JKW-KABAB-01-KA-006

From Khyentse Lineage - A Tsadra Foundation Project
Revision as of 09:37, 16 November 2021 by Mort (talk | contribs) (Text replacement - "|editortib=རྫོང་སར་བློ་གྲོས་ཕུན་ཚོགས་" to "")

JKW-KABAB-01-KA-006

འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་རྣམ་ཐར་སྙིང་པོར་དྲིལ་བ།
Wylie title 'jam dbyangs mkhyen brtse'i dbang po'i rnam thar snying por dril ba JKW-KABAB-01-KA-006.pdf
Location mkhyen brtse'i bka' babs
Volume 1, Text 6, Pages 385-395 (Folios 1a to 6a3)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Associated People འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ('jam dbyangs mkhyen brtse'i dbang po)
Citation 'jam dbyangs mkhyen brtse'i dbang po. 'jam dbyangs mkhyen brtse'i dbang po'i rnam thar snying por dril ba. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 1: 385-395. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Autobiographies - rang rnam  ·  Biographies - Hagiography - rnam thar
Karchag page JKW-KABAB-Volume-01-KA-Karchag
Colophon

དེ་ལྟར་དུས་གསུམ་རྟོགས་བརྗོད་འདི། །ལྷ་སྲས་དམ་འཛིན་སྐྱེ་བའི་མཐའ། །འགྲན་བྲལ་གྲུབ་པའི་འཁོར་ལོས་སྒྱུར། །འཇིགས་མེད་ཕྲིན་ལས་འོད་ཟེར་གྱི། །རྣམ་འཕྲུལ་མཁས་བཙུན་བཟང་པོའི་ཕུལ། །འཇིགས་མེད་བསྟན་པའི་ཉི་མ་ཡིས། །ལྷ་རྫས་རིན་ཆེན་སྐྱེས་དང་བཅས། །ནན་ཏན་བསྐུལ་ངོ་མི་ལྡོག་ཙམ། །ཤིན་ཏུ་མདོར་བསྡུས་ས་བོན་དུ། །འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས། །དགེ་བས་བྱང་ཆུབ་སྙིང་པོའི་བར། །ཐེག་མཆོག་བཤེས་དང་མི་འབྲལ་ཞིང༌། །མྱུར་དུ་བྱང་ཆུབ་ཐོབ་པར་ཤོག །མངྒ་ལཾ།།

de ltar dus gsum rtogs brjod 'di/__/lha sras dam 'dzin skye ba'i mtha'/__/'gran bral grub pa'i 'khor los sgyur/__/'jigs med phrin las 'od zer gyi/__/rnam 'phrul mkhas btsun bzang po'i phul/__/'jigs med bstan pa'i nyi ma yis/__/lha rdzas rin chen skyes dang bcas/__/nan tan bskul ngo mi ldog tsam/__/shin tu mdor bsdus sa bon du/__/'jam dbyangs mkhyen brtse'i dbang pos bris/__/dge bas byang chub snying po'i bar/__/theg mchog bshes dang mi 'bral zhing*/__/myur du byang chub thob par shog__/mang+ga laM

[edit]
༄༅། །འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་རྣམ་ཐར་སྙིང་པོར་དྲིལ་བ་བཞུགས་སོ།། དཀོན་མཆོག་རྩ་གསུམ་རྒྱ་མཚོའི་བདག །དཔལ་ལྡན་བླ་མར་གུས་བཏུད་ནས། །རང་ཚུལ་སྒྲོ་སྐུར་མ་མཆིས་པར། །དམ་པའི་གསུང་ངོར་མདོར་བསྡུས་བརྗོད། །ཁོ་བོ་བོད་ཆེན་སྡེ་དགེའི་ཤར། །གཏེར་ལྷུང་ཞེས་པའི་ས་ཡི་ཆར། །ཁྱུང་ཆེན་བྲག་གི་འདབས་རོལ་ཏུ། །གཉོས་ཀྱི་རིགས་སུ་གྲགས་པ་ལས། །རབ་ཡིད་ལྕགས་ཕོ་འབྲུག་གི་ལོའི། །དབྱར་ཐ་ཆུ་སྟོད་ཟླ་བ་ཡི། །ཆོས་འཁོར་བསྐོར་བའི་དུས་ཚེས་དང༌། །ཉེ་བ་དཀར་ཕྱོགས་རྫོགས་པའི་ཉིན། །ངོ་མཚར་ལྟས་བཅས་བཙས་སོ་སྐད། །དྲན་ཙམ་དུས་སུ་ཡེ་ཤེས་ཀྱི། །མགོན་པོ་ཕྱག་དྲུག་ཨེ་ཀ་ཛས། །ཡང་ཡང་བརྩེ་ཞིང་སྐྱོང་བ་དང༌། །ཚེ་སྔོན་བག་ཆགས་འལ་འོལ་དྲན། །ཆུང་ནས་རབ་བྱུང་ཕྱོགས་སུ་བསྙེན། །ཉེར་གཅིག་ལོ་ཡི་གུང་སོན་ཚེ། །སྨིན་གྲོལ་ཆོས་ཀྱི་གླིང་ཆེན་པོར། །བརྟན་མཁས་རྫོགས་པའི་དགེ་བའི་བཤེས། །རིག་འཛིན་བཟང་པོར་བསྙེན་པར་རྫོགས། །ཁྲི་ཆེན་སངས་རྒྱས་ཀུན་དགའ་ལས། །དབུ་མ་ལུགས་ཀྱི་སེམས་བསྐྱེད་དང༌། །དཔལ་ཆེན་ཡང་དག་སོ་ལུགས་དང༌། །རིག་འཛིན་ཐུགས་ཏིག་དབང་བསྐུར་ནོས། །སྡོམ་པ་གསུམ་དང་ལྡན་པར་བྱས། །སྔ་ཕྱིར་ཁམས་དབུས་གཙང་གསུམ་དུ། །མི་ལོ་བཅུ་གསུམ་ཐོས་པ་བཙལ། །རྡོ་རྗེ་འཛིན་དང་དགེ་བའི་བཤེས། །རིག་བྱེད་གཞུང་ལ་མཁས་པ་སོགས། །གཙུག་ནོར་བརྒྱ་དང་ལྔ་བཅུ་བསྟེན། །བཟོ་གསོ་སྒྲ་ཚད་ཡན་ལག་བཅས། །འདུལ་མཛོད་དབུ་ཕར་བཤད་སྲོལ་ཐོས། །གསར་རྙིང་རྡོ་རྗེ་ཐེག་པ་ཡི། །དབང་དང་བྱིན་རླབས་རྗེས་གནང་སོགས། །བཀའ་གཏེར་བཀའ་གདམས་ས་སྐྱ་པ། །འབྲི་སྟག་མཚུར་དང་གདན་འབྲུག་གི། །སྔོན་གྱི་ལུགས་སྲོལ་མ་ཉམས་པར། །བཞུགས་པའི་སྨིན་གྲོལ་གདམས་ངག་དང༌། །བདེ་དགྱེས་གསང་གསུམ་དུས་འཁོར་ལོ། །སྒྱུ་འཁྲུལ་གསང་བ་སྙིང་པོ་སོགས། །རྒྱབ་རྟེན་རྒྱུད་ཀྱྀ་བཤད་པ་དང༌། །བཀའ་བསྟན་དམ་པའི་གསུང་རབ་ལུང༌། །གླེགས་བམ་བདུན་བརྒྱ་ལྷག་ཙམ་ཉན། །མདོར་ན་བཤད་རྒྱུད་ཤིང་རྟ་བཅུའི། །རིང་ལུགས་རྒྱུན་བཞུགས་ཕལ་ཆེར་ཐོས། །ཅུང་ཟད་སྦྱངས་ཤིང་ཕྱོགས་ཙམ་ཤེས། །རང་གཞན་གྲུབ་མཐའི་ཁས་ལེན་དང༌། །ཆོས་རྒྱུས་ཤིན་ཏུ་ཆེ་བ་བྱུང༌། །ཐོས་པས་དེ་རྣམས་ཕལ་ཆེར་ཞིག །ཡང་ནས་ཡང་དུ་འཆད་པ་དང༌། །ལན་རེ་མ་འཆད་མེད་པ་ལྟར། །དམ་པའི་སྐྱེས་བུ་མཆོག་རྣམས་དང༌། །ཕལ་པ་མུ་ཏོ་ཡན་ཆད་ལ། །ཉིན་མཚན་ཆོས་སྦྱིན་ཅི་ནུས་སྤེལ། །བསྟན་པའི་རྒྱུན་ཙམ་འབྱུང་རེ་བའི། །ལྷག་བསམ་སྨོན་པ་སྙིང་ནས་བགྱིས། །གསེར་ཟངས་འབའ་ཞིག་ལས་གྲུབ་པའི། །སྐུ་རྟེན་སྟོང་ཕྲག་གཉིས་ཙམ་དང༌། །ཁྱད་པར་གསུང་རྟེན་གླེགས་བམ་ནི། །པུསྟི་བཞི་བཅུ་ཉེ་བའི་སྤར། །བྲིས་དང་སྤར་ལ་བསྡོམས་པ་ཡི། །གླེགས་བམ་སྟོང་ཕྲག་གཉིས་ཙམ་བཞེངས། །དེ་རྣམས་བཞུགས་པའི་ལྷ་ཁང་ཁག །བཅུ་གསུམ་ཙམ་ཞིག་བཀོད་མཛེས་བསྐྲུན། །ཐུགས་རྟེན་མཆོད་སྡོང་ཆེན་མོས་གཙོས། །གསེར་ཟངས་ལས་གྲུབ་བརྒྱ་ཕྲག་ལྷག །བཞེངས་ཤིང་ཅི་ནུས་མཆོད་འབུལ་བགྱིས། །གནས་གཞི་གསར་དུ་བཞེངས་པ་ནི། །དུས་ཀྱི་མཐར་འཁྱོལ་དཀའ་བས་ན། །བསྐྲུན་པའི་རྩོལ་བ་མ་མཆིས་ཀྱང༌། །ཕྱོགས་འདིར་སྟོད་སྨད་འཁྲུགས་ལོང་གིས། །དགོན་གནས་ཕལ་ཆེར་ཉམས་པ་རྣམས། །རྒྱ་བོད་ཆོས་རྒྱལ་སྡེ་དགེ་བཅས། །དཔོན་བློན་རྣམས་ཀྱི་རྒྱུད་བསྐུལ་ནས། །ཉམས་གསོས་ཞལ་འདེབས་ཞལ་བསྐོས་དང༌། །རང་ངོས་མཛུབ་མགོའི་མཆོད་པའི་དཔེས། །དངོས་ཇ་སུམ་སྟོང་ལྷག་པ་ཕུལ། །ཕལ་ཆེར་གསར་བཞེངས་ཉམས་གསོ་སོགས། །ཚགས་སུ་ཚུད་པའི་བྱ་བ་བསྒྲུབ། །ཕན་ཚུན་ཆོས་ཀྱི་སྡེ་རྣམས་སུ། །ལོ་རེ་བཞིན་དུ་ཡོན་སྦྱར་ནས། །གཟུངས་སྔགས་བསྔོ་བ་སྨོན་ལམ་རྟེན། །སྔ་རྗེས་དངོས་ཇ་བཞི་སྟོང་གི། །རྩ་བ་ཉམས་པ་མེད་ཕུལ་ནས། །འབྲེལ་ཚད་དོན་ལྡན་སྨོན་པ་བགྱིས། །ས་ཀར་རྙིང་མ་དགེ་ལུགས་ཀྱི། །བསྟན་འཛིན་སྐྱེས་མཆོག་དམ་པ་སོགས། །དགེ་བའི་བཤེས་གཉེན་མཐའ་ཡས་དང༌། །རྒྱ་བོད་དཔོན་ཆེན་གཙོར་གྱུར་པའི། །འདུས་པ་ཚད་བཟུང་མེད་པ་ལ། །ཆོས་ཀྱི་མཆོད་པ་འབུལ་བ་དང༌། །རྐྱེན་སེལ་དབང་དང་བྱིན་རླབས་སོགས། །བློ་སྣ་སུན་སུན་རེ་བ་བསྐངས། །གོང་མའི་ཡུལ་རྣམས་ཐམས་ཅད་ལ། །ཅི་ནུས་མཆོད་པའི་སྤྲིན་ཡང་སྤྲོས། །རང་ཉིད་གྲུབ་མཐའ་གང་ལ་ཡང༌། །གུས་ཤིང་དད་པ་མ་གཏོགས་པ། །ལོག་རྟོགས་ཅུང་ཟད་མེད་པའི་མཐུས། །གཡུང་དྲུང་བོན་ལུགས་ཚུན་ཆོད་ཀྱི། །སློབ་འབྲེལ་རྒྱ་ཆེ་མུ་མེད་བྱུང༌། །སྤོང་བ་བསམ་གཏན་དེ་ཁོ་ནར། །མཉམ་པར་འཇོག་པ་དཀའ་ན་ཡང༌། །ཆུང་ནས་གདུལ་བྱ་གྲོང་ཆོག་སོགས། །རྨི་ལམ་དུ་ཡང་མ་དྲན་ཅིང༌། །ཚེ་འདི་བློ་ཡིས་ཐོངས་པ་ཡིས། །བྱ་བཏང་ཁོ་ནའི་ཚུལ་དུ་འཁུམས། །མཆོག་དམན་སུ་ལའང་ངོ་སྲུང་དང༌། །རེ་དོག་སྤྲོས་པ་དམར་ཐག་བཅད། །སྔ་ཕྱི་མི་ལོ་བཅུ་གསུམ་ཙམ། །ལྷག་པའི་ལྷ་ཡི་བསྙེན་སྒྲུབ་དང༌། །ཟབ་ཁྲིད་བརྒྱ་རྩ་ཤར་སྒོམ་བགྱིས། །ཉམས་དང་རྟོགས་པས་དབེན་མོད་ཀྱང༌། །ཁས་བླངས་ཆ་ཙམ་བསྒྲུབས་པ་ཡིས། །སྙིགས་དུས་སྐལ་བཟང་གྲལ་ཚུད་ཙམ། །བྱུང་བས་ཡིད་བདེ་འབའ་ཞིག་ཤར། །དེ་ལྟར་འཁོར་ལོ་རྣམ་གསུམ་གྱི། །ཕྱི་ཡི་རྣམ་ཐར་མདོར་བསྡུས་སོ། །ནང་གི་རྣམ་པར་ཐར་པ་ནི། །སྔ་༡་འགྱུར་བཀའ་བདམས་༢་ས་སྐྱ་པ་༣། །མར་ཤངས་བཀའ་བརྒྱུད་༤་སྦྱོར་བ་དྲུག་༥། །ཞི་གཅོད་༦་བསྙེན་༧་སྒྲུབ་༨་དང་བཅས་པའི༌། །སྒྲུབ་བརྒྱུད་ཤིང་རྟ་ཆེ་བརྒྱད་ལ། །ཤིན་ཏུ་མོས་ཤིང་དད་པའི་བློས། །སྔོན་གྱི་ལུགས་སྲོལ་མ་ཉམས་པ། །དཀའ་བ་འབད་པ་བརྒྱ་ཕྲག་གིས། །མང་དུ་ཚོལ་ཞིང་ཐོས་པར་བྱས། །དེ་ལྟའི་ཐོས་བསམ་སྒོམ་པའི་སྐབས། །དངོས་ཉམས་རྨི་ལམ་ཅི་རིགས་པར། །བླ་མ་ལྷ་དང་མཁའ་འགྲོ་ཡིས། །ཉེ་བརྒྱུད་གདམས་པ་སྩལ་བ་དང༌། །བྱིན་བརླབས་མཚན་མ་ཅི་ཡང་མཐོང༌། །དངོས་གྲུབ་ཐོབ་པ་དཀའ་མོད་ཀྱི། །ཚིག་དོན་སྒོམ་ཚུལ་ཕལ་ཆེར་ཞིག །ཤེས་ཤིང་ཁོང་དུ་ཆུད་པ་བྱུང༌། །འོན་ཀྱང་གཞན་བློར་ཤོངས་དཀའ་བས། །མདོ་ཙམ་ཡིན་གྱི་རྒྱས་པར་ནི། །བརྗོད་ཀྱིས་མི་ལོངས་དགོས་པ་བསྐྱུང༌། །རེ་ཞིག་ནང་གི་རྣམ་ཐར་གྱི། །ས་བོན་ཙམ་དུ་སྨོས་པའོ། །གསང་བ་བཀའ་བབས་བདུན་འབྱུང་ཞེས། །ཨོ་རྒྱན་ཆེན་པོའི་ལུང་བྱང་ལས། །ཡང་ཡང་བསྔགས་པར་མཛད་པ་ལྟར། །རང་ལོ་བརྒྱད་པའི་དུས་ཀྱི་ཚེ། །འདུ་འཁྲུགས་དྲག་པོས་མནར་བ་ན། །པདྨ་ཐོད་ཕྲེང་ཡབ་ཡུམ་གྱིས། །རྡོ་རྗེ་ཕུར་པའི་དཀྱིལ་འཁོར་དུ། །དབང་བསྐུར་བྱིན་བརླབས་གེགས་ལས་གྲོལ། །བཅོ་ལྔའི་དུས་སུ་ཉིང་འཁྲུལ་དང༌། །མངོན་སུམ་གང་ཡིན་འབྱེད་དཀའ་བའི། །ཉམས་ཀྱི་གསལ་སྣང་བརྟན་པ་ལ། །རྒྱ་གར་བཛྲ་ཨཱ་ས་ནའི། །ཀེའུ་ཚང་དགུ་རིམ་དྲུང་དུ་སླེབ། །རིམ་གྱིས་འཛེགས་ནས་བརྒྱད་པའི་ནང༌། །སློབ་དཔོན་འཇམ་དཔལ་བཤེས་གཉེན་ནི། །གཡས་གཡོན་གླེགས་བམ་དང་བཅས་པ། །པཎྜི་ཏ་ཡི་ཚུལ་དུ་མཇལ། །གུས་པས་བཏུད་ཅིང་གསོལ་བཏབ་པས། །ཐོག་མར་གཡོན་གྱི་གླེགས་བམ་ཉིད། །ཤེར་ཕྱིན་སྡུད་པའི་རྒྱ་དཔེར་སྣང༌། །དེ་ཉིད་སྤྱི་བོར་བཀོད་ནས་ཀྱང༌། །མཚན་ཉིད་ཆོས་ཀྱི་བཀའ་ལུང་གི། །བྱིན་རླབས་རྫོགས་པ་ཡིན་ནོ་གསུངས། །གཡས་ཀྱི་གླེགས་བམ་རྫོགས་པ་ཆེ། །རྡོར་སེམས་སྙིང་གི་མེ་ལོང་གིས། །བྱིན་བརླབས་སྔགས་ཀྱི་ཚུལ་སྤྱི་དང༌། །སྡེ་གསུམ་རྫོགས་པ་ཆེན་པོ་ཡི། །ཚིག་དོན་བྱིན་རླབས་རྫོགས་པར་སྩལ། །ལུང་བསྟན་འགའ་ཞིག་མཛད་པའི་མཐར། །དགྱེས་པས་འོད་ཞུ་རང་ལ་ཐིམ། །རྟོག་མེད་ངང་དུ་དར་ཅིག་ལུས། །ཕྱིར་འོང་སྒོ་དྲུང་མེ་ཆེན་པོར། །འབར་བའི་ནང་དུ་དབང་མེད་ཞུགས། །རགས་པའི་ལུས་ཕུང་བསྲེགས་པའི་མོད། །བི་མ་མི་ཏྲ་ཡིན་སྙམ་པའི། །འོད་ཀྱི་ལུས་སུ་ལམ་མེར་སྣང༌། །གཞན་ཡང་གྲུབ་ཐོབ་ཐང་སྟོང་སོགས། །མང་པོས་རྗེས་སུ་བཟུང་བ་དང༌། །དབང་དང་བྱིན་རླབས་ཐོབ་པ་སོགས། །གྲུབ་ཆེན་སྙིང་གི་ཐིག་ལེར་བསྡུས། །བཅུ་དྲུག་ས་ཟླའི་ཚེས་བཅུ་ཡི། །ཐོ་རངས་པདྨ་འོད་དུ་སླེབ། །དེ་ཡང་སྤྱིར་བཏང་བཀོད་པ་དང༌། །མི་མཐུན་བྲག་རི་ལྷུན་ཆགས་ཕུག །སྤྲིན་དཀར་ཤིན་ཏུ་མཛེས་པའི་ཁྲོད། །མཚོ་སྐྱེས་མཁའ་འགྲོའི་ཚོགས་བཅས་མཇལ། །དགོངས་པས་བྱིན་བརླབས་བརྡ་དབང་བསྩལ། །བཀའ་བབས་བདུན་གྱི་དབུགས་དབྱུང་ཐོབ། །དེ་མཐར་ལྟ་སྟངས་དང་བཅས་ཏེ། །གཟུང་བའི་ཡུལ་གྱིས་མ་གོས་ཤིང༌། །འཛིན་པའི་རྟོག་པས་མ་བསླད་པར། རིག་སྟོང་རྗེན་པར་བསྐྱང་བ་ནི། །སངས་རྒྱས་ཀུན་གྱི་དགོངས་པའོ། །ཞེས་གསུངས་རང་ལ་ཐིམ་པ་ཡིས། །ཐུགས་ཡིད་དབྱེར་མེད་འདྲེས་པའི་ངང༌། །གནས་ལུགས་རང་སོ་ཟིན་ཙམ་བྱུང༌། །དེ་ལ་སྤྲོ་བ་སྐྱེས་ནས་ཀྱང༌། །དད་པས་རྩེ་གཅིག་གསོལ་བཏབ་མཐུས། །སྔ་འགྱུར་བཀའ་མའི་རྒྱུན་༡ཀུན་ཐོབ། །ས་གཏེར་༢དངོས་དང་ཡང་༣གཏེར་དང༌། །དགོངས་གཏེར་༤དག་སྣང་༥སྙན་བརྒྱུད་༦སྡེ། །རྗེས་སུ་༧དྲན་པའི་གཏེར་བཅས་པའི། །བཀའ་བབས་བརྒྱུད་མར་ཐོབ་པ་རྣམས། །ལོ་ཆེན་བཻ་རོ་དངོས་བྱོན་པ། །རིགས་བརྒྱའི་ཁྱབ་བདག་བཀའ་དྲིན་ཅན། །འཛམ་གླིང་ཆོས་ཀྱི་ཤིང་རྟ་ཆེ། །འཇམ་མགོན་བླཽ་གྲོས་མཐའ་ཡས་ཀྱིས། །ཤིན་ཏུ་དོན་གཉེར་དགོངས་གཏད་པས། །ཕལ་ཆེར་གཏན་ལ་ཕབ་ནས་ཀྱང༌། །དགྱེས་པའི་མཆོད་སྤྲིན་མཆོག་ཏུ་སྤྲོས། །རིན་ཆེན་གཏེར་གྱི་མཛོད་ཆེན་པོར། །རྒྱབ་རྟེན་ལེགས་བཤད་རྨད་བྱུང་བཅས། །བཞུགས་སུ་གསོལ་ཞིང་སྤར་དུ་བསྐྲུན། །བསྙེན་བསྒྲུབ་འཆད་སྤེལ་མཛད་པ་ཡིས། །བགྱི་བ་དོན་དང་ལྡན་པར་གྱུར། །གཞན་ཡང་རིས་མེད་སྐྱེས་ཆེན་ལ། །ཅི་རིགས་ཕུལ་ཞིང་དགྱེས་པ་བསྐྱེད། །འདི་རྣམས་ཐོག་མར་ལུང་བསྟན་དང༌། །ཁ་བྱང་ཇི་ལྟར་བྱུང་བ་དང༌། །བར་དུ་གཏན་ལ་ཕབ་ཚུལ་དང༌། །ཐ་མར་འབྲེལ་འཇོག་ཉམས་བླངས་སྐབས། །སློབ་དཔོན་ཡི་དམ་མཁའ་འགྲོ་ཡིས། །དབང་བསྐུར་བྱིན་གྱིས་བརླབས་པའི་ཚུལ། །ཤིན་ཏུ་ཞིབ་པར་ཡོད་ན་ཡང༌། །འགའ་ཞིག་ཆོས་ཚན་སོ་སོའི་སྐབས། །ཟུར་ཙམ་གསལ་བས་མཁྱེན་བྱ་ཡི། །རྒྱས་པར་སྤྲོ་བར་མ་ནུས་མོད། །སླད་ནས་སྤྲོ་བའི་རྟེན་འབྲེལ་འཚལ། །དེ་ལྟར་ད་ལྟའི་རྣམ་པར་ཐར། །དོན་གྱི་སྙིང་པོ་ས་བོན་ཙམ། །མདོར་བསྡུས་ཉིད་དུ་གསོལ་བ་སྟེ། །སྔ་མ་དྲན་པའི་མཐུ་ཆུང་ཡང༌། །གཏེར་ལུང་རྣམས་སུ་གསལ་བ་དང༌། །དམ་པ་རྣམས་ཀྱིས་དམན་པ་ལ། །སྤྲོ་བ་བསྐྱེད་ཕྱིར་དབུགས་དབྱུང་བ། །དཔལ་ལྡན་ཀརྨ་པ་སོགས་ཀྱིས། །གསོལ་འདེབས་ཚིགས་སུ་བཅད་པར་གསལ། །རང་གི་བག་ཆགས་འལ་འོལ་ཙམ། །རྒྱ་གར་ཡུལ་དུ་གྲུབ་པའི་དབང༌། །རྡོ་རྗེ་དྲིལ་བུ་པ་དང་ནི། །སྒོ་མཐའ་ཡས་པའི་བློ་གྲོས་དང༌། །པཎ་ཆེན་ནགས་ཀྱི་རིན་ཆེན་སོགས། །པཎ་གྲུབ་འགའ་ཞིག་གསལ་བ་དང༌། །བོད་ཡུལ་ཁྲི་སྲོང་མཆོག་གྲུབ་རྒྱལ། །ཆོས་དབང་མངའ་རིས་པཎྜི་ཏ། །ཐང་སྟོང་ལྷ་བཙུན་ཆེན་པོ་སོགས། །འལ་འོལ་དྲན་ཡང་ཡིད་རྟེན་ཅི། །མ་འོངས་བི་མའི་བླ་སྒྲུབ་སྐབས། །ཚེ་འདི་འཕོས་མ་ཐག་པ་ནས། །སྤྲུལ་གཞི་རི་བོ་རྩེ་ལྔ་རུ། །པན་ཆེན་བི་མའི་ཐུགས་ཀར་ཐིམ། །སྤྲུལ་པ་ལྔ་འབྱུང་སྨོན་ལམ་མཐུས། །རིས་མེད་བསྟན་པར་ཕན་ཅེས་གསུངས། །དེ་ལྟར་དུས་གསུམ་རྟོགས་བརྗོད་འདི། །ལྷ་སྲས་དམ་འཛིན་སྐྱེ་བའི་མཐའ། །འགྲན་བྲལ་གྲུབ་པའི་འཁོར་ལོས་སྒྱུར། །འཇིགས་མེད་ཕྲིན་ལས་འོད་ཟེར་གྱི། །རྣམ་འཕྲུལ་མཁས་བཙུན་བཟང་པོའི་ཕུལ། །འཇིགས་མེད་བསྟན་པའི་ཉི་མ་ཡིས། །ལྷ་རྫས་རིན་ཆེན་སྐྱེས་དང་བཅས། །ནན་ཏན་བསྐུལ་ངོ་མི་ལྡོག་ཙམ། །ཤིན་ཏུ་མདོར་བསྡུས་ས་བོན་དུ། །འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས། །དགེ་བས་བྱང་ཆུབ་སྙིང་པོའི་བར། །ཐེག་མཆོག་བཤེས་དང་མི་འབྲལ་ཞིང༌། །མྱུར་དུ་བྱང་ཆུབ་ཐོབ་པར་ཤོག །མངྒ་ལཾ།།

Footnotes

Other Information