DKYD-DZINDROL-059

From Khyentse Lineage - A Tsadra Foundation Project
Revision as of 15:47, 3 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

ཡང་གསང་ཌཱཀྐིའི་ཐུགས་ཐིག་གི་ཆ་ལག་ཟུར་འགེབ་མི་ཟད་རྒྱན་འཁོར་ལསཿ གཅོད་ཀྱི་ལས་ཚོགས་དམིགས་རིམཿ དང་པོ་སྔ་ནོན་དམིགས་པ་ནིཿ ཕཊཿ རང་ཉིད་སྐད་ཅིག་གིས་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཁྲོས་མ་ནག་མོའི་ཐུགས་ཀ་ནས་འོད་ཟེར་རབ་ཏུ་འཕྲོས་ནས་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ཐམས་ཅད་འོད་ཀྱིས་ཁྱབ་པར་བསམཿཐམས་ཅད་འོད་དུ་ཞུ་ནས་སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་མ་ལུས་ལུས་མེད་ཐར་ས་དང་འཆོར་ས་མེད་པར་མཐའ་ནས་བསྡུས་ཏེ་གཉན་ཁྲོད་འདི་རུ་བསྡུས་ནས་གནམ་ལྕགས་རྡོ་རྗེ་ལས་གྲུབ་པའི་གུར་ཁང་ནག་པོ་མེ་འབར་བའི་ནང་དུ་ཚུད་དེ་ཀུན་གྱི་མཐུ་སྟོབས་ནུས་པའི་དཔའ་ཟིལ་ཆག་སྟེ་འདར་ཕྲིལ་ཕྲིལ་གནས་པར་བསམཿ སྔ་ནོན་དམིགས་པ་མང་ཡོད་ཀྱངཿ དེ་ཙམ་ཆོག་པ་ཁྱད་ཆོས་ཡིནཿ ༈ དེ་ནས་བར་ནོན་དམིགས་པ་ནིཿ རང་ལུས་ཆེ་བ་སྲ་བ་ཡུལ་ལྗོངས་ཙམ་དུ་བསྐྱེད་པའི་འོག་ཏུ་ལྷ་འདྲེ་གནོད་བྱེད་ཐམས་ཅད་ཚུད་ནས་སྐད་ངན་ཙི་རི་རི་འདོན་པར་བསམཿ སླར་ཡང་བཀའ་ཡི་སྣང་སྲིད་ལྷ་འདྲེ་ཐམས་ཅད་ཤོག་སྐྱ་རླུང་གིས་བསྐྱོད་པ་ལྟར་བཀུག་ནས་མལ་འོག་ཏུ་མནན་པར་བསམ་ཞིང་ལྷ་འདྲེ་དེ་དག་ཐིམ་པར་བསམཿ དམིགས་པ་གསལ་ཞིང་ངག་ཏུ་ནིཿ འོ་ ད་ནི་སྐལ་པ་མ་ཞིག་འབྱུང་བ་མ་རྡིབ་བར་དུ་བདག་འདི་ནས་མི་འགུལཿ འདི་ནས་མི་འཕོཿ འདི་ལས་མི་གཡོཿ འདི་རུ་འདུག་གོཿ ཉལ་ལོཿ ཕཊཿ ཕཊཿ ཕཊཿ ལན་གསུམ་བརྗོདཿ སྟེང་གི་ནམ་མཁར་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཆོས་སྐྱོང་ཐམས་ཅད་བཀྲ་སྤུང་ངེ་འོད་ཐིབས་སེ་བཞུགས་པར་བསམཿ ཡེངས་མེད་རོ་སྙོམས་ཀྱི་ངང་དུ་མཉམ་པར་བརྡལཿ དེ་ནས་རབ་དངོསཿ ཐ་མ་རྨི་ལམཿ འབྲིང་ལ་ལྷོང་ཚད་ངེས་པར་འོང་བ་ཡིནཿ ས་མ་ཡཿ ༈ ཕྱི་ནོན་དམིགས་པ་ནིཿ གདན་ཚབ་ཏུ་རྟེན་རབ་གནས་བྱས་ལ་བཞགཿ ཕུང་པོའི་མཆོད་སྦྱིན་དང་ཆོས་སྦྱིན་བྱཿ བདེ་སྡུག་གཏོང་ལེན་དམིགས་པ་གནད་སྨིན་བྱས་ལཿ ཧ་ཧཿ ཧི་ཧིཿ ཧེ་ཧེཿ ཧོ་ཧོཿ ཧཱུྃ་ཧཱུྃཿ ཕཊཿ ཕཊ་གོམ་པ་བདུན་བོར་ནསཿ རྐང་དུང་ལན་གསུམ་འབུདཿ ཀཻའི་ཀཻའིཿ རེམ་རེམཿ ཕཊཿ རང་གི་རིག་པ་ཡེ་ཤེས་ཀྱི་མཁའ་འགྲོ་སྡེ་ལྔར་གྱུར་ཏེ་ཕྱོགས་བཞིར་གཤེགས་པར་བསམ་ལ་མིག་མཐོང་གང་ཙམ་སླེབ་ནསཿ ཐེ་ཚོམ་མེད་པར་ཟབ་མོ་ཚེར་ལྕག་གཅིག་བཙུགས་ལ་ཡེ་ཤེས་ཀྱི་བྱ་ཁྱུང་འཇིགས་སུ་རུང་བ་ཞིག་གིས་ཞལ་ཕྱིར་གྱུ་ནས་རྗེས་བཅད་པར་གྱུར། བཛྲ་རཀྵ་རཀྵ་ཀུ་རུ་བྷྲཱུྃ་ས་མ་ཡཿ ཡང་གསང་ཌཱཀྐིའི་ཐུགས་ཐིག་ཆ་ལག་ཏུཿ གཅོད་ཀྱི་ལས་ཚོགས་དམིགས་རིམ་སྐོར་གསུམ་འདིཿ རྨད་བྱུང་ཟབ་གསང་གཏེར་ལ་དབང་བསྒྱུར་བའིཿ རྩོད་བྲལ་གཏེར་ཆེན་ཛྙཱ་ན་དྭི་པ་ཡིསཿ མཁའ་འགྲོའི་བཀའ་བཞིན་ལེགས་པར་སྤེལ་བ་ལཿ འགྲོ་ཀུན་ཡུམ་ཆེན་རྒྱལ་ས་ཟིན་པར་ཤོགཿ གཅོད་ཡུལ་བསྟན་པ་རྒྱས་པའི་ཤིས་པ་སྩོལཿ ཤུབྷཾ།། །། ༈ རྣལ་འབྱོར་བརྟུལ་ཞུགས་ལམ་དུ་སློང་བ་དག་གིས་ཆུ་མིག་གཉན་ཁྲོད་འགྲིམ་ཚེ་ཅོག་བུའི་ཆོན་ཆེན་བཞིའི་དམིགས་པ་ནི། ཕཊཿ བདུད་འདུལ་ཤེལ་གིང་དཀར་པོ་ཤར་དུ་འཕྱོས། །ཚད་མེད་བྱམས་པ་ཆེན་པོའི་ཕུར་པ་ཁྱེར། །དཔའ་བོ་ལས་ཀྱི་ཕྱག་རྒྱའི་སྟངས་སྟབས་ཀྱིས། །ཞེ་སྡང་འབར་བའི་ལྷ་འདྲེར་བཏབ་པར་བསམ། །ཞེས་དང་། ཕཊཿ ལྷོ་ཕྱོགས་གསེར་གིང་སེར་པོ་ནམ་མཁར་ལྡིང་། །ཚད་མེད་སྙིང་རྗེ་ཆེན་པོའི་ཕུར་པ་ཁྱེར། །འཇིགས་མེད་དཔའ་བོ་བདུད་འདུལ་ཕྱག་རྒྱ་ཡིས། །ང་རྒྱལ་འབར་བའི་ལྷ་འདྲེར་བཏབ་པར་བསམ། །ཞེས་དང་། ཕཊཿ ནུབ་ཕྱོགས་གིང་དམར་གོམ་པ་བདུན་དུ་འཕྱོས། །དགའ་བ་ཆེན་པོའི་ཕུར་པ་གདེང་ཙ་ན། །མ་རུང་རཱུ་དྲ་འདུལ་བའི་སྟངས་སྟབས་ཀྱིས། །འདོད་ཆགས་འཁྲུལ་པའི་ལྷ་འདྲེར་བཏབ་པར་བསམ། །ཞེས་དང་། ཕཊཿ བྱང་ཕྱོགས་གཡུ་ཡི་གིང་ཆེན་འགྱིང་སྟབས་ཀྱིས། །བཏང་སྙོམས་ཆེན་པོའི་ཕུར་པ་གདེང་སྟབས་ཀྱིས། །བདག་འཛིན་འཁྲུལ་པའི་གཟུགས་ཀྱི་ཡན་ལག་དང་། །ཕྲག་དོག་འབར་བའི་ལྷ་འདྲེར་བཏབ་པར་བསམ། །ཞེས་དམིགས་གནད་ཀྱི་གཟེར་བུ་རྫོགས་རྗེས་ལྟ་བའི་ངང་བསྐྱང་ཞིང་། ཕཊཿ རང་རིག་ཡེ་ཤེས་མཁའ་འགྲོ་མས། །སྟོང་གསལ་འཛིན་མེད་ཕུར་པ་ཁྱེར། །གཉིས་འཛིན་འཁྲུལ་པའི་འདྲེ་བོ་ཆེ། །རྟོག་པའི་སྤྲོས་པ་མཐར་སྤྲད་བསམ། །འཇིགས་མེད་གཡུལ་ལས་རྣམ་རྒྱལ་གྱི། །བརྟུལ་ཞུགས་སྤྱོད་པས་སྤ་བཀོང་ཞིང་། །གཡོ་འགུལ་མེད་པའི་རང་བཞིན་དུ། །དཔའ་ཞུམ་འགུལ་འཕྲིག་མེད་པར་བསམ། །རིག་པ་བརྟུལ་ཞུགས་ངར་ལྡན་པས། །བདག་འཛིན་སྟེང་དུ་ཐོག་བརྫིས་བྱ། །ལྟ་བའི་ངར་གྱི་མཚོན་རྣོན་ཕུད། །མ་རིག་འཁྲུལ་པ་རྒྱུན་བཅད་དོ། །ཟབ་མོའི་གདམས་པ་ཀུན་གྱི་མཆོག །སྤྲང་སྨྱོན་འཇའ་ལུས་རྡོ་རྗེས་སོ།། །།