དམ་པའི་ཆོས་འདུལ་བ་ལ་བསྟོད་པ་མེ་ཏོག་གི་སྐྱེད་མོས་ཚལ།

From Khyentse Lineage - A Tsadra Foundation Project
Revision as of 10:11, 3 June 2024 by Mort (talk | contribs)

PJCW-KABUM-01-KA-006
Wylie title dam pa'i chos 'dul ba la bstod pa me tog gi skyed mos tshal
Location dpal sprul bka' 'bum
Volume 1, Text 6, Pages (Folios to )
Author དཔལ་སྤྲུལ་རིན་པོ་ཆེ་
Less details More details
Citation
Genre Verses of Praise - bstod pa  ·  Vinaya Texts - 'dul ba
[edit]
༄༅། །དམ་པའི་ཆོས་འདུལ་བ་ལ་བསྟོད་པ་མེ་ཏོག་གི་སྐྱེད་མོས་ཚལ་ཞེས་བྱ་བ་བཞུགས་སོ། །


ན་མོ་མ་ཧཱ་མུ་ནེ་ཡེ། །གྲངས་མེད་བསྐལ་པར་ཚོགས་གཉིས་རྫོགས་མཛད་ཅིང་། ། བདུད་བཏུལ་བྱང་ཆུབ་སྙིང་པོར་མངོན་སངས་རྒྱས། །ཞི་བའི་ལམ་བཟང་སྲིད་ན་སྣང་མཛད་པ། །འགྲོ་བའི་བླ་མ་ཐུབ་པ་དེར་ཕྱག་འཚལ།༡ །གང་ཞིག་འཁོར་བའི་རང་བཞིན་མེ་ཡི་ འོབ། །ཡིད་བརྟན་མི་རུང་སྲིད་པའི་ཕུན་ཚོགས་དཔལ། །གང་ལ་མི་ཆགས་མཐའ་གཉིས་ལས་འདས་ལམ། །ཐུབ་པའི་ཆོས་འདུལ་མཛོད་ལ་ཕྱག་འཚལ་ལོ།༢ །ཐུབ་པ་དགྱེས་པའི་སྤྱོད་པ་རྨད་བྱུང་བའི། །ལེགས་མཛད་ཡང་དག་ཁྲིམས་ཀྱིས་རྒྱུད་བསྡམས་ཏེ། །ཕུན་ཚོགས་ཞི་བའི་དགའ་ཚལ་ལ་སྙེགས་པ། །གང་ཟག་འཕགས་པའི་སྡེ་ལ་ཕྱག་འཚལ་ལོ།༣ །གང་ལ་སློབ་རྣམས་རྣམ་གྲོལ་སར་འགྲོ་ཞིང་། །ཡོན་ཏན་ཀུན་གྱི་གཞིར་གྱུར་རིན་པོ་ཆེ། །མི་ཟད་འཕགས་པའི་མཛོད་ཁང་དམ་པའི་ཆོས། །བསྟན་པའི་སྙིང་པོ་སོ་སོར་ཐར་པ་ཡིན། ༤ ། མགོན་པོ་སྐྱོབས་པ་དེ་ཡིས་ཡང་དང་ཡང་། །འདི་ནི་སྟོན་དང་བསྟན་པ་གཉིས་ཡིན་ཞེས། ། བསྔགས་པའི་གནས་དེ་ཆོས་འདུལ་རིན་པོ་ཆེ། །མི་ཟད་བདུད་རྩིའི་མཛོད་ལ་སླར་ཡང་འདུད། ༥ །ཀྱེ་མ་ཀྱེ་མ་མགོན་པོ་ཐུགས་རྗེ་ཅན། །ཤཱཀྱ་སེངྒེ་རྒྱལ་བ་ལྷ་ཡི་ལྷ། །སྟོན་པ་མཆོག་དེ་ཞི་བར་གཟིམས་པ་ནས། །ཆོས་འདུལ་ཉིན་བྱེད་སྣང་འདི་སྐལ་བཟང་མིག ༦ ། འདིས་ནི་སྤངས་བླང་ངེས་པའི་ཚུལ་འདོམས་པས། །ཐུབ་ཚུལ་ཞི་བའི་ལམ་བཟང་གནས་པ་སྟེ། །གཞན་དུ་རྨོངས་པས་ལྡོངས་པའི་འགྲོ་བ་ཡིས། །ཐུབ་རྣམས་དགྱེས་པའི་སྤྱོད་པ་ཅི་སླད་ཤེས། ༧ །འདི་ནི་ལང་ཚོས་མྱོས་ཏེ་རྣམ་འཁྲུལ་བའི། །རྐང་གཉིས་གཞོན་ནུ་འདུལ་བའི་ལྕགས་ཀྱུ་སྟེ། །སེམས་རྟ་གཡེང་པས་རྒོད་པའི་གཞན་དབང་ལས། །ལྡོག་སྤྱོད་མཐུན་པར་བྱེད་པའི་སྲབ་ཀྱང་ཡིན། ༨ །རྨོངས་པས་བཅིངས་པའི་སྲིད་པའི་སེམས་ཅན་ནི། །སྲེད་པའི་མེ་ཡིས་རྣམ་པར་བསྲེགས་པ་ལ། །གཞིལ་ནུས་ཆོ་ག་གཞན་ན་མ་མཆིས་ཏེ། །ཆོས་འདུལ་ཞི་བསིལ་བདུད་རྩིའི་ཆར་པ་ཡིན། ༩ །ཉེས་པའི་དུག་ཅན་གཏིང་ཟབ་འཁོར་བའི་མཚོ། །ཉོན་མོངས་ཆུ་སྲིན་བྱེ་བས་བཟུང་པ་ལས། །བརྒལ་ནས་ཞི་གླིང་གཉེར་བའི་མགྲོན་པོ་ལ། །ཆོས་འདུལ་མི་གཡོ་རིན་ཆེན་གྲུ་བོ་ཡིན།༡༠ །ཐོག་མེད་དུས་ནས་འཐིབས་པའི་མ་རིག་པ། ། ཡང་དག་སྣང་བ་བསྒྲིབ་པའི་སྨག་རུམ་དུ། །ལམ་དང་ལམ་མིན་འབྱེད་པའི་སྐལ་དམན་ལ། ། ཆོས་འདུལ་ལམ་བཟང་སྣང་བའི་སྒྲོན་མེ་ཡིན།༡༡ །འདི་གནས་ཐར་བའི་ལམ་ལས་མི་འཁྱོགས་ཏེ། །ཉེས་སྤྱོད་གཡང་ས་ཤུགས་ཀྱིས་ཆོད་པའི་ཕྱིར། །ཕུན་ཚོགས་ཡོན་ཏན་དགའ་ཚལ་ལ་འགྲོ་བའི། །ཆོས་འདུལ་མེ་ཏོག་བཀོད་པའི་ལམ་སྲང་ཡིན།༡༢ །སྲིད་ན་ཡོན་ཏན་ཆོས་ཀྱིས་དབུལ་བའི་འགྲོ། །གང་ལ་འཕྲད་ན་འབྱོར་པའི་དཔལ་སྟེར་བའི། །གཏོང་བའི་སྒོ་འཕར་གཞན་གྱིས་མ་བཟུང་བ། །ཆོས་འདུལ་བསླབ་གསུམ་ནོར་བུའི་བང་མཛོད་ཡིན།༡༣ ། རིང་ནས་གོམས་པའི་ཉེས་སྤྱོད་གདུག་པ་དེས། །ཟིན་གྱུར་འཁོར་བའི་དུཿཁ་བརྒྱ་ཕྲག་གིས། ། མནར་ལ་ཞི་བའི་བདེ་མཆོག་སླར་སྟེར་བའི། །ཆོས་འདུལ་ཡོན་ཏན་སྨན་གྱི་སྡོང་པོ་ཡིན།༡༤ ། ཞེ་སྡང་ཚ་དབལ་རྣོན་པོས་གདུང་གྱུར་ལས། འདིར་ཚིག་ཁོང་ཁྲོའི་རྣམ་སྨིན་མི་བཟད་པས། ། ཕྱི་མར་བསྲེག་འགྱུར་དམྱལ་མེའི་གདུང་སེལ་བའི། །ཆོས་འདུལ་ཟླ་བ་བདུད་རྩིའི་དཀྱིལ་འཁོར་ཡིན།༡༥ །ངན་སོང་ཆུ་བོ་སྡུག་བསྔལ་རྦ་རླབས་ཅན། །རྒྱུན་རིང་བཟློག་དཀའ་མཐོ་རིས་གྲོང་འཇོམས་པ། །བརྒལ་ནས་སྲིད་པའི་རྒྱུ་བ་རྒྱུན་གཅོད་པའི། །ཆོས་འདུལ་མི་ཤིག་ཆུ་ལོན་ཟམ་པ་ཡིན།༡༦ །མཐོ་རིས་གྲོང་བཟང་ནོར་བུའི་སྐྱེད་མོས་ཚལ། །ཞི་བའི་ཡོན་ཏན་ཚོགས་ཀྱི་མཛེས་བྱས་ལས། །ཐར་བའི་ཁང་བཟང་བརྩེགས་པའི་སྟེང་གི་གཞིར། །བགྲོད་ལ་ཆོས་འདུལ་ལྷ་ཡི་ཐེམ་སྐས་ཡིན།༡༧ །རྙོགས་བྲལ་འཕགས་པའི་ཡོན་ཏན་ཨུད་པ་ལ། ། ཚུལ་ཁྲིམས་བསུང་ཞིམ་དངར་བའི་གེ་སར་ཅན། །སྐལ་བཟང་སྦྲང་རྩིས་མྱོས་པའི་རོ་སྟེར་བ། ། ཆོས་འདུལ་མེ་ཏོག་རྒྱས་པའི་སྐྱེད་ཚལ་ཡིན།༡༨ །ཉོན་མོངས་དགྲ་གཡུལ་ཤིན་ཏུ་མི་བཟད་པ། །ཐར་པའི་སྲོག་རྩ་འཕྲོག་པའི་སྐབས་ཚོལ་ཞིང་། །དགེ་ཚོགས་འབྱོར་བའི་མཛོད་ལ་བརྣག་པ་ཡང་། །གཞོལ་ནུས་ཆོས་འདུལ་གྱད་ཀྱི་དམག་དཔུང་ཡིན།༡༩ །ཐུབ་པའི་ཡོན་ཏན་ཕུང་བོ་བརྒྱ་ཕྲག་ཀྱང་། །གང་ལ་བསྙེན་ན་ངེས་པར་སྟེར་ནུས་པའི། །ལམ་འདི་བསྟན་པའི་སྲོག་ཤིང་ཉག་གཅིག་སྟེ། །རིན་ཆེན་ཆོས་འདུལ་ལྷ་མིའི་མཆོད་སྡོང་ཡིན།༢༠ །ཕུལ་བྱུང་དཔལ་གྱི་འབྱོར་བ་དུ་མ་ཡང་། །དཀའ་བས་མ་ཡིན་མི་ངལ་འགྲུབ་པ་ལ། །ཚེགས་མེད་བདེ་ནས་བདེ་བར་འགྲོ་བའི་ལམ། །ཆོས་འདུལ་བདུད་རྩི་ཆོས་ཀྱི་སྒོ་མོ་ཡིན།༢༡ །ལམ་འདི་ལྷ་དང་ཀླུ་དང་མི་དབང་དང་། སྲིད་ན་ཆེ་དགུར་རློམ་ལྟས་མི་ཤེས་ཏེ། །མཚུངས་མེད་རྒྱལ་བ་དེ་ཡི་བསྐལ་མང་དུ། །གོམས་པར་མཛད་ལས་ཚེགས་མེད་འདིར་མཁྱེན་གྱུར།༢༢ ། དྲང་སྲོང་ཚུལ་འདི་མཚུངས་པ་མེད་པ་སྟེ། །སྔ་རབས་གཤེགས་པའི་མགོན་པོ་བགྲང་ཡས་ཀྱང་། །ཡང་དག་ལམ་འདི་སློབ་མའི་དབུས་སུ་བསྒྲགས། །བསྟན་པ་རིན་ཆེན་ཉི་མ་འདིས་གསལ་བྱས།༢༣ །བཞུགས་དང་འབྱུང་གྱུར་སྐྱོབས་པ་དུ་མ་ཡང་། །དང་པོར་ཚངས་སྤྱོད་ཡང་དག་ཚུལ་བླང་ནས། །ཕྱི་ནས་བྱང་ཆུབ་སྙིང་པོར་གཤེགས་འགྱུར་གྱི། །ལམ་འདི་མི་བསྟེན་འཚང་རྒྱར་འགྱུར་མ་ལགས།༢༤ །སྲིད་ན་ཆོས་འདུལ་ཉི་མ་ནམ་གནས་པ། །དེ་སྲིད་བསྟན་པའི་སྣང་བ་སྟོང་མིན་ཏེ། །གང་ཟག་ཐུབ་རྗེས་འབྲང་བའང་མང་བྱོན་ཕྱིར། །སངས་རྒྱས་བསྟན་པ་ཆོས་འདུལ་ཁོ་ན་ཡིན།༢༥ །མ་ཉམས་ཚངས་པར་སྤྱོད་པའི་གང་ཟག་ནི། ། ལྷར་བཅས་འགྲོ་མང་ཕྱག་བྱའི་འོས་ལགས་ཏེ། །ཚངས་དབང་ཉི་ཟླའི་ལྷས་ཀྱང་བཏུད་འགྱུར་ན། །སྲིད་ན་དེ་ལས་ཆེ་འགྱུར་སུ་ཞིག་ཡོད།༢༦ །དམངས་དང་གདོལ་བ་བརླང་པོར་སྤྱོད་པ་ཡང་། །ཆོས་འདུལ་རིན་ཆེན་བུམ་བཟང་འདི་བཟུང་ནས། །རྒྱལ་རིགས་དྲེགས་པའི་ཕྱག་གི་གནས་ཡིན་ན། །ཅི་སླད་ཆོས་ཀྱི་ཁྲི་འཕང་འདིར་མི་བསྙོན། ༢༧ །སྲིད་ན་ལེགས་བྱས་སྣང་བ་ཇི་སྙེད་པ། །ཆོས་འདུལ་ཉིན་བྱེད་སྣང་འདིའི་བྱིན་རླབས་ཏེ། །གཞན་དུ་སྲིད་པའི་མུན་ཁམས་སྟུག་པོ་ལ། །རྨོངས་པས་ལྡོངས་བ་ཉིད་ལས་གཞན་ཡོད་མིན། ༢༨ །ཚུལ་ཁྲིམས་ཙནྡན་ལྗོན་པའི་བསུང་ཞིམ་དྲིས། །རེག་པའི་ཕྱག་དར་གོས་ཀྱི་ཚལ་བུའང་། །ལྷར་བཅས་འགྲོ་བའི་མཆོད་རྟེན་ཉིད་ཡིན་ན། །སུ་ཞིག་ལེགས་བྱས་འདི་ལ་སྤྲོ་མི་འགྱུར། ༢༩ ། ངུར་སྨིག་བླ་གོས་གསལ་བའི་དམར་འོད་དང་། །འགྲོགས་པའི་ཚངས་སྤྱོད་སྡོམ་པ་གནས་གྱུར་པ། །དེ་སྲིད་ས་འདི་བསོད་ནམས་ལྡན་པ་སྟེ། །མཐོ་རིས་འདིར་འོང་བའང་དོན་ཡོད་འགྱུར། ༣༠ །ཐུབ་ཚུལ་བདུད་རྩིའི་ལམ་འདི་ནམ་གནས་པ། །དེ་སྲིད་སྣོད་བཅུད་དགེ་མཚན་དཔལ་གནས་ཏེ། །ནམ་ཞིག་བསྟན་པ་རིན་ཆེན་ཉམས་དམས་པ། །དེ་ཚེ་འབྱོར་བའི་གྲོང་འདིའང་ཉམས་པར་འགྱུར། ༣༡ །མི་འདུལ་ཁ་ལོ་བསྒྱུར་བ་བླ་ན་མེད། །འཇིག་རྟེན་མགོན་པོ་བདེ་གཤེགས་སྐྱོབས་རྣམས་ཀྱང་། །ཆོས་འདུལ་དམ་པའི་ཁྲིམས་ལས་མི་འགོང་ན། །ལམ་འདི་སངས་རྒྱས་མཛད་པ་ཁོ་ནར་གནས། ༣༢ །མཚུངས་མེད་སྐྱོབས་པ་དེ་ཡི་རྗེས་ཞུགས་ཏེ། །ཐུབ་པའི་ལེགས་གསུང་ཁྲིམས་ལས་མི་འགལ་བར། །ཚངས་སྤྱོད་ཡང་དག་སྡོམ་པའི་སྐལ་བ་ཅན། །གང་ཟག་དེ་ཡང་རྒྱལ་བའི་འཕྲིན་ལས་བྱེད། ༣༣ །དེ་ནི་བདུད་སྡེའི་གཡུལ་ལས་རྒྱལ་འགྱུར་ཏེ། །སྲིད་པའི་འདོད་ཡོན་དངོས་པོ་དུག་གི་ཆུར། །ཤེས་ཕྱིར་འདོད་པའི་རྒྱུ་ཡིས་འཆིང་མིན་ན། །དེ་ལ་གཞན་འཕྲུལ་ལྷས་ཀྱང་ཅི་བྱར་ཡོད། ༣༤ །རྒྱལ་འགྱུར་དྲེགས་པའི་སྙེམས་ཀྱང་དེས་སྤངས་ཏེ། །ཆོག་ཤེས་བདུད་རྩིའི་བཏུང་བས་ངོམ་པ་ལ། ། ཡང་དག་ཆོས་ཀྱི་སྐལ་བ་ཕུན་ཚོགས་ཀྱིས། །ཞི་བའི་ཡོན་ཏན་ཚོགས་ཀྱང་འོས་པ་བཞིན། ༣༥ །འཆིང་འགྱུར་འཁོར་བའི་འཛིན་ཞེན་དེས་བཀྲོལ་བས། །ཕུལ་བྱུང་ཡོན་ཏན་ཕུང་པོའི་དཔལ་འཛིན་དེས། །ཐུབ་པའི་ཆོས་ཀྱི་འཁོར་ལོ་རང་དབང་བའི། །དཔལ་འདི་སངས་རྒྱས་སྲས་ཀྱི་རྒྱལ་ཐབས་ཡིན། ༣༦ །མཚན་དཔེའི་ཉི་མ་གཞོན་ནུ་དོན་ཀུན་འགྲུབ། །སྲིད་འདིར་འཁོར་ལོས་བསྒྱུར་བའི་དཔལ་སྤངས་ཏེ། །ཚངས་སྤྱོད་བླ་གོས་གསར་བ་ལྷུར་བཞེས་ནས། ། སྲིད་གསུམ་རྒྱ་མཚོའི་ཕ་རོལ་དེས་བརྒལ་འགྱུར། ༣༧ །ངེས་འབྱུང་རྩ་བ་བརྟན་པའི་ཚུལ་ཁྲིམས་ལྗོན། །སྤང་བླང་ཁོ་ལག་རྒྱས་པའི་ཡལ་གའི་ཁྱོན། །ནོར་བདུན་འཕགས་པའི་འདོད་དགུའི་འཕྱང་འཕྲུལ་ཅན། །ཆོས་འདུལ་དཔག་བསམ་ལྗོན་པ་དེ་ཁོ་ན། ༣༨ །ནགས་ཚལ་མེ་ཏོག་རྒྱས་པའི་སྐྱེད་ཚལ་ན། །སྙོམ་ལས་གཉིད་ཀྱིས་མི་འཆིང་མིག་མི་འཛུམ། །བསམ་གཏན་བདུད་རྩིའི་བཅུད་ལ་དགྱེས་རོལ་བ། །ཆོས་འདུལ་འདི་འཛིན་ལྷ་ལས་ཁྱད་པར་འཕགས།༣༩ །གསོག་དང་བསྲུང་དང་སྤེལ་བའི་དུཿཁ་ནི། །དེ་ལ་ཡོད་མིན་འབྱོར་རྒུད་མཐའ་སྤངས་པས། །འཁོར་བར་རྙེད་དཀའི་ལོངས་སྤྱོད་རྣམ་པ་ཡང་། །རྩོལ་སྒྲུབ་མི་དགོས་དེ་ལ་ངང་གིས་འོང་། ༤༠ །སྲིད་འབྱོར་སྒྱུ་མའི་རྒྱལ་ཐབས་འཛིན་མིན་ཡང་། །དྲེགས་རློམ་ཁེངས་པའི་ཐོར་ཚུག་ཀུན་གནོན་པའི། །གང་ཞབས་སོར་མོས་རེག་པའི་རྡུལ་ཕྲན་ཡང་། །ས་གསུམ་བཀྲ་ཤིས་བྱེད་པའི་ངོ་མཚར་ལྡན། ༤༡ །ཡོངས་རྫོགས་ཁྲིམས་ཀྱི་རྩ་བ་བརྟན་ལྡན་པའི། །གཞི་གསུམ་ཡལ་ག་ཡངས་པའི་གྲིབ་བསིལ་དུ། །སྦྱང་ཡོན་ངལ་བསོའི་བདེ་བའི་བག་ཡངས་ཅན། །འདུལ་འཛིན་འཛམ་གླིང་མཛེས་པའི་ལྷ་དབང་ཡིན། ༤༢ །ཆོས་འདུལ་བཅས་པའི་ར་བ་མི་བརྟན་ན། །ཏིང་འཛིན་མེ་ཏོག་རྒྱས་པའི་གེ་སར་བཅུད། །སྐལ་བཟང་བུང་ བའི་ཉེར་འཚོར་མི་བརླིང་སྟེ། །རྣམ་གཡེང་ཕྱུགས་ཀྱིས་བརྫིས་པའི་མྱ་ངན་སྦྱིན། ༤༣ །ཕ་རོལ་ཉེས་སྤྱོད་གཡུལ་ལས་ཕམ་མིན་པའི། །སྡོམ་པའི་རྩ་བ་རྣམ་བཞིའི་ཡ་ལད་ཅན། །ཚངས་ པར་སྤྱོད་ལྡན་མི་འཚོ་བདེན་སྨྲ་ཞིང་། །འདོད་པ་ཆུང་དང་ཆོག་ཤེས་ཁོ་ནས་མཛེས། ༤༤ །མ་ཆགས་མི་བཀུར་འགྱོད་པའི་སེམས་ལྡན་མིན། །ཚངས་པར་མཚུངས་སྤྱོད་གྲོགས་ཀྱི་ངག་ལ་གུས། །བསླབ་པའི་ཡན་ལག་གཙོ་བོ་འདིས་མཛེས་པ། །བག་ཡངས་ཐོས་དང་ཏིང་འཛིན་སྟོབས་ཀྱིས་རྒྱལ། ༤༥ །གོས་གདན་ཡོ་བྱད་ཉུང་དང་གྱི་ནས་འཚོ། །གསོག་དང་འཇོག་སྤངས་བསོད་སྙོམས་བརྟུལ་ཞུགས་ཅན། །སུམ་བཅུའི་གྲངས་འཛིན་ལྟུང་བའི་སྒོ་བཅད་པ། ། དེ་ལ་དོན་མང་འདུ་འཛི་ཇི་ལྟར་སྐྱེ། ༤༦ །ཕམ་བཞིའི་ཆར་གཏོགས་ཉེས་མང་རྒྱུན་བཅད་ནས། །གསོ་དང་དགང་སླ་མཐུན་པའི་སྤྱོད་ལམ་ཅན། །ལྟུང་བ་དགུ་བཅུའི་གོ་སྐབས་འབྱེད་མིན་པ། །ཏིང་འཛིན་ཞི་བའི་དགའ་བས་ཅིས་མི་དགའ། ༤༧ །ཅི་ནས་མཛེས་པ་ཞི་བའི་སྤྱོད་ལམ་གྱིས། །ཕ་རོལ་མ་དད་སྐྱེ་བའི་རྒྱུ་སྤངས་ཤིང་། །མ་བརྟགས་བག་མེད་སྤྱོད་པ་ཀུན་སྡོམ་པ། །ཉེས་མང་ཉེས་བྲལ་འཇིག་རྟེན་མཛེས་པའི་རྒྱན། ༤༨ །མ་རུང་ཁོང་ཁྲོའི་མེ་ཆེན་གཏུམ་པོ་ཡིས། །དགེ་ཚོགས་ནགས་ཚལ་ཟ་ལ་རིངས་པ་ན། །བྱམས་པའི་ཆུ་ཆར་འཛིན་པའི་རང་བཞིན་སྤྲིན། །ཚངས་སྤྱོད་ཞི་བའི་ཡིད་མཁར་བསྡུས་པ་བཞིན། ༤༩ །དབྱིབས་དང་ཁ་དོག་རེག་བྱ་མཛེས་འཇམ་ཞེས། །མ་བརྟགས་སྲེད་པའི་སྤུ་ལོང་གཡོ་བགྱིད་ལ། །མི་སྡུག་མི་གཙང་རང་བཞིན་ཤེས་པའི་བློ། །ཆགས་རྡུལ་དྲི་མ་བཀྲུ་བའི་ཆུ་གཙང་བགྱིད། ༥༠ །སྔོན་དང་ ཕྱི་མཐའ་ད་ལྟའི་གནས་རྨོངས་ལ། །རྟེན་ཅིང་འབྲེལ་འབྱུང་དམ་པའི་ཆོས་སྒྲོན་མས། །སྲིད་རྩ་མ་རིག་མུན་པའི་དཔུང་བཅིལ་ནས། །ཡང་དག་ལམ་བཟང་མགྲོན་དུ་བོས་པ་བཞིན། ༥༡ ། རྣམ་གཡེང་ཚང་ཚིང་ནགས་སུ་མི་འཕྱན་ཞིང་། །རྩེ་གཅིག་དམིགས་པའི་ལམ་ལས་མི་འཁྱོར་པར། །རྣམ་གསུམ་ཞི་བའི་ཞི་གནས་གསོ་སྦྱོང་གིས། །མྱ་ངན་འདས་པའི་སྒོ་འཕར་འབྱེད་ལ་བརྩོན། ༥༢ །མཐུན་པ་འདུས་པ་ཅི་ནས་ཐུགས་མཐུན་ཞིང་། །ཉིས་བརྒྱ་ལྔ་བཅུ་དག་ པའི་ཚུལ་མཐུན་པ། །མཐུན་པའི་ཞུ་དག་སོ་ཐར་བཀར་བགྱིས་པས། །གང་བའི་ཟླ་དཀྱིལ་མི་མཐུན་མེད་བཞིན་མཛེས། ༥༣ །གནས་བསྲུང་གནས་པའི་བསླབ་པ་མི་གཏོང་བ། ། ཆར་དུས་ཆར་གྱི་ལོ་ཏོག་གསོ་བ་བཞིན། །ཕན་ཚུན་ཡོན་ཏན་བསུང་ཞིམ་གཅིག་ལ་གཅིག ། བགོ་བའི་སྣང་ཚུལ་ལྷ་ཡི་སྐྱེད་ཚལ་བཞིན། ༥༤ །ལྟུང་དང་རྙེད་རྒྱུས་འཐབ་ཀྲོལ་འབྱུང་བའི་སྒོ། །དགག་ལས་བྱེད་པའི་ཚུལ་བཟང་རྨད་བྱུང་བས། །གླེང་དྲན་གདམས་ཆུས་ཕན་ཚུན་བསིལ་སྦྱིན་ཞིང་། །རྣམ་གསུམ་གོས་རྒྱུས་རྙེད་པ་ཉུང་མིན་བདེ། ༥༥ །གནས་སྐབས་ཟླ་དཀྱིལ་འཕེལ་དང་འགྲིབ་སྣང་ཡང་། །ཡར་མར་ཕྱོགས་མཐར་གང་དང་སྟོང་མཐུན་བཞིན། ། སྐྱོན་ཡོན་འཕེལ་འགྲིབ་གསོ་དང་སྦྱོང་ཐབས་ཀྱིས། །སྐྱོན་སྟོང་ཡོན་ཏན་ཕྱོགས་ཀྱིས་གང་བ་མཛེས། ༥༦ །དབྱར་ཟླའི་ཆར་གྱིས་ལོ་ཏོག་བསྐྱེད་བསྲིང་ཞིང་། །མཚོ་དང་རྫིང་བུ་གང་ཞིང་མཛེས་པ་བཞིན། །ཐོས་སོགས་ཡོན་ཏན་མཐུན་པའི་ཆུས་སྐྱེད་ཅིང་། །རྙེད་པའི་ཚོགས་ཀྱིས་གང་བའི་མཚོ་བཞིན་གནས། ༥༧ །སྟོན་ཟླའི་དཔལ་མོས་འབྲས་མང་བགོ་བྱའི་ཚོགས། ། སྦྱིན་པ་སྙེ་མ་གཡུར་ཟ་ལྡེམ་པ་བཞིན། །ཕན་པའི་ངག་དང་རྙེད་པའི་བགོ་བྱའི་ཤས། །དུ་མར་སྤྱོད་པས་འདུས་པའི་ཚོགས་རབ་དགྱེས། ༥༨ །ཕྱི་ནང་རྟེན་འབྲེལ་མཐུན་པའི་སྤྱོད་བཟང་འདི། །ཐུབ་པའི་སྲས་ཀྱི་ཐུབ་ཚུལ་རྨད་བྱུང་སྟེ། །ལམ་འདི་གང་གནས་ལྷར་བཅས་འགྲོ་མང་གི །བསོད་ནམས་ཞིང་དུ་སྟོན་པ་མཆོག་དེས་གནང་། ༥༩ །གཞི་གསུམ་ཚུལ་འདི་གང་དུ་གནས་པ་དེར། །རྒྱལ་བསྟན་རིན་ཆེན་གནས་ཞེས་གདངས་འོས་ལ། །ཡུལ་དབུས་ཡུལ་གྱི་སྙིང་པོ་དམ་པ་ཞེས། །བསྔགས་པའི་མེ་ཏོག་འདི་མིན་གང་ལ་འཐོར། ༦༠ །གྲོང་དང་གྲོང་འདབ་འདུ་འཛིའི་གནས་ལས་རིང་། །༡དགོན་དང་དུར་༢ཁྲོད་དབེན་པའི་༣ཤིང་གི་དྲུང་། །༤ ཇི་བཞིན་གཞི་ལ་བླ་གབ་༥མེད་གནས་པའི། །ཐུབ་པའི་སྲས་འདི་རི་དྭགས་རྒྱལ་པོ་བཞིན།༦༡ །༦འཇམ་པོར་མ་ཆགས་མང་༧པོར་དེ་མ་ཡིན། །བཟང་༨པོར་མ་ཞེན་ངན་ངོན་ཙམ་གྱི་གོས། །ཐར་བའི་རྒྱལ་མཚན་དྲང་སྲོང་ཚུལ་མཐུན་པའི། །དྲང་སྲོང་ཆེ་དེ་འདོད་པ་ཆུང་བའི་ཕུལ།༦༢ །༩ལན་གཅིག་བསོད་སྙོམས་དུས་གཅིག་ལས་མི་ལེན༡༠། །སྟན་༡༡གཅིག་ཟས་ཀྱིས་འཚོ་ཞིང་བདེར་གནས་པ། །འགྲང་ཆེན་བཀྲེས་པའི་མཐའ་གཉིས་གནས་གསལ་བའི། །ལུས་སྤྱོད་སྲབ་འདིའི་སེམས་རྟའི་འདུལ་དཔྱད་བྱས། ༦༣ །ཉལ་དང་འཁྲས་སོགས་སྙོམ་ལས་བདེ་བའི་རོར། །ཆགས་མིན་གཉིད་ཀྱི་མྱོས་པ་རྒྱང་རིང་བཏང་། ། ༡༢ཙོག་པུའི་སྤྱོད་པས་མཚན་མོའི་དུས་འདའ་བས། །ཞི་བའི་ཏིང་འཛིན་མགྲོན་དུ་བོས་པ་བཞིན། ༦༤ །ཚུལ་ཁྲིམས་བྱུག་པས་བསིལ་དང་བསུང་ཞིམ་བྱིན། །ངོ་ཚ་ཤེས་གོས་བགོས་ལ་བཀྲ་ཤིས་བྱས། །ཡོན་ཏན་རྒྱན་གྱི་རྒྱན་གཞན་ཟིལ་གནོན་པ། །ས་སྟེང་འདི་ན་ལྷ་ལས་ལྷག་པར་མཛེས། ༦༥ །རྙེད་པའི་འདོད་ཆུང་བྱམས་པའི་འདོད་རབ་འཕེལ། །འབྱོར་བས་ཆོག་ཤེས་ཡོན་ཏན་ཆོག་མི་ཤེས། །སྲིད་པའི་བདེ་སྤངས་ཏིང་འཛིན་བདེ་བས་དགྱེས། །རྣལ་འབྱོར་སྤྱོད་མཆོག་ཕལ་བའི་ཡུལ་ལས་འདས། ༦༦ །དབེན་པའི་ཤིང་དྲུང་ཞི་བའི་གནས་མཛེས་ལ། །ཐར་བའི་རྒྱལ་མཚན་བགོ་བའི་གོས་མཛེས་ཤིང་། །ཅི་ནས་མཛེས་པའི་སྤྱོད་ལམ་ཀུན་མཛེས་པ། །མཛེས་པ་སྟོང་གི་གནས་སུ་བྱས་པ་བཞིན།༦༧ །དལ་འབྱོར་རྟེན་བཟང་གཙང་མའི་ཟས་ཀྱིས་འཚོ། །ལྷ་ཚོགས་ཡིད་དབང་གཙང་མའི་སྤྱོད་པས་དགའ། །གཙང་མའི་ ཆོས་ཆར་གསལ་བ་འཛིན་མཁས་འདིར། །གཙང་རིས་ལྷས་ཀྱང་བསྒྲུན་དུ་ཡོད་དམ་ཅི། ༦༨ ། དག་པ་ཡིད་ཀྱིས་ལུས་སྤྱོད་དག་བྱས་ཤིང་། །ཡང་དག་འཚོ་བས་རྣམ་སྨིན་ལྕི་བ་དག །མ་དག་ལྟུང་བའི་རྙོགས་མ་ཀུན་དག་པ། །དག་པའི་མཁའ་ལ་གང་བའི་ཟླ་དཀྱིལ་བཞིན། ༦༩ ། ཏིང་འཛིན་བདེ་བའི་བདུད་རྩི་མཆོག་གིས་མྱོས། །བག་ཡངས་གནས་སུ་སྤྱོད་ལམ་ཅི་ཡང་བདེ། །གནོད་མེད་འགྱོད་མེད་འདི་དང་ཕྱི་མར་བདེ། །སངས་རྒྱས་སྲས་དེ་བདེ་ནས་བདེ་བར་འགྲོ། ༧༠ །ཡོ་བྱད་མང་པོའི་གསོག་བསྲུང་རྒྱང་དུ་བཏང་། །བཟའ་བཏུང་མང་པོའི་གཡོ་བསྐོལ་དགོས་པ་མེད། །འདུ་འཛི་མང་པོའི་བྲེལ་དོ་སྤངས་གྱུར་དེ། །ལྷ་ཚོགས་མང་པོའི་ཕྱག་འོས་གྱུར་ལ་ལྟོས། ༧༡ །དལ་བའི་རྟེན་ལ་དལ་བའི་སྤྱོད་ལམ་ཅན། །དུལ་བའི་སྒོ་གསུམ་འདུལ་བའི་ཁྲིམས་ཀྱིས་བསྡམ། །གདུལ་དཀའི་གཞན་རྒྱུད་ཞི་བའི་ཆོས་ཀྱིས་འདུལ། ། འདུལ་འཛིན་མཆོག་དེ་རྒྱལ་བའི་རྒྱལ་ཚབ་ཡིན། ༧༢ །ངན་པའི་གྲོགས་སྤང་བཟང་པོའི་ཆོས་ལ་བརྟེན། །དམན་པའི་ས་བཟུང་མཐོན་པོའི་ལམ་བཟང་སྙེགས། །སྲིད་པའི་ཞེན་བཅད་ཞི་བའི་ཏིང་འཛིན་གནས། །མི་གྲལ་ནས་བུད་ལྷ་བརྒྱའི་གཙུག་རྒྱན་བྱེད། ༧༣ །ཚུལ་ཁྲིམས་མ་ལ་ཡ་ཡི་བསུང་ཞིམ་དྲིས། །ཏིང་འཛིན་རེག་བྱའི་བསིལ་བ་མཆོག་སྦྱིན་པ། །ཤེས་རབ་བདུད་རྩི་མཆོག་གི་དཔལ་ཐོབ་དེའི། །འཆི་མེད་ཞི་བའི་ལམ་དང་མཛའ་བར་བྱས། ༧༤ །མ་ཆགས་ཡང་དག་འཕགས་པའི་རིགས་ལ་གནས། །ལྟ་སོགས་ཡང་དག་འཕགས་པའི་ལམ་ལ་བརྟེན། །འཕགས་པ་དགྱེས་པའི་སྤྱོད་པ་ལྷུར་ལེན་པ། །འདུལ་འཛིན་མཆོག་དེ་ལྷ་མིའི་མཆོད་སྡོང་ཡིན། ༧༥ །གཤེ་ཡང་མི་གཤེ་ཁྲོས་ཀྱང་སླར་མི་ཁྲོ། །བརྡེག་ཀྱང་མི་བརྡེག་མཚང་འབྲུའི་བསམ་པ་མེད། །དགེ་སྦྱོང་ཆོས་ཀྱི་ལྷབ་ལྷུབ་བགོ་བ་ཅན། །འདུལ་འཛིན་མཆོག་དེ་བཟོད་པའི་རྒྱན་གྱིས་མཛེས། ༧༦ །ཀློག་དང་སྤོང་བ་རབ་ཏུ་བྱུང་བའི་ལས། ། འདི་ལ་གནས་ཏེ་ལུང་རྟོགས་རྒྱལ་བའི་བསྟན། །བཤད་དང་སྒྲུབ་པའི་གྲག་པས་ལེགས་བཏེགས་པ། །འདུལ་འཛིན་མཆོག་དེས་བསྟན་པའི་ཁུར་ཆེན་ཁྱེར། ༧༧ །དད་ལྡན་བསོད་ནམས་བསགས་པའི་ཞིང་མཆོག་སྟེ། །འབྱོར་ལྡན་སྦྱིན་པའི་གནས་བཟང་བླ་ན་མེད། །གུས་ལྡན་ཡང་དག་བསླབ་གཞི་བླང་བའི་ཡུལ། །འདུལ་འཛིན་མཆོག་དེ་མངོན་མཐོ་ངེས་ལེགས་གཞི། ༧༨ །རྒྱལ་བསྟན་རིན་ཆེན་ནོར་བུའི་གླིང་བགྲོད་དེ། །བསླབ་གསུམ་ནོར་གྱི་བགོ་སྐལ་དོན་གཉེར་བའི། །སྐལ་བཟང་དོན་མཐུན་ཆོས་ལམ་རྒྱུ་བ་ལ། །འདུལ་འཛིན་མཆོག་དེ་དམ་པའི་དེད་དཔོན་ཡིན། ༧༩ །ཚུལ་ཁྲིམས་ཟུང་གིས་དལ་འབྱོར་གྲུ་རྙེད་དེ། །བརྩོན་པའི་དར་ཆེན་མཐུན་པའི་རླུང་གིས་བསྐྱོད། །ཐར་པའི་སྐམ་སར་འགྲོ་ཀུན་ལེགས་འདྲེན་པའི། ། འདུལ་འཛིན་མཆོག་དེ་ཐར་ལམ་མཉན་པ་ཡིན། ༨༠ །ཐོས་པའི་ཉི་གཞོན་བསམ་པའི་ཤིང་རྟས་དྲངས། །བསྒོམ་པའི་འོད་ཀྱིས་སྒྲིབ་པའི་མུན་པ་བཅོམ། །སྐལ་བཟང་འགྲོ་ལ་ལམ་མཆོག་མིག་སྦྱིན་པའི། །འདུལ་འཛིན་མཆོག་དེ་ཉིན་མོའི་སྣང་བ་ཡིན། ༨༡ །ཞི་བའི་ཚུལ་གྱིས་མ་དད་དད་བགྱིད་ཅིང་། །བསླབ་པའི་སྤྱོད་པས་དད་པ་སྨིན་པར་བྱེད། །དོན་བཟང་ཆོས་ཀྱིས་སྨིན་པ་གྲོལ་མཛད་པ། །འདུལ་འཛིན་མཆོག་དེ་འབྲེལ་ཚད་དོན་ལྡན་ཡིན། ༨༢ ། གཏོང་བའི་སྐལ་ཆེན་དབུལ་བ་རྒྱུན་གཅོད་ཅིང་། །འདོད་པའི་འབྲས་ཀུན་གང་ལས་བླང་མི་དཀའ། །ཕན་པའི་འབྱུང་གནས་དུས་ཀུན་མི་བསླུ་བ། །འདུལ་འཛིན་མཆོག་དེ་དཔག་བསམ་ལྗོན་པ་ཡིན། ༨༣ །བག་མེད་གནས་ལས་དམ་པའི་ཆོས་ཀྱིས་བསྐུལ། །ཉེས་སྤྱོད་ལྷ་མིན་གཡུལ་ལས་རྣམ་རྒྱལ་བྱེད། །རྣམ་ཀུན་ཡང་དག་ཕན་པ་སྒྲུབ་བྱེད་པ། །འདུལ་འཛིན་མཆོག་དེ་ལྷ་ཡི་རྔ་སྒྲ་ཡིན། ༨༤ །སྙིགས་མའི་དུས་འདིར་དཀོན་མཆོག་རྣམ་གསུམ་ཞེས། །མཇལ་དུ་རུང་བ་མཁས་པ་འདི་ལས་གཞན། །ཡོད་པ་མིན་ན་ཤེས་ལྡན་སུ་གང་དག །འདུལ་འཛིན་རྒྱལ་བའི་སྲས་འདིར་ཅིས་མི་དད། ༨༥ །བསླབ་པ་ཀུན་གྱི་རྩ་བ་གཅིག་པུ་སྟེ། །ཡོན་ཏན་ཀུན་ གྱི་གཞི་རྟེན་ཆེར་བསྔགས་པ། །དམ་པའི་ཆོས་མཆོག་འདུལ་བ་རིན་པོ་ཆེ། །སྲིད་པ་གསུམ་གྱི་རྒྱན་གཅིག་འདི་ཁོ་ན། ༨༦ །ལམ་འདིར་འཇུག་པའི་སྐལ་བ་བཟང་ཐོབ་ནས། །མ་ཉམས་ཚུལ་ཁྲིམས་མིག་འབྲས་བཞིན་དུ་བསྲུང་། །དབེན་པའི་གནས་སུ་བརྩོན་པས་གནས་བགྱིད་དེ། །ཐུབ་པའི་སྲས་ཞེས་བརྗོད་པ་དོན་དང་ལྡན། ༨༧ །གང་ན་དགེ་ལེགས་ཚུལ་འདི་གནས་གྱུར་པ། །དེ་ན་ཐུབ་པའི་བསྟན་པ་གནས་སོ་ཞེས། །ལྷ་དང་བཅས་པའི་འདུ་བ་རྒྱ་ཆེ་ཞིང་། ། ཀུན་ཀྱང་རབ་དགའི་མེ་ཏོག་གཏོར་ལ་བྲེལ། ༨༨ །དམར་སེར་ཐུན་མཚམས་སྤྲིན་གྱི་ཕྲེང་བ་ལྟའི། །ངུར་སྨིག་འཛིན་པའི་གྲལ་རིགས་སྲིད་མཐར་ཡང་། །རྒྱལ་བའི་མཛད་བཟང་འགྲོ་ལ་སྣང་བགྱིད་དེ། །ཁམས་གསུམ་ཞི་བར་འདྲེན་པའི་དེད་དཔོན་ཉིད། ༨༩ །ཐུབ་པ་བདེ་གཤེགས་ སྐྱོབས་པ་ཐུགས་རྗེ་ཅན། །འཛམ་བུའི་གླིང་འདིར་བསྟན་པའི་སྒྲོན་མེ་སྦར། །སྣང་བྱེད་ཉི་མ་དེ་ནི་དབྱིངས་སུ་གཤེགས། །ཆོས་འདུལ་སྟོན་པའི་རྒྱལ་ཚབ་ཉིད་དུ་བཞུགས། ༩༠ །གྲངས་མེད་ལེགས་བྱས་ཚོགས་གཉིས་བང་མཛོད་ནས། །བདུན་བརྒྱའི་གྲངས་སྙེད་འཁོར་ལོའི་བསྒྱུར་རྒྱལ་དཔལ། །འཛིན་པའི་རྒྱུར་ངེས་དགེ་ཚོགས་དངོས་པོ་ཡང་། །བརྩེ་བས་རྗེས་འཇུག་སྐལ་པ་ཁོ་ནར་བསྔོས། ༩༡ །གང་ལ་བསྟེན་ན་རྣམ་གྲོལ་གོ་འཕང་ཡང་། །སྟེར་ནུས་བསླབ་གསུམ་ནོར་བུའི་བང་མཛོད་དང་། །ཐུགས་ཀྱི་གསང་བ་ཐེག་གསུམ་དམ་པའི་ཆོས། ། ཐུབ་པའི་འབྱོར་པ་རྒྱ་མཚོ་སྲིད་འདིར་བཞག ༩༢ །ལྗོངས་གང་མུ་གེས་བསྐལ་པས་ཉམ་དམས་ཏེ། །བྲེ་གང་ཕྱེ་ལ་བདུན་འགྱུར་མུཀྟི་ཀ །གཞལ་བར་བྱེད་ཀྱང་ཚངས་སྤྱོད་སྐལ་འཛིན་ པ། །བཀྲེས་པས་གདུང་བར་མི་འགྱུར་ཞལ་བཞེས་གནང་། ༩༣ །ཀྱེ་མ་སྙིགས་མ་འདིར་སྐྱེས་རབ་བྱུང་གཟུགས། །ཐུབ་པའི་ཆོས་ཀྱི་རྒྱལ་སྲིད་མ་ཉམས་པ། །ལྷར་བཅས་འགྲོ་བའི་མཆོད་སྡོང་དེ་བཟུང་ནས། །དུག་ཅན་ལོག་འཚོས་རྙེད་ཕྱིར་འཚོང་བར་བྱེད། ༩༤ །ཐུབ་བསྟན་ རྒྱལ་བོའི་རིགས་བཟང་འདིར་སྐྱེས་ནས། །ཚངས་སྤྱོད་དམ་པའི་རྒྱལ་སྲིད་མི་འཛིན་པར། ། ཐ་ཆད་མུ་ཏོའི་གྲལ་དུ་རང་གིས་རང་། །འཕེན་འདི་ཀྱི་ཧུད་སུ་ཡིས་བསླུས་པ་ལགས། ༩༥ ། ཀྱེ་མ་བྱིས་པ་བསླུ་བའི་སྙན་གྲགས་དང་། །ཚུར་མཐོང་སྨུག་རྒྱུའི་ཆུ་བོའི་རྗེས་བསྙེགས་ ཤིང་། ། རྣམ་གྲོལ་ལྷ་ཡི་བདུད་རྩི་རང་གི་ལག །མཆིས་འདི་ཕོ་བར་བྱེད་ན་སྨྱོའམ་ཅི། ༩༦ །ཐུབ་པ་མཚན་དཔེའི་རང་བཞིན་ལྷའི་ཡང་ལྷ། །དབང་པོའི་རྒྱན་མཆོག་ནོར་བུའི་དོ་ཤལ་ཡང་། །དེ་ལ་འོས་མིན་མོག་པོར་བྱེད་པ་ཡི། །རྒྱན་སྤང་ཕྱག་དར་ཁྲོད་པའི་གོས་བཞེས་མཛད། ༩༧ ། སྙིགས་མའི་སྐལ་ཆད་ཐུབ་དེའི་རྗེས་འཇུག་ཏུ། །ཁས་འཆེས་མི་གཙང་རྐྱལ་བའི་རང་བཞིན་ལུས། །ཆེ་ནོར་འོས་པའི་ཟ་འོག་གིས་དཀྲིས་ནས། །མི་གནོད་གྲགས་པར་བྱེད་པ་འདི་ཅི་ཞིག ༩༨ །ཐར་བའི་གྲོང་ན་ཐུབ་པའི་རྗེས་འབྲང་སྟེ། །འགྲོ་བའི་མགོན་དུ་གཤེགས་ལ་དགའ་མིན་པར། །འཁོར་བའི་གྲོང་ན་ཁྱིམ་པའི་གཡོག་བགྱིད་པའི། །དམར་སེར་ཅན་དེ་བདུད་ཀྱིས་བསླུས་པ་ལགས། ༩༩ །སྤང་བླང་རི་མོ་འབུམ་བཀྲ་ཆོས་འདུལ་གོས། །གཞལ་དཀའི་ཡོན་ཏན་ཟ་འོག་མ་རྙིང་བ། །འདི་བགོས་ཁྱིམ་གནས་གྲོང་བའི་ཐལ་ཕུང་དུ། །སྤྱོད་ངན་འགྲེ་ལྡོག་བགྱིད་འདི་སྙིང་རྗེའི་གནས།༡༠༠ །ཤཱཀྱ་སེངྒེ་སྐྱོབས་དེས་ལན་བརྒྱར་ཡང་། ། དབུ་དང་ཕྱག་ཀྱང་གཏོང་བའི་དཀའ་བ་ཡིས། །དུས་རིང་བསྒྲུབས་པའི་ཆོས་མཛོད་བདུད་རྩིའི་ལམ། །མི་ཕོངས་བསྟན་པའི་བཙས་སུ་འདི་བཞག་མོད།༡༠༡ །ཀྱེ་མ་ལོག་སྤྱོད་གོམས་པའི་སྐྱེ་བོ་ནི། །ཕན་མཛད་དེ་ཡི་བསྟན་པའི་ནགས་ཀློང་དུ། །ཞུགས་ནས་གཉིས་ཕུང་བགྱིད་པའི་ཞུགས་སྦར་བ། །ཀྱི་ཧུད་ཕྱོགས་བཅུའི་རྒྱལ་བས་གཟིགས་སམ་ཅི།༡༠༢ །སྙིགས་མའི་བསྐལ་མཐར་སྐྱེས་པ་བདག་དང་གཞན། །ཐུབ་ཚུལ་ཡོན་ཏན་རང་བཞིན་ཅུང་ཟད་ཙམ། །

མཐོང་བ་མཆིས་ན་ཉོན་མོངས་གཞན་དབང་གིས། །ཤེས་བཞིན་ཁྱད་དུ་གསོད་པར་མ་གྱུར་ཅིག ༡༠༣ །བསྔགས་འོས་དམ་པའི་ལམ་བཟང་འདི་བསྔགས་པའི། །དགེ་ཚོགས་ཕུང་བོ་ཇི་སྙེད་མཆིས་ཀུན་དང་། །བདག་གིས་དུས་གསུམ་བསགས་པའི་དགེ་རྩར་བཅས། །བསྟན་པ་མི་ཉམས་གནས་པའི་རྒྱུ་རུ་བསྔོ།༡༠༤ །བསྔོས་པ་ཇི་བཞིན་འགྲུབ་པའི་མཐུན་གྱུར་དུ། །དབྱིངས་ནས་རྒྱལ་བ་སྲས་བཅས་བཞེངས་མཛད་ཅིང་། །ལྷག་བསམ་དམ་པའི་གཞོན་ནུ་ཤྲཱི་ཡང་། །བསམ་དོན་ཆོས་བཞིན་འགྲུབ་པའི་བཀྲ་ཤིས་ཤོག །