལཿ ཉམས་དང་བཤགས་པར་བྱ་བའི་མཁན་པོ་མེདཿ སྐུ་དང་ཐིག་ལེའི་ཉམས་རྩལ་རྫོགས་པ་ཡིསཿ འཁོར་འདས་མཉམ་ཉིད་དུ་མ་རོ་གཅིག་འདྲེསཿ གཞོན་ནུ་བུམ་སྐུའི་ནང་གདངས་ཕྱིར་གསལ་བའིཿ ཡེ་མཉམ་ཆེན་པོ་དགོངས་པའི་ཀློང་དུ་ཕྱལཿ ཡེ་ཤེས་ལྔ་ལྡན་འདུུ་མ་བྱས་པའི་ཀློངཿ ལྷུན་གྱིས་གྲུབ་པའི་འབྲས་བུའི་བཙན་ས་ཟིནཿ ཁྱོད་ཀྱི་ཐུགས་ཀྱི་གསང་བ་འདི་རྟོགས་པའིཿ སེམས་དཔའ་ཆེན་པོའི་མཆོག་ཏུ་བདག་འགྱུར་རོཿ འ་ཨ་ཧ་ཤ་ས་མཿ «གཉིས་པ་བྱིན་གྱིས་བརླབ་པ་ནིཿ »བདག་ཉིད་མཁའ་འགྲོའི་སྐུར་གསལ་ཐུགས་ཀ་ནསཿ ཡེ་ཤེས་མེ་རླུང་ཆུ་གསུམ་འཕྲོས་པ་ལསཿ ཚོགས་གཏོར་རྫས་ཀྱི་མ་དག་བསྲེགས་གཏོར་བཀྲུསཿ ཨཱཿལས་བྷནྡྷའི་སྣོད་མཆོག་དམ་པ་རུཿ ཟག་མེད་ཤ་ལྔ་བདུད་རྩི་ལྔའི་རང་བཞིནཿ ཡེ་ཤེས་བདུད་རྩིའི་ངོ་བོར་ལྷུན་གྱིས་གྲུབཿ རྣམ་དག་འདོད་ཡོན་ལྔ་ཡི་མཆོད་སྤྲིན་འཁྲིགསཿ རྩ་གསུམ་དགྱེས་པ་སྐོང་བའི་ནུས་ལྡན་གྱུརཿ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ «གསུམ་པ་སྤྱན་འདྲེན་པ་ནི༔» ཧཱུྃ༔ ལྷུན་རྫོགས་རྒྱལ་བའི་ཞིང་ཁམས་ཆེན་པོ་ནསཿ རྩ་གསུམ་རྒྱལ་བ་རབ་འབྱམས་ལྷ་ཚོགས་དངཿ ཨོ་རྒྱན་དྷུ་མ་ཐ་ལའི་ཞིང་ཁམས་དབུསཿ རིན་ཆེན་ཐོད་པ་བརྩེགས་པའི་གཞལ་ཡས་ནསཿ སངས་རྒྱས་ཀུན་འདུས་པདྨ་ཐོད་ཕྲེང་རྩལཿ དམ་པ་རྒྱ་གར་སྐུ་གསུམ་ཀུན་འདུས་དཔལཿ མ་གཅིག་ཡེ་ཤེས་མཁའ་འགྲོ་གསང་ཡེ་མཿ ཁྲོས་མ་ལྷ་ལྔ་དཔའ་བོ་མཁའ་འགྲོའི་ཚོགསཿ ཚོགས་མཆོད་མགྲོན་ལ་སྤྱན་འདྲེན་གཤེགས་སུ་གསོལཿ ན་མོ་གུ་རུ་ཌཱཀྐི་ནི་བཛྲ་མ་ས་ཡ་ཛཿ« དང་པོ་ཚོགས་ཕུད་འབུལ་བ་ནིཿ »ཧཱུྃཿ ཞལ་ཟས་ཚོགས་ཀྱི་མཆོད་པ་དངཿ རོ་བརྒྱ་ལྡན་པའི་བདུད་རྩྀའི་བཅུདཿ བླ་མ་ཡི་དམ་མཁའ་འགྲོ་ལཿ འབུལ་ལོ་དགྱེས་པར་བཞེས་སུ་གསོལཿ ག་ཎ་ཙཀྲ་པཱུ་ཙ་ཧོཿ «བར་བ་བཤགས་པ་བྱ་བ་ནིཿ »འདོད་ཡོན་ལོངས་སྤྱོད་དཔག་མེད་པཿ རིག་འཛིན་དཔའ་བོ་དཔའ་མོ་དངཿ ལས་དང་དམ་ཚིག་མཁའ་འགྲོ་མར༔ འབུལ་ལོ་དམ་ཚིག་ཉམས་ཆགས་བཤགསཿ ག་ཎ་ཙཀྲ་ས་མ་ཡ་ཤུདྡྷེ་ཨཱཿ «ཐ་མ་ཚོགས་ཀྱི་བསྒྲལ་མཆོད་ནི༔ »ན་མོཿ དཀོན་མཆོག་གསུམ་དང་རྩ་བ་གསུམཿ མ་ཚོགས་མཁའ་འགྲོའི་བདེན་སྟོབས་ཀྱིསཿ བསྟན་དང་འགྲོ་ལ་འཚེ་བ་ཡིཿ དམ་ཉམས་དགྲ་བོའི་བླ་སྲོག་རྟེནཿ རྣམ་པར་ཤེས་པ་ཚོགས་ཐ་མརཿ རཱུ་པ་འདི་ལ་མྱུར་དུ་ཁུགཿ ནྲྀ་ཨཾ་ཀུ་ཤ་ཡ་ཛཿ ཁྲོ་མོ་འབར་བའི་མཚོན་ཆ་ཡིསཿ དགྲ་བོའི་བླ་སྲོག་རྟེན་དང་ཕྲོལཿ གཟུགས་ཕུང་ཚོགས་ཀྱི་འཁོར་ལོར་བསྒྱུརཿ ཤ་ཟ་མཁའ་འགྲོ་ཤུགས་འགྲོ་དང་ཿ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལཿ མངོན་སྤྱོད་ཕྲིན་ལས་མྱུར་འགྲུབ་མཛོདཿ མཾ་ས་རཀྟ་ཙིཏྟ་ཀིང་ནི་རི་ཏི་ལ་ཁཱ་ཧིཿ «ཐུགས་དམ་བསྐང་བའི་རིམ་པ་ནིཿ» ཧྲཱིཿ ཀུན་བཟང་རྡོ་རྗེ་འཆང་ཆེན་ནས་བཟུང་སྟེཿ པདྨ་ཐོད་ཕྲེང་དམ་པ་རྒྱ་གར་བཿ བཀའ་དྲིན་འཁོར་མེད་རྩ་བའི་བླ་མར་བཅསཿ ཡེ་ཤེས་མཁའ་འགྲོའི་གཙོ་མོ་གསང་ཡེ་མཿ མ་གཅིག་ལས་ལ་དབང་སྒྱུར་ཞིང་ཁམས་གཙོཿ རྡོ་རྗེ་ཕག་མོ་ཁྲོས་མ་ལྷ་ལྔ་མཿ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་བའི་རྫསཿ སྣང་སྲིད་རྣམ་དག་ཀུན་བཟང་མཆོད་པའི་སྤྲིནཿ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགསཿ ག་ཎ་ཙཀྲ་ཚོགས་ཀྱི་ལོངས་སྤྱོད་དངཿ མཉམ་སྦྱོར་ཡེ་ཤེས་བདེ་བ་ཆེན་པོའི་རོཿ ཏིང་འཛིན་དམིགས་པའི་ཆོ་འཕྲུལ་དཔག་མེད་ཀྱིསཿ དགོངས་བརྡ་སྙན་བརྒྱུད་བླ་མའི་ཐུགས་དམ་བསྐངཿ ཕ་གཅིག་དམ་པ་རྒྱ་གར་ཐུགས་དམ་བསྐངཿ མ་གཅིག་ཌཱཀིའི་ཚོགས་ཀྱི་ཐུགས་དམ་བསྐངཿ ཨ་མ་ལབ་ཀྱི་སྒྲོན་མའི་ཐུགས་དམ་བསྐངཿ ཡི་དམ་ཁྲོས་མ་ལྷ་ལྔའི་ཐུགས་དམ་བསྐངཿ ལས་མཛད་མཁའ་འགྲོ་ཤུགས་འགྲོའི་ཐུགས་དམ་བསྐངཿ ཤ་ཟ་འཇིག་རྟེན་མཁའ་འགྲོའི་ཐུགས་དམ་བསྐངཿ དམ་ཅན་ཆོས་སྐྱོང་སྲུང་མའི་ཐུགས་དམ་བསྐངཿ སྣང་ཞིང་སྲིད་པའི་ལྷ་འདྲེའི་ཐུགས་དམ་བསྐངཿ མཆོད་ཡུལ་གོང་མ་རྣམས་ཀྱི་ཐུགས་དམ་བསྐངཿ སྤྱིན་ཡུལ་འོག་མ་རྣམས་ཀྱི་ཐུགས་དམ་བསྐངཿ ལྟ་བ་བློ་བྲལ་ཆེན་པོའི་ཐུགས་དམ་བསྐངཿ སྒོམ་པ་གཏད་མེད་རྒྱ་ཡན་ཐུགས་དམ་བསྐངཿ སྤྱོད་པ་རིག་སྟོང་བློ་འདས་ཐུགས་དམ་བསྐངཿ འབྲས་བུ་རེ་དོགས་བྲལ་བའི་ཐུགས་དམ་བསྐངཿ བསྐངས་གྱུར་དབང་དང་དངོས་གྲུབ་སྩལ་དུ་གསོལཿ« རྗེས་སུ་ལྷག་མ་བསྔོ་བ་ནིཿ» པཉྩ་ཨ་མྲྀ་ཏ་ཧ་ཧོ་ཧྲཱིཿ ལྷག་གཏོར་དགྲ་བགེགས་ཀྱི་ཤ་ཁྲག་རུས་པ་ནང་རོལ་དང་བཅས་པ་རོ་ནུས་ཕུན་སུམ་ཚོགས་པར་གྱུརཿ བྷྱོཿ རབ་ཏུ་འཇིགས་པའི་དུར་ཁྲོད་ནསཿ རོ་ལང་མ་དང་ཤ་ཟ་མོཿ ཤ་ལ་གདུང་ཞིང་ཁྲག་ལ་རྔམསཿ མི་ལྤགས་གཡང་གཞི་གོས་སུ་གྱོནཿ སྣུམ་དང་ཁྲག་གི་ཐིག་ལེས་བརྒྱནཿ ཕ་འབབ་ཚོགས་ལྷག་ཤ་ཁྲག་རོལཿ རྣལ་འབྱོར་པ་ཡི་དྲོད་མ་ཉུལཿ དགྲ་བོ་བརླག་པའི་ཕྲིན་ལས་མཛོདཿ ཨུཥྩི་ཊ་རྣྲྀ་ཏྲི་ཤ་ཏྲཱུཾ་མ་ར་ཡ་ཁ་ཁ་ཁཱ་ཧིཿ« སླར་ཡང་རྩོག་ལྷག་ཕྱི་རོལ་དོརཿ» ཨོཾ་ཨཱཿཧཱུྃཿ རྣལ་འབྱོར་ཚོགས་ཀྱི་ལྷག་མ་ནིཿ བཟའ་བཏུང་ལོངས་སྤྱོད་མི་ཟད་གཏེརཿ ལན་ཆགས་སྙིང་རྗེའི་མགྲོན་གྱུར་ལཿ མྱོང་གྲོལ་བདུད་རྩིར་བསྒྱུར་ཏེ་སྦྱིནཿ དགའ་མགུ་ཡི་རང་ཀུན་ཚིམ་ནསཿ བྱང་ཆུབ་སེམས་དང་ལྡན་པར་ཤོགཿ «གཏོར་མ་ཤ་ཁྲག་རྒྱན་ལྡན་པཿ བྱིན་གྱིས་བརླབས་ལ་འདི་སྐད་དོཿ» ཧཱུྃ་ཧྲཱིཿ སྔོན་ཚེ་ཀུན་བཟང་རྟ་ཕག་ཡབ་ཡུམ་དངཿ པདྨ་ཐོད་ཕྲེང་གྲུབ་བརྙེས་དམ་པ་ནགཿ སྤྱན་སྔར་ཁས་བླངས་དམ་བཅས་སྲུང་མའི་ཚོགསཿ མ་མགོན་འབར་མ་གིང་ཆེན་དུར་ཁྲོད་བདགཿ གཟའ་འདུད་ནག་པོ་སྤུ་གྲི་མཆེད་གསུམ་སོགསཿ འདིར་གཤེགས་དམ་རྫས་བརྒྱན་པའི་གཏོར་མ་ལོངསཿ སྔོན་གྱི་ཁས་བླངས་དམ་ལས་མ་འདའ་བརཿ འཛིན་པ་རང་གྲོལ་ཞི་བྱེད་གདམས་པ་སྐྱོངསཿ སྒྲུབ་པ་པོ་ཡི་མེལ་ཚེ་རྒྱབ་རྟེན་དངཿ ཕྲིན་ལས་གང་བཅོལ་ཐོགས་མེད་འགྲུབ་པར་མཛོདཿ« ཅེས་བརྗོད་སླར་ཡང་གཏེར་སྲུང་ལཿ གཏོར་མ་གསེར་སྐྱེམས་བཅས་འབུལ་ཞིངཿ »ཧྲཱིཿ དམ་ཚིག་ལྡན་པའི་གཏེར་སྲུང་མཐུ་བོ་ཆེཿ དགེ་བསྙེན་ཀླུ་བདུད་གཉེན་ཆེན་སྡེ་བཞི་དངཿ གནོད་སྦྱིན་བོད་ཁམས་སྐྱོང་བ་བརྟན་མའི་ཚོགསཿ དམ་རྫས་བདུད་རྩིའི་གཏོར་མ་འདི་བཞེས་ལཿ ཞི་གཅོད་བྱིན་རླབས་ཚན་ཁ་ཆེ་བ་དངཿ བསྟན་པ་འཕེལ་རྒྱས་རྒྱལ་ཁམས་བདེ་ཞིང་སྐྱིདཿ ཐ་ཚིག་དམ་ལས་མ་འདའ་ལས་སྒྲུབས་ཤིགཿ «གཏོར་གཞོང་སྦུབས་ལཿ» ལས་གཤིན་ཆུ་སྲིན་གདོང་ཅན་ཁ་གདང་བརཿ དགྲ་གདོན་དམ་སྲི་ལྷ་འདྲེ་ཀུན་གཏད་དེཿ ནམ་ཞིག་བྱང་ཆུབ་སེམས་མཆོག་མ་སྐྱེས་པརཿ ནམ་ཡང་མ་གཏོང་འཁོར་བར་མ་འཁྱམས་པརཿ སྟོང་ཉིད་བྱང་ཆུབ་སེམས་ཀྱིས་རྒྱས་བཏབ་བོཿ སྟྭཾ་བྟ་ཡ་ནནཿ «མཇུག་བསྡུ་བ་ནིཿ »བླ་མ་ཡི་དམ་མཁའ་འགྲོ་ལྷརཿ ཕྱི་ནང་གསང་བའི་མཆོད་པ་འབུལཿ ཡོན་ཏན་རྗེས་སུ་དྲན་པ་ཡིསཿ སྐུ་གསུང་ཐུགས་ལ་ཕྱག་འཚལ་བསྟོདཿ ཐེ་ཚོམ་རྣམ་རྟོག་གཉིས་འཛིན་བཤགསཿ དག་ཚངས་ཆེན་པོའི་དངོས་གྲུབ་སྩོལཿ «ཡི་གེ་བརྒྱ་བ་དག་པར་བརྗོདཿ »སྣོད་བཅུད་འོད་ཞུ་བདག་ལ་ཐིམཿ རང་ཉིད་རིགས་བདག་བླ་མར་བསྡུཿ བླ་མ་མི་དམིགས་འཇའ་ལྟར་ཡལཿ སྤྲོས་བྲལ་ཆོས་སྐུའི་ངང་དུ་ལྟཿ སླར་ཡང་རིག་རྩལ་དོན་གྱི་ལྷཿ མཁའ་འགྲོ་མ་རུ་ལམ་གྱིས་གསལཿ སྙིང་དབུས་མ་བཅོས་རིག་པའི་ཀློངཿ དམ་པ་རྒྱ་གར་བླ་མའི་སྐུཿ བྱང་ཆུབ་བར་དུ་འབྲལ་མེད་བསྟེནཿ དགེ་བ་འདི་ཡིས་མྱུར་དུ་བདགཿ བླ་མ་མཁའ་འགྲོ་འགྲུབ་གྱུར་ནསཿ མཁའ་ཁྱབ་སེམས་ཅན་ཐམས་ཅད་ཀུནཿ བླ་མའི་ཞིང་དུ་འདྲེན་པར་ཤོགཿ ཁམས་གསུམ་ཟིལ་གནོན་བླ་མའི་སྐུཿ འགྱུར་བ་མེད་པའི་བཀྲ་ཤིས་ཤོགཿ བདེན་ཚིག་གྲུབ་པ་བླ་མའི་གསུངཿ འགགས་པ་མེད་པའི་བཀྲ་ཤིས་ཤོགཿ མཁྱེན་གཉིས་ཡེ་ཤེས་བླ་མའི་ཐུགསཿ བརྗོད་མེད་བློ་འདས་བཀྲ་ཤིས་ཤོགཿ ཡངས་པའི་རྒྱལ་ཁམས་འདི་ཉིད་དུཿ བདེ་སྐྱིད་རྫོགས་ལྡན་དཔལ་ལ་སྤྱོདཿ བསྟན་པ་མི་ནུབ་མཐའ་རྒྱས་ཤིངཿ ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོགཿ «ཚོགས་མཆོད་བདུད་རྩིའི་སྤྲིན་ཕུང་འདིཿ བདག་ཉིད་དམ་པ་ནག་པོ་ཡིསཿ རིགས་ཀྱི་སྲས་མོའི་དོན་དུ་བཀོདཿ མ་འོངས་སྤྲུལ་པར་འཕྲད་ནས་ཀྱངཿ འགྲོ་དོན་སྤྱོད་པའི་ཆ་ལག་ཏུཿ བྱིན་རླབས་ཚན་ཁ་འབྱུང་བར་ཤོགཿ བཀའ་འདི་གིང་ཆེན་སྡེ་བཞིས་སྲུངསཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ བདག་འདྲ་དུས་མཐའི་གཏེར་སྟོན་ཁྲག་འཐུང་དཔའ་བོས་དམ་པས་གསུང་བཞིན་དག་པར་ཕབ་པའི་ཡི་གེ་འདུ་བྱེད་ར་སྨིའི་མིང་གིས་བསྒྲུབ་པའོཿ