SPCD-KABUM-02-KHA-025

From Khyentse Lineage - A Tsadra Foundation Project
Revision as of 15:26, 3 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

སྨོན་གསོལ་བཞུགས། ཨོཾ་སྭ་སྟི། ཆོས་དབྱིངས་རྣམ་པར་དག་པའི་མཁའ་ཀློང་ནས། །རྒྱལ་བ་སྲས་བཅས་རྒྱ་མཚོའི་ཐུགས་རྗེ་དང་། །ལྷ་དང་དྲང་སྲོང་བདེན་ཚིག་གྲུབ་དག་གིས། །སྨོན་པའི་གནས་ལ་བྱིན་རླབས་ཆར་ཆེན་ཕོབས། །གྲུབ་པའི་རིགས་སྐྱེས་རྣམས་ཀྱི་ཐུ་བོ་པ། །སྔོན་གོམས་ཐུགས་བསྐྱེད་བཟང་པོའི་སྐྱེས་སྟོབས་ལས། །བསླབ་སྦྱངས་གོམས་པའི་གནས་ལ་མ་ལྟོས་པར། །གཟུངས་སྤོབས་བློ་གྲོས་སྟོང་གི་འདབ་མ་གྲོལ། །བཤད་དང་སྒྲུབ་པའི་གེ་སར་འབུམ་གྱི་མཛོད། །སྐལ་ལྡན་གདུལ་བྱ་རྒྱ་མཚོའི་རྒྱན་གྱུར་ནས། །རེ་ཞིག་དུས་ཀྱིས་བསྐུལ་བས་མི་མངོན་ཀྱང་། །དམ་པའི་ཐུགས་བསྐྱེད་རྩ་བ་མི་འདའ་བཞིན། །གསང་ཆེན་བསྟན་པ་རྒྱས་ཕྱིར་མགྲོན་དུ་འབོད། །ཟླ་བྲལ་ཆུ་སྐྱེས་གཞོན་ནུ་མངོན་གྱུར་ཅིང་། །འགྱུར་མེད་ཚེ་ཡི་སྡོང་པོ་རིང་དུ་བརྟན། །མི་མཐུན་ཉེས་སྐྱོན་དྲི་མའི་གཡུལ་ལས་རྒྱལ། །ཐོས་བསམ་སྒོམ་པའི་འདབ་བརྒྱ་ཡོངས་སུ་གྲོལ། །རྡོ་རྗེ་ཐེག་པའི་སྨིན་གྲོལ་འབྲས་བུས་ཕྱུག །རིས་མེད་བུང་བའི་དགའ་སྟོན་རབ་འགྱེད་དེ། །གྲུབ་པའི་རི་སུལ་འགེངས་པའི་བཀྲ་ཤིས་སྩོལ། །ཅེས་པའང་མེ་སྟག་ཟླ་བ་དང་པོའི་ཚེས་ཉེར་ལྔ་ལ་ཨཱརྻ་ཏིཥྛ་བཛྲས་གསོལ་བ་བཏབ་པའོ། །དགེའོ།། །།