DKYD-KABUM-03-GA-051

From Khyentse Lineage - A Tsadra Foundation Project
Revision as of 09:36, 2 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

༄༅། །ཨོ་རྒྱན་ཆེན་པོའི་གསོལ་འདེབས་བར་ཆད་ལམ་སེལ་སྙིང་པོའི་དོན་བསྡུས་ཐུགས་རྗེས་གློག་ཞགས་བཞུགསཿ ཨོཾ་ཨཱཿཧཱུྃཿ ཆོས་སྐུ་སྣང་མཐའ་ལོངས་སྐུ་སྤྱན་རས་གཟིགསཿ སྤྲུལ་པའི་སྐུ་སྤྲུལ་པདྨ་ཐོད་ཕྲེང་རྩལ༔ ཐུགས་དམ་རྒྱུད་བསྐུལ་བརྩེ་ཆེན་སྤྱན་གྱིས་གཟིགས༔ བདག་སོགས་འགྲོ་ལ་དབང་བསྐུར་བྱིན་གྱིས་རློབས༔ ཕྱི་ནང་གསང་བའི་བར་ཆད་དབྱིངས་སུ་སོལ༔ རྒྱ་གར་ཡུལ་དུ་སྐུ་འཁྲུངས་སྒྲོ་འདོགས་ཆོད༔ ཡེ་ཤེས་མཁའ་འགྲོའི་བྱིན་རླབས་དངོས་གྲུབ་ཐོབ༔ རླུང་སེམས་དབང་ཐོབ་རྫུ་འཕྲུལ་མངའ་བརྙེས་ཤིང༔ ཌཀྐཱིའི་བྱིན་རླབས་མཁའ་འགྲོའི་ཚོགས་དཔོན་མཛད༔ གསོལ་བ་འདེབས་སོ་ཕྱི་ན་བར་ཆད་སོལ༔ བོད་ཀྱིས་ཡུལ་དུ་ལྷ་སྲིན་དམ་ལ་བཏགས༔ གཙུག་ལག་རྟེན་བཞེངས་མངའ་བདག་དགོངས་པ་རྫོགས༔ སྒྲུབ་གནས་བྱིན་རླབས་གཏེར་གྱི་གཉེར་ཁ་སྦས༔ སྙིང་དུས་སེམས་ཅན་དོན་དུ་ཐུགས་རྗེ་རྨད༔ གསོལ་བ་འདེབས་སོ་ཕྱི་ནང་བར་ཆད་སོལ༔ ལྔ་ཕྲག་ཐ་མའི་འགྲོ་བ་སྡུག་བསྔལ་གྱིས༔ ནོན་ཚེ་སྐྱོབས་པའི་ཕྲིན་ལས་རྣམ་བཞི་ཡིས༔ ཐུགས་རྗེས་རྗེས་སུ་འཛིན་པར་ཞལ་བཞེས་བཞིན༔ རྔ་ཡབ་གླིང་ནས་ཐུགས་རྗེས་ཉེ་བར་དགོངས༔ གསོལ་བ་འདེབས་སོ༴ ད་ལྟ་བོད་འབངས་སྡུག་བསྔལ་དྲག་པོ་ཡིསཿ གཟིར་ཚེ་ཁྱོད་ལས་རེ་ས་གཞན་མེད་པསཿ ཁྱོད་ལ་གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། དགྲ་གདོན་བགེགས་དང་བར་ཆད་རྐྱེན་བཟློག་ཅིང༔ ཕྱི་ནང་གསང་བའི་བར་ཆད་དབྱིངས་སུ་སོལཿ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ༴ «ཅེས་པ་»འདི་ཡང་དུས་ངན་མངོན་ཕྱོགས་མོས་རྩེ་ལྕགས་ལ་མི་དབང་མཆོག་གི་སྐུ་ཚེའི་བར་ཆད་བཟློག་ཕྱིར་གཏེར་མིང་འཛིན་པ་ཁྲག་འཐུང་དཔའ་བོའི་རིག་རྩལ་གང་ཤར་ཐོལ་བྱུང་དུ་སྨྲས་པ་ཡི་གེ་པ་ནི་སློབ་བུ་རིས་སྨའི་མིང་ཅན་གྱིས་བགྱིས་པའོ༔«