DKYD-DZINDROL-028

From Khyentse Lineage - A Tsadra Foundation Project
Revision as of 15:47, 3 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

རྩ་གསུམ་སྲུང་མའི་གཏོར་བསྔོའི་རྗེས་ཆོག་ནི། ཚོགས་མཆོད་འདོན་ན་གཏོར་འབུལ་རྗེས་ཆོག་དེར་ཡོད་ཀྱིས་འཐུས་རྒྱུའི་འདི་བྱ་མི་དགོས། ཨོཾ་ཤྲཱི་བཛྲ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ནས། ཤཔྡའི་བར་གྱིས་མཆོད་ཅིང་། ཧེ་རུ་ཀ་དཔལ་སྤྱན་སྔ་རུ། །དམ་བཅས་ཇི་བཞིན་ད་ལྟ་འདིར། །བསྟན་པ་སྲུང་ཞིང་སྐྱོང་མཛད་པའི། །དམ་ཅན་ཀུན་ལ་བསྟོད་པར་བགྱི། །ཞེས་བསྟོད། བཟོད་གསོལ་ནི། མ་རྙེད་ཡོངས་སུ་མ་ཚང་དང་། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཞེས་དང་ཡི་གེ་བརྒྱ་པས་ནོངས་པ་འཆགས། རྟེན་ཡོད་ན། འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འཁོར་བ་སྲིད་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་བསྩལ་དུ་གསོལ། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་བརྗོད་ཅིང་མེ་ཏོག་འཐོར་ལ་བརྟན་བཞུགས་བྱ། འཇིག་རྟེན་པ་རྣམས་གཙྪ་གཙྪ་སྭ་བྷཱ་ཝཱ་ནཾ་གྱིས་རང་གནས་སུ་གཏང་། དགེ་བ་འདི་ཡིས་མྱུར་དུ་བདག །ཧེ་རུ་ཀཿདཔལ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་དགེ་བ་བསྔོ། རྩ་བརྒྱུད་བླ་མའི་བྱིན་རླབས་སྙིང་ལ་ཞུགས། །ཡི་དམ་ལྷ་ཡིས་རྗེས་བཟུང་དངོས་གྲུབ་ཐོབ། །མཁའ་འགྲོ་དམ་ཅན་ལུས་དང་གྲིབ་བཞིན་འགྲོགས། །གང་བསམ་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །ཅེས་དང་། རྩ་གསུམ་རྒྱལ་བའི་དགྱེས་ཞལ་རབ་ངོམ་ཞིང་། །ཐེག་མཆོག་ལུང་རྟོགས་ཆོས་ཀྱི་རྒྱལ་མཚན་ནི། །ཕྱོགས་ཀྱི་འཁོར་ལོ་ཀུན་ནས་ཡོངས་ཁྱབ་པར། །མི་ནུབ་ལེགས་པར་འཛུགས་པའི་བཀྲ་ཤིས་ཤོག །ཅེས་པའང་མི་ཕམ་པས་སོ། །འགྲོ་དོན་བསྟན་པ་མཐར་རྒྱས་བཀྲ་ཤིས་ཤོག །དགོས་འདོད་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །ཚེ་རིང་ནད་མེད་བདེ་སྐྱིད་བཀྲ་ཤིས་ཤོག །ཆོས་སྲིད་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །ཅེས་པའང་མི་ཕམ་པས་སོ།། ༈ བྱིན་རླབས་མཆོག་སྩོལ་དངོས་གྲུབ་རྒྱ་མཚོའི་གཏེར། །ཕྲིན་ལས་ཐོགས་མེད་རྩ་གསུམ་ལྷ་ཚོགས་ཀྱིས། །དེང་འདིར་མི་མཐུན་རྒུད་པ་ཀུན་ཞི་ནས། །རྟག་ཏུ་དཔལ་གནས་བཀྲ་ཤིས་བདེ་ལེགས་ཤོག །ཅེས་པའང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ། །ཞེས་ཤིས་པ་བརྗོད་པས་དགེ་ལེགས་སུ་བྱའོ། །མངྒ་ལཾ།། །།