DKYD-DZINDROL-032

From Khyentse Lineage - A Tsadra Foundation Project
Revision as of 15:47, 3 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

ཟ་བྱེད་འབར་མ་ཁྲག་རལ་ཅན་གྱི་གསོལ་ཕྲིན་ནི། །བྷྱོཿ གངས་ཅན་ཡུལ་གྱི་ཤར་ཕྱོགས་ན། །རོང་ཆེན་ཙི་ནའི་ས་མཚམས་ཀྱི། །འབར་མ་ཁམས་གསུམ་ཟ་བྱེད་མ། །དམར་མོ་ཁྲག་གི་རལ་པ་ཅན། ཁ་རླངས་གདུག་པའི་ནད་དུ་འཐིབ། །ཕྱག་ན་ཆུ་གྲི་རྣོན་པོ་དང་། །དམ་ཉམས་འཆིང་བའི་རྒྱུ་ཞགས་འཛིན། །མི་ལྤགས་རློན་པའི་ལྡིང་གོས་གསོལ། །ཆིབས་སུ་རླུང་ནག་འཚུབ་མ་འཆིབས། །རེས་འགའ་མཚར་སྡུག་གཞོ་ནུ་མ། །དུང་དང་མེ་ལོང་འགྲོན་བུའི་རྒྱན། །ཕྱག་ན་དར་དཀར་གཡབ་མོ་དང་། །དངུལ་དཀར་མེ་ལོང་རྒྱང་གསལ་བསྣམས། །ཟས་ནོར་དབྱིག་གི་ཆར་པ་འབེབ། ཁྱོད་སྔོན་ཁྲག་འཐུང་དཔའ་བོ་ཡིས། །དམ་ལ་བཞག་པའི་ཐ་ཚིག་དགོངས། །ཛ་གད་ཕུད་དང་གཏོར་མས་བསྐང་། །དམར་ཆེན་ཁྲག་དང་ཞག་གིས་བསྐང་། །ཉེར་སྤྱོད་འདོད་ཡོན་ཚོགས་ཀྱིས་བསྐང་། །སྒྲུབ་མཆོག་རྣལ་འབྱོར་བདག་ཅག་གི། །མཆོག་ཐུན་ལམ་གྱི་བར་ཆད་སོལ། །བདེ་སྟོང་དཔྱིད་ཀྱི་ཕོ་ཉ་མོས། །ཟག་བཅས་ལུས་ཀྱི་བདེ་བ་སྤོར། །ཟག་མེད་སེམས་ཀྱི་ཏིང་འཛིན་སྐྱེད། །འཛིན་པ་རང་གྲོལ་རྣལ་འབྱོར་པའི། །ལས་དང་དངོས་གྲུབ་སྣ་ཚོགས་ཀྱི། །གྲོགས་དང་མཐུན་རྐྱེན་ཁྱོད་ཀྱིས་གྱིས། །འགལ་བྱེད་གང་ཡིན་ཆམ་ལ་ཕོབ། །དུས་ལ་བབ་པོ་ས་མ་ཡ། །ཞེས་པ་འདིའང་རྒན་པོ་ནཱ་ཐའི་མིང་གིས་གང་ཤར་བཅོས་མེད་ཉམས་མཚར་བྲིས་པ་དགེ། །།