JKCL-KABUM-08-NYA-008

From Khyentse Lineage - A Tsadra Foundation Project
Revision as of 15:06, 15 December 2021 by Mort (talk | contribs)

JKCL-KABUM-08-NYA-008

གསུང་ངག་རིན་པོ་ཆེའི་གདམས་པའི་བཅུད་དྲིལ་ཟབ་དོན་སྣང་གསུམ།
Wylie title gsung ngag rin po che'i gdams pa'i bcud dril zab don snang gsum JKCL-KABUM-08-NYA-008.pdf
Location chos kyi blo gros bka' 'bum
Volume 8, Text 8, Pages 219-227 (Folios 1a1 to 5a2)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. gsung ngag rin po che'i gdams pa'i bcud dril zab don snang gsum. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 8: 219-227. Bir, H.P.: Khyentse Labrang, 2012.
Genre Notes - zin bris
Cycle གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་ (gsung ngag rin po che lam 'bras bu dang bcas pa)
Colophon

།ཅེས་པའང་ཆོས་བློ་གྲོས་པས་བྲིས་པ་དགེ་ལེགས་སུ་གྱུར་ཅིག།

/ces pa'ang chos blo gros pas bris pa dge legs su gyur cig/

1 Texts in this Section (sde tshan or chos tshan)

[edit]
༄༅། །གསུང་ངག་རིན་པོ་ཆེའི་གདམས་པའི་བཅུད་དྲིལ་ཟབ་དོན་སྣང་གསུམ་ཞེས་བྱ་བ་བཞུགས་སོ། ། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ནས། །ཟབ་དོན་ཉམས་ལེན་བིཪྺའི་ཐུགས་བཅུད་ཀྱི། །གསུང་ངག་རིན་ཆེན་སྣང་རྒྱུད་གདམས་པ་ཡི། །བཅུད་ཕྱུང་བྲིས་ཞེས་ཁྱེད་ཀྱིས་བསྐུལ་འདུག་ཀྱང་། །ཉམས་ལེན་མེད་པའི་ཚིག་གི་ཆུ་བུར་གྱིས། །རྒྱུད་ལ་མི་ཕན་ཚིག་དང་དཔེ་ལྟོས་ན། །སྔོན་བྱོན་གོང་མའི་གསུང་རབ་རྣམས་ལ་གཟིགས། །འོན་ཀྱང་འདིར་ཡང་ཉུང་ངུའི་ཚུལ་དུ་ནི། །ཅུང་ཟད་བྲི་བར་བྱའོ་དེ་ལ་ཡང་། །སྣང་གསུམ་ལམ་གྱི་གཞི་བཅའ་ཡིན་པས་ན། །མ་དག་སྣང་བར་ངེས་འབྱུང་ནན་གྱིས་བསྐྱེད། །འདིར་སྣང་ཞེན་པ་དག་ལས་བཟློག་བྱ་ཞིང་། །ཁམས་གསུམ་འཁོར་བ་སྡུག་བསྔལ་ཅན་དུ་མཐོང་། །དེ་ལ་ཡིད་སྨོན་མེད་པ་གལ་ཆེ་ཞིང་། །དཀར་ནག་རྒྱུ་འབྲས་བླང་དོར་ཡིད་ཆེས་བསྐྱེད། །རྣལ་འབྱོར་པ་ལ་ཉམས་ཀྱི་སྣང་བ་སྟེ། །ཐེག་པ་ཆེན་པོའི་རིགས་མཆོག་རྒྱས་བྱེད་ཅིང་། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་གཉིས་བསྒོམ། །དེ་ཡང་སེམས་ཅན་ཕ་མར་ཤེས་པ་དང་། །དྲིན་ཆེའི་ཚུལ་དེ་ཡང་ཡང་ལེགས་པར་བསམ། །དེ་རྣམས་སྡུག་བསྔལ་བསལ་བའི་ཐབས་ལ་འབད། །གཞན་དོན་ཕྱིན་དྲུག་སྤྱོད་ལ་བསླབ་པར་བྱ། །ཁྱད་པར་བདག་གཞན་བརྗེ་བའི་བློ་སྦྱོང་བསྒོམ། །སྒོ་གསུམ་གཞན་གྱི་དོན་དུ་བཀོལ་བར་བྱ། །དམ་པ་གསུམ་གྱི་ཉམས་ལེན་རྟག་ཏུ་འབད། །དེ་རྣམས་ཐེག་ཆེན་ཐུན་མོང་ཉམས་སྣང་ཡིན། །ཐུན་མིན་ཉམས་ནི་སྐྱེ་བར་འགྱུར་བ་སྟེ། །སྐྱེ་བའི་རྒྱུ་མཚན་སངས་རྒྱས་ཁམས་ཡོད་ཕྱིར། །དུ་བ་ལས་ནི་མེ་ཡོད་དཔོག་པ་བཞིན། །རྡོ་རྗེ་ཐེག་པའི་རྟེན་མཆོག་ཁྱད་པར་ཅན། །རྡོ་རྗེའི་ལམ་གྱིས་སྦྱངས་པར་བྱས་པ་ལས། །རྡོ་རྗེའི་ཉམས་སྣང་དཔག་ཏུ་མེད་པ་ནི། །སྐྱེ་བར་འགྱུར་ལ་ངེས་ཤེས་ཐེ་ཚོམ་བྲལ། །ཉམས་ཀྱི་སྤྲོས་པ་ལྔ་གསུམ་བཅོ་ལྔར་འདུ། །ལེགས་པར་གཏན་དབབ་ཡིད་ལ་བཞུགས་བྱས་ན། །ཉམས་ཤར་དུས་ན་རང་ངོ་ཤེས་པར་འགྱུར། །བདེ་བར་གཤེགས་ལ་དག་པའི་སྣང་བ་སྟེ། །སངས་རྒྱས་ཡོན་ཏན་བསམ་གྱིས་མི་ཁྱབ་ཅིང་། །འབྲས་ཆོས་རྣམས་ལ་ལེགས་པར་བསམ་བྱས་ན། །འདི་འདྲའི་གོ་འཕང་བླ་ན་མེད་པ་དེ། །བདག་ཀྱང་སྒྲུབ་ལ་ངལ་བ་ཅི་ཞིག་ཡོད། །སངས་རྒྱས་རྣམས་ནི་བྱང་ཆུབ་སེམས་ལས་བྱུང་། །དེ་ནི་བདག་ལའང་རང་བཞིན་གནས་པས་སྟེ། །བླ་མ་དམ་པའི་གདམས་ངག་ལ་བརྟེན་ན། །བདག་ཀྱང་བདེ་བར་གཤེགས་པའི་འབྲས་ཐོབ་སྙམ། །བློ་གཟིངས་བསྟོད་ཅིང་སྤྲོ་བ་རྒྱ་ཆེར་བསྐྱེད། །མ་དག་ཉམས་ཀྱིས་འཁོར་འདས་ལས་འབྲས་ལ། །ཡིད་ཆེས་ལམ་གྱི་ཉམས་ལས་མཐར་ཐུགས་ཐེག་གཅིག་སྒྲུབ། །འབྲས་བུའི་ཉམས་ཀྱིས་མོས་གུས་ཚད་མེད་སྐྱེ། །དེ་ནས་འཁོར་འདས་དབྱེར་མེད་བསྒོམ་པར་བྱ། །ཀུན་གཞི་རྒྱུ་རྒྱུད་ལེགས་པར་གཏན་དབབ་སྟེ། །ལུས་རྩ་རྩ་ཡིག་ཁམས་ནི་བདུད་རྩི་དང་། །སྙིང་པོ་ཡེ་ཤེས་རླུང་གི་རང་བཞིན་ལ། །ཀུན་གཞི་མྱོང་རིག་མ་ཕྱེད་ཕྱོགས་མ་ལྷུང་། །གསལ་ལ་མ་འགགས་ངོ་བོ་སྟོང་པ་སྟེ། །མཚན་ཉིད་དེ་རྣམས་ལྡན་པའི་ཀུན་གཞི་ནི། །མེ་ཏོག་དང་ནི་དེ་ཡི་དྲི་བཞིན་གནས། །དེ་ལ་འཁོར་འདས་ལེགས་པར་ཚང་ཚུལ་བརྩི། །སེམས་ལ་ཚང་བ་དེ་བཞིན་ལུས་ལ་ཚང་། །ལུས་ལ་ཚང་བ་དེ་བཞིན་སེམས་ལའང་ཚང་། །དེས་ན་ཐབས་ཀྱིས་ཟིན་དང་མ་ཟིན་གྱིས། །འཁོར་དང་མྱ་ངན་འདས་པ་གཉིས་སུ་འགྱུར། །དོན་ལ་འཁོར་བ་རང་བཞིན་གྱིས་དག་ཕྱིར། །འཁོར་འདས་དབྱེར་མེད་ཅེས་བྱ་བརྗོད་པ་ཡིན། །འཁོར་བའི་ཆོས་རྣམས་སེམས་ཀྱི་མཚན་ཉིད་ལ། །ལམ་གྱི་ཆོས་རྣམས་ཡོན་ཏན་ཚུལ་གྱིས་ཚང་། །འབྲས་བུའི་ཆོས་ནི་ནུས་མཐུ་འབྱུང་རུང་གནས། །སེམས་ནི་ཁམས་གསུམ་སྒྲོ་བཏགས་ཅན་ཡིད་དང་། །དེ་ཡི་རང་བཞིན་གདོད་ནས་སྟོང་པར་གནས། །ངོ་བོ་གསལ་དང་སྟོང་པ་ཟུང་འཇུག་སྟེ། །དེ་ཡི་རང་བཞིན་དབང་དུས་ངོ་སྤྲོད་བྱ། །འདི་མ་རྟོགས་པས་ཁམས་གསུམ་འཁོར་བར་འཁྲུལ། །འདི་དོན་རིག་ན་སངས་རྒྱས་གམ་ན་གནས། །ཕ་རོལ་ཕྱིན་པས་དོན་སྤྱིའི་ཚུལ་དུ་གོ །སྔགས་ཀྱི་དབང་དུས་ཡེ་ཤེས་མངོན་སུམ་འཆར། །དེ་ཉིད་ཐབས་རྒྱུད་ལམ་གྱིས་གོམས་བྱས་པས། །དབང་བཞིའི་རྟོགས་པ་གོང་ནས་གོང་དུ་འཕེལ། །རྒྱུ་ལམ་འབྲས་བུའི་ལྷན་སྐྱེས་སྒྲོ་འདོགས་གཅོད། །ཉམས་སུ་བླང་བའི་གནད་གསུམ་ལེགས་པར་བསྒོམ། །རྒྱུད་གསུམ་དོན་ལ་གོ་བ་ཆགས་པ་གཅེས། །དེ་ཡང་དང་པོར་རྒྱུ་ལམ་དབང་བསྐུར་ནོས། །ལམ་གྱི་དབང་ལ་ཐུན་བཞིར་བརྩོན་པ་དང་། །བསྐྱེད་པ་ཁ་དོག་ཕྱག་མཚན་ལ་སོགས་པ། །རེ་རེའང་འཁོར་འདས་དབྱེར་མེད་ངང་དུ་བསྲེ། །གདན་གསུམ་རྡོ་རྗེའི་བདག་ཉིད་དུ་བསྒོམས་པས། །ལུས་ནི་ཧེ་རུ་ཀ་ཡི་དལ་དུ་འགྱུར། །དེ་ནས་ལུས་སྦྱོང་རླུང་སྦྱོར་བདུན་དག་དང་། །གཏུམ་མོའི་དམིགས་པ་བཅོ་བརྒྱད་སྤེལ་ཞིང་བསྒོམ། །བོགས་འབྱིན་བརྒྱད་ཀྱིས་བོགས་དབྱུང་གདམས་ངག་དྲུག། ལེགས་པར་བསྒོམས་པས་ཁམས་འདུས་དང་པོའི་ཚེ། །སྲུང་བ་སུམ་ཅུ་ལ་སོགས་གེགས་སེལ་བསྟེན། །དེ་ནས་དངོས་དང་ཡེ་ཤེས་ཕྱག་རྒྱར་བརྟེན། །ཁམས་འདུས་བར་པ་ཐིག་ལེ་བདེ་སྟོང་གི །ཉམས་ཀྱི་ལམ་ཁྲིད་སྣང་བ་བདེ་སྟོང་འཆར། །དེ་ནས་རྡོ་རྗེའི་རྦ་རླབས་བསྒོམས་པ་ལས། །འདུས་པ་ཐ་མ་སྐྱོན་མེད་གཉུག་མ་ཡི། །ཡེ་ཤེས་མཆོག་གི་ལམ་གྱིས་ཁྲིད་པ་སྟེ། །འདི་རྣམས་རིམ་གྱིས་བཀྲི་བའི་ཁྲིད་ཚུལ་ཏེ། །ཁ་གཅིག་དང་པོ་ཉིད་ནས་ལྟ་བ་སྐྱོང་། །ཕལ་ཆེར་བསྐྱེད་རིམ་གཙོ་བོར་འདོན་པ་དང་། །ཅུང་ཟད་བརྟན་ནས་རླུང་སྦྱངས་གཙོར་བྱེད་སོགས། །གང་ཟག་བློ་ཡི་རིམ་པས་ངེས་མེད་ཀྱང་། །ཀུན་ལའང་བལྟ་བ་ཁོ་ན་གཙོ་ཆེ་ཡིན། །དེ་ཀུན་སྙིང་པོ་ལམ་དུས་འདི་ཁོ་ན། །འདི་ལ་སྣང་རྒྱུད་ལམ་རིམ་ཐམས་ཅད་དང་། །དབང་བཞིའི་མངོན་རྟོགས་སྟན་ཐོག་གཅིག་ཏུ་བསྒོམ། །ལེགས་པར་ཤེས་ཤིང་བསྒོམས་ན་འགྲོས་བཞི་ཐིམ། །སྐུ་བཞི་མངོན་དུ་འགྱུར་ལ་སོམ་ཉི་བྲལ། །དོན་གནད་མཐར་ཐུག་སྙིང་པོར་དྲིལ་བྱས་ན། །ཐམས་ཅད་མཁྱེན་དངོས་དཀོན་མཆོག་ལྷུན་གྲུབ་ཀྱིས། །སྣང་སྟོང་སྒྱུ་མས་མཚོན་པའི་འཁོར་བ་ཡི། །རང་བཞིན་གདོད་ནས་མ་གྲུབ་མྱང་འདས་ཏེ། །འཁོར་བ་མེད་པས་མྱང་འདས་ཡོད་མིན་བའི། །དབྱེར་མེད་ཚུལ་འདི་ཟབ་མོ་དབུ་མའི་ལམ། །ཡོད་མེད་ཕྱོགས་སུ་མ་ལྷུང་ལྟ་བའི་གནད། །འཛིན་མེད་ཟུང་དུ་འཇུག་པ་སྒོམ་པའི་གནད། །ཞེན་མེད་སྒྱུ་མ་ལྟ་བུ་སྤྱོད་པའི་གནད། །གནད་གསུམ་ལྡན་འདི་ས་སྐྱའི་བཞེད་གཞུང་ཡིན། །ཞེས་གསུངས་དེ་ལ་ངེས་ཤེས་བསྐྱེད་བྱས་ནས། །ཉམས་ལེན་ཐམས་ཅད་དེ་ཡིས་ཁོག་དབུབ་བྱ། །སྣང་བ་ཐམས་ཅད་རང་སེམས་ཡིན་པར་གོ །སེམས་སྣང་ཐམས་ཅད་སྒྱུ་མར་ཤེས་པ་དང་། །དེ་ཡང་རང་བཞིན་མེད་པ་བརྗོད་བྲལ་དུ། །སྒྲུབ་པའི་དཔེ་དོན་དག་ལ་ངེས་བསྐྱེད་ནས། །བསྐྱེད་རྫོགས་ཆོས་རྣམས་ཤིན་ཏུ་རྣམ་དག་འགྱུར། །ལྟ་བའི་སྲོག་བྲལ་འཛིན་ཞེན་སྒོམ་པ་རྣམས། །ཇི་ལྟར་བཟང་ཡང་སྲིད་པའི་སྒོ་མི་འགག། ཐར་མཆོག་སྐུ་བཞིའི་རྒྱལ་སར་གཤེགས་པ་ལ། །ཤིན་ཏུ་བུལ་བས་དེ་ཕྱིར་ལྟ་བ་ལ། །ཤིན་ཏུ་ནན་ཏན་ཆེན་པོས་འབད་པར་བྱ། །དེང་སང་སློབ་བཤད་ཤིན་ཏུ་འཕེལ་ཆེ་ཡང་། །སློབ་བཤད་ཕལ་ཆེར་ཚོགས་བཤད་ཙམ་དུ་སོང་། །འདི་ལ་བསམ་ན་སྙིང་རླུང་ཤིན་ཏུ་ལྡང་། །རྗེ་བཙུན་བླ་མ་མི་མངོན་དབྱིངས་སུ་གཤེགས། །སྙན་བརྒྱུད་བསྟན་པ་དགུན་གྱི་ཆུ་བཞིན་བྲི། །རྟོག་གེ་མུ་ཅོར་སྨྲ་རྣམས་ཅི་དགར་སྒྲོགས། །འདི་འདྲ་མཐོང་བས་ཤིན་ཏུ་སྐྱོ་བ་འཕེལ། །བདག་ནི་མ་སྦྱངས་མ་བསྒོམ་ཤིན་ཏུ་བླུན། །འོན་ཀྱང་གསུང་ངག་གདམས་པ་ཡིད་ཆེས་ཐོབ། །མདོ་སྔགས་རྒྱུད་ལུང་མན་ངག་ཟབ་མོ་དང་། གསར་རྙིང་མཁས་གྲུབ་ཀུན་གྱི་བཞེད་གཞུང་གི །ཟབ་དོན་གནས་ལའང་གོ་བ་ཅུང་ཟད་སྐྱེས། །འདི་ཀོ་རྒྱལ་དབང་པདྨ་ཀ་ར་སོགས། །སྔ་འགྱུར་རིག་འཛིན་བརྒྱུད་པའི་ཐུགས་རྗེ་དང་། །རྡོ་རྗེ་འཆང་དབང་མི་ཡི་གཟུགས་འཛིན་པ། །ས་དཀར་སྐྱ་བོའི་རྗེ་བཙུན་གོང་མ་རྣམས། །མི་འབྲལ་སྙིང་གི་དབུས་སུ་བཀོད་བྱས་པས། །བདག་གི་སྙིང་ལ་སྣང་བ་ཅུང་ཟད་ཐོབ། །དེ་ལྟར་གདམས་པ་ཉུང་ངུ་བཀོད་འདི་ཡིས། །འཆི་མེད་བསྟན་འཛིན་རྟོག་གེའི་རྒྱར་གྲོལ་ནས། །གནས་སྐབས་མཐར་ཐུག་ཕན་བདེའི་དཔལ་སྤྱོད་དེ། །འདི་དང་ཕྱི་མའི་དོན་ཆེན་འགྲུབ་པར་ཤོག། དགེ་བ་འདི་ཡིས་མཐའ་ཡས་སེམས་ཅན་རྣམས། །རྡོ་རྗེ་འཛིན་རྒྱལ་གོ་འཕང་མཆོག་བརྙེས་ཏེ། །སྲིད་མཚོར་གནས་པའི་སེམས་ཅན་མ་ལུས་པ། །རྡོ་རྗེ་ཐེག་པའི་ལམ་གྱིས་གྲོལ་བར་ཤོག། །ཅེས་པའང་ཆོས་བློ་གྲོས་པས་བྲིས་པ་དགེ་ལེགས་སུ་གྱུར་ཅིག། །།
[edit]

@#/__/gsung ngag rin po che'i gdams pa'i bcud dril zab don snang gsum zhes bya ba bzhugs so/__/ bla ma dam pa'i zhabs la phyag 'tshal nas/__/zab don nyams len biR+Wa'i thugs bcud kyi/__/gsung ngag rin chen snang rgyud gdams pa yi/__/bcud phyung bris zhes khyed kyis bskul 'dug kyang /__/nyams len med pa'i tshig gi chu bur gyis/__/rgyud la mi phan tshig dang dpe ltos na/__/sngon byon gong ma'i gsung rab rnams la gzigs/__/'on kyang 'dir yang nyung ngu'i tshul du ni/__/cung zad bri bar bya'o de la yang /__/snang gsum lam gyi gzhi bca' yin pas na/__/ma dag snang bar nges 'byung nan gyis bskyed/__/'dir snang zhen pa dag las bzlog bya zhing /__/khams gsum 'khor ba sdug bsngal can du mthong /__/de la yid smon med pa gal che zhing /__/dkar nag rgyu 'bras blang dor yid ches bskyed/__/rnal 'byor pa la nyams kyi snang ba ste/__/theg pa chen po'i rigs mchog rgyas byed cing /__/byams dang snying rje byang chub sems gnyis bsgom/__/de yang sems can pha mar shes pa dang /__/drin che'i tshul de yang yang legs par bsam/__/de rnams sdug bsngal bsal ba'i thabs la 'bad/__/gzhan don phyin drug spyod la bslab par bya/__/khyad par bdag gzhan brje ba'i blo sbyong bsgom/__/sgo gsum gzhan gyi don du bkol bar bya/__/dam pa gsum gyi nyams len rtag tu 'bad/__/de rnams theg chen thun mong nyams snang yin/__/thun min nyams ni skye bar 'gyur ba ste/__/skye ba'i rgyu mtshan sangs rgyas khams yod phyir/__/du ba las ni me yod dpog pa bzhin/__/rdo rje theg pa'i rten mchog khyad par can/__/rdo rje'i lam gyis sbyangs par byas pa las/__/rdo rje'i nyams snang dpag tu med pa ni/__/skye bar 'gyur la nges shes the tshom bral/__/nyams kyi spros pa lnga gsum bco lngar 'du/__/legs par gtan dbab yid la bzhugs byas na/__/nyams shar dus na rang ngo shes par 'gyur/__/bde bar gshegs la dag pa'i snang ba ste/__/sangs rgyas yon tan bsam gyis mi khyab cing /__/'bras chos rnams la legs par bsam byas na/__/'di 'dra'i go 'phang bla na med pa de/__/bdag kyang sgrub la ngal ba ci zhig yod/__/sangs rgyas rnams ni byang chub sems las byung /__/de ni bdag la'ang rang bzhin gnas pas ste/__/bla ma dam pa'i gdams ngag la brten na/__/bdag kyang bde bar gshegs pa'i 'bras thob snyam/__/blo gzings bstod cing spro ba rgya cher bskyed/__/ma dag nyams kyis 'khor 'das las 'bras la/__/yid ches lam gyi nyams las mthar thugs theg gcig sgrub/__/'bras bu'i nyams kyis mos gus tshad med skye/__/de nas 'khor 'das dbyer med bsgom par bya/__/kun gzhi rgyu rgyud legs par gtan dbab ste/__/lus rtsa rtsa yig khams ni bdud rtsi dang /__/snying po ye shes rlung gi rang bzhin la/__/kun gzhi myong rig ma phyed phyogs ma lhung /__/gsal la ma 'gags ngo bo stong pa ste/__/mtshan nyid de rnams ldan pa'i kun gzhi ni/__/me tog dang ni de yi dri bzhin gnas/__/de la 'khor 'das legs par tshang tshul brtsi/__/sems la tshang ba de bzhin lus la tshang /__/lus la tshang ba de bzhin sems la'ang tshang /__/des na thabs kyis zin dang ma zin gyis/__/'khor dang mya ngan 'das pa gnyis su 'gyur/__/don la 'khor ba rang bzhin gyis dag phyir/__/'khor 'das dbyer med ces bya brjod pa yin/__/'khor ba'i chos rnams sems kyi mtshan nyid la/__/lam gyi chos rnams yon tan tshul gyis tshang /__/'bras bu'i chos ni nus mthu 'byung rung gnas/__/sems ni khams gsum sgro btags can yid dang /__/de yi rang bzhin gdod nas stong par gnas/__/ngo bo gsal dang stong pa zung 'jug ste/__/de yi rang bzhin dbang dus ngo sprod bya/__/'di ma rtogs pas khams gsum 'khor bar 'khrul/__/'di don rig na sangs rgyas gam na gnas/__/pha rol phyin pas don spyi'i tshul du go__/sngags kyi dbang dus ye shes mngon sum 'char/__/de nyid thabs rgyud lam gyis goms byas pas/__/dbang bzhi'i rtogs pa gong nas gong du 'phel/__/rgyu lam 'bras bu'i lhan skyes sgro 'dogs gcod/__/nyams su blang ba'i gnad gsum legs par bsgom/__/rgyud gsum don la go ba chags pa gces/__/de yang dang por rgyu lam dbang bskur nos/__/lam gyi dbang la thun bzhir brtson pa dang /__/bskyed pa kha dog phyag mtshan la sogs pa/__/re re'ang 'khor 'das dbyer med ngang du bsre/__/gdan gsum rdo rje'i bdag nyid du bsgoms pas/__/lus ni he ru ka yi dal du 'gyur/__/de nas lus sbyong rlung sbyor bdun dag dang /__/gtum mo'i dmigs pa bco brgyad spel zhing bsgom/__/bogs 'byin brgyad kyis bogs dbyung gdams ngag drug/__legs par bsgoms pas khams 'dus dang po'i tshe/__/srung ba sum cu la sogs gegs sel bsten/__/de nas dngos dang ye shes phyag rgyar brten/__/khams 'dus bar pa thig le bde stong gi__/nyams kyi lam khrid snang ba bde stong 'char/__/de nas rdo rje'i rba rlabs bsgoms pa las/__/'dus pa tha ma skyon med gnyug ma yi/__/ye shes mchog gi lam gyis khrid pa ste/__/'di rnams rim gyis bkri ba'i khrid tshul te/__/kha gcig dang po nyid nas lta ba skyong /__/phal cher bskyed rim gtso bor 'don pa dang /__/cung zad brtan nas rlung sbyangs gtsor byed sogs/__/gang zag blo yi rim pas nges med kyang /__/kun la'ang blta ba kho na gtso che yin/__/de kun snying po lam dus 'di kho na/__/'di la snang rgyud lam rim thams cad dang /__/dbang bzhi'i mngon rtogs stan thog gcig tu bsgom/__/legs par shes shing bsgoms na 'gros bzhi thim/__/sku bzhi mngon du 'gyur la som nyi bral/__/don gnad mthar thug snying por dril byas na/__/thams cad mkhyen dngos dkon mchog lhun grub kyis/__/snang stong sgyu mas mtshon pa'i 'khor ba yi/__/rang bzhin gdod nas ma grub myang 'das te/__/'khor ba med pas myang 'das yod min ba'i/__/dbyer med tshul 'di zab mo dbu ma'i lam/__/yod med phyogs su ma lhung lta ba'i gnad/__/'dzin med zung du 'jug pa sgom pa'i gnad/__/zhen med sgyu ma lta bu spyod pa'i gnad/__/gnad gsum ldan 'di sa skya'i bzhed gzhung yin/__/zhes gsungs de la nges shes bskyed byas nas/__/nyams len thams cad de yis khog dbub bya/__/snang ba thams cad rang sems yin par go__/sems snang thams cad sgyu mar shes pa dang /__/de yang rang bzhin med pa brjod bral du/__/sgrub pa'i dpe don dag la nges bskyed nas/__/bskyed rdzogs chos rnams shin tu rnam dag 'gyur/__/lta ba'i srog bral 'dzin zhen sgom pa rnams/__/ji ltar bzang yang srid pa'i sgo mi 'gag/__thar mchog sku bzhi'i rgyal sar gshegs pa la/__/shin tu bul bas de phyir lta ba la/__/shin tu nan tan chen pos 'bad par bya/__/deng sang slob bshad shin tu 'phel che yang /__/slob bshad phal cher tshogs bshad tsam du song /__/'di la bsam na snying rlung shin tu ldang /__/rje btsun bla ma mi mngon dbyings su gshegs/__/snyan brgyud bstan pa dgun gyi chu bzhin bri/__/rtog ge mu cor smra rnams ci dgar sgrogs/__/'di 'dra mthong bas shin tu skyo ba 'phel/__/bdag ni ma sbyangs ma bsgom shin tu blun/__/'on kyang gsung ngag gdams pa yid ches thob/__/mdo sngags rgyud lung man ngag zab mo dang /__gsar rnying mkhas grub kun gyi bzhed gzhung gi__/zab don gnas la'ang go ba cung zad skyes/__/'di ko rgyal dbang pad+ma ka ra sogs/__/snga 'gyur rig 'dzin brgyud pa'i thugs rje dang /__/rdo rje 'chang dbang mi yi gzugs 'dzin pa/__/sa dkar skya bo'i rje btsun gong ma rnams/__/mi 'bral snying gi dbus su bkod byas pas/__/bdag gi snying la snang ba cung zad thob/__/de ltar gdams pa nyung ngu bkod 'di yis/__/'chi med bstan 'dzin rtog ge'i rgyar grol nas/__/gnas skabs mthar thug phan bde'i dpal spyod de/__/'di dang phyi ma'i don chen 'grub par shog/__dge ba 'di yis mtha' yas sems can rnams/__/rdo rje 'dzin rgyal go 'phang mchog brnyes te/__/srid mtshor gnas pa'i sems can ma lus pa/__/rdo rje theg pa'i lam gyis grol bar shog/__/ces pa'ang chos blo gros pas bris pa dge legs su gyur cig/__//__

Footnotes

Other Information