JKCL-KABUM-04-NGA-010

From Khyentse Lineage - A Tsadra Foundation Project
Revision as of 15:25, 6 December 2021 by Mort (talk | contribs)

བླ་མའི་རྣལ་འབྱོར་ཞལ་གདམས་དང་འབྲེལ་བ་བྱང་ཆུབ་ལམ་བཟང་།
Wylie title bla ma'i rnal 'byor zhal gdams dang 'brel ba byang chub lam bzang JKCL-KABUM-04-NGA-010.pdf
Location chos kyi blo gros bka' 'bum
Volume 4, Text 10, Pages 47-57 (Folios 1a1 to 6a4)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. bla ma'i rnal 'byor zhal gdams dang 'brel ba byang chub lam bzang. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 4: 47-57. Bir, H.P.: Khyentse Labrang, 2012.
Genre Guru Yoga Texts - bla ma'i rnal 'byor
Colophon

།ཅེས་པའང་གཡོན་རུ་གཏེར་སྲས་བླ་མ་འཇམ་དབྱངས་བསོད་ནམས་ཀྱི་བཞེད་ངོར། འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་འབྲས་ལྗོངས་སྒང་ཐོག་ཏུ་བྲིས་པ་དགེ་ལེགས་སུ་གྱུར་ཅིག །།།

/ces pa'ang g.yon ru gter sras bla ma 'jam dbyangs bsod nams kyi bzhed ngor/__'jam dbyangs chos kyi blo gros pas 'bras ljongs sgang thog tu bris pa dge legs su gyur cig__///

1 Texts in this Section (sde tshan or chos tshan)

[edit]
༄༅། །བླ་མའི་རྣལ་འབྱོར་ཞལ་གདམས་དང་འབྲེལ་བ་བྱང་ཆུབ་ལམ་བཟང་ཞེས་བྱ་བ་བཞུགས་སོ། ། བླ་མ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གང་ཞིག་མཚན་ཙམ་གྱིས་ཀྱང་གདུང་བ་སེལ། །ཡེ་ཤེས་ཉི་མའི་སྣང་བ་རབ་ཏུ་རྒྱས། །བློ་གྲོས་མཆོག་སྟེར་བླ་མ་འཇམ་པའི་དབྱངས། །བྱང་ཆུབ་བར་དུ་སྤྱི་བོར་མཆོད་བྱས་ཏེ། །སངས་རྒྱས་ཀུན་གྱི་བགྲོད་པ་གཅིག་པུའི་ལམ། །བླ་མའི་རྣལ་འབྱོར་དང་འབྲེལ་གདམས་ངག་གི། རིམ་པ་བླ་མའི་གསུང་བཞིན་ཉུང་ངུར་བཀོད། །དེ་ལ་ཀུན་ཏུ་དགེ་བའི་ཤིས་པ་སྩོལ། །ཐོག་མར་བཀྲ་ཤིས་ཡིད་འོང་དབེན་པའི་གནས། །བསམ་གཏན་ངང་གིས་འཕེལ་བ་བཙལ་བྱས་ཏེ། །མཐའ་གཉིས་མ་ལྷུང་མཐུན་རྐྱེན་འཛོམ་པ་དང་། །བདེ་བའི་སྟན་ལ་འཁོད་ནས་ཀུན་སློང་བཅོས། །གཞན་ལ་ཕན་པའི་སེམས་བསྐྱེད་བཟང་པོ་ཡི། །བསམ་པ་རྣམ་པར་དག་འདི་ཤིན་ཏུ་གཅེས། །རང་འདོད་འཁྲི་བ་ངན་པ་རྩད་ནས་གཞོམ། །སྒོ་གསུམ་སེམས་ཅན་དོན་དུ་བཀོལ་བར་བྱ། །དེ་དང་ལྡན་པས་ཁམས་གསུམ་འཁོར་བ་ལས། །ངེས་པར་འབྱུང་ཕྱིར་དལ་འབྱོར་རྙེད་དཀའ་དང་། །འཆི་བ་མི་རྟག་འཁོར་བའི་ཉེས་དམིགས་དང་། །རྒྱུ་འབྲས་སྤང་བླང་ཚུལ་རྣམས་དྲན་པར་བྱ། །སྲིད་པའི་འཇིགས་པ་ཀུན་ལས་འབྲོས་འདོད་ཀྱི། །བློ་ནི་ནག་ཅན་བཙོན་དོང་ལས་ཐར་ན། །དེ་ཕྱིན་སྐད་ཅིག་ཙམ་ཡང་འཇུག་འདོད་མེད། །དེ་ལྟའི་ངེས་པར་འབྱུང་བ་བསྐྱེད་པར་བྱ། །འདིར་སྣང་འཁོར་བའི་ཆོས་ལ་བློ་མ་ལྡོག །ཐེག་ཆེན་ལྟ་ཅི་ཉན་ཐོས་པ་རྣམས་ཀྱི། །ལམ་རིམ་ཙམ་ཡང་རྒྱུད་ལ་སྐྱེ་བ་མེད། །དེ་ཕྱིར་ཐུན་མོང་བློ་ལྡོག་རྣམ་བཞི་ནི། །དམ་པའི་ཆོས་སྒྲུབ་རྣམས་ཀྱི་རྟེན་གཞི་ཡིན། །གལ་ཆུང་མ་བྱེད་ནན་ཏན་སྒྲུབས་ཤིག་ཨང་། །དགེ་དང་མི་དགེའི་ལས་ནི་ཆེ་ཕྲ་རྣམས། །ཅི་བསགས་ཀུན་གཞིའི་སྟེང་དུ་འཇོག་ནས་ཡོད། །དུས་ལ་བབས་ཚེ་རང་བྱས་རང་ལ་སྨིན། །དེ་བས་དགེ་བ་ཆུང་ཡང་བརྙས་མི་བྱ། །མི་དགེ་ཆུང་ཡང་དུག་ལྟར་འཛེམ་པ་གཅེས། །མི་འཆི་སྙམ་པའི་བློ་སྣ་རིང་པོ་འདིས། །མི་ཚེ་ཉི་མ་གར་ཟད་མ་ངེས་པས། །མི་རྟག་འཆི་བ་ཡང་ཡང་དྲན་པ་དང་། །འཆི་དུས་ཕན་པ་དམ་པའི་ལྷ་ཆོས་ལས། །གཞན་མེད་ཡང་ཡང་དྲན་པར་མཛོད་ཅིག་དང་། །བརྩོན་འགྲུས་ཆེན་པོས་དམ་པའི་ལྷ་ཆོས་འགྲུབ། །ཀྱེ་མ་དུས་ངན་སྙིགས་མ་ལྔ་བདོ་འདིར། །བདག་དང་བདག་འདྲས་ས་སྟེང་གང་གྱུར་ནས། །དམ་ཆོས་སྒྲུབ་པ་ཉིན་མོའི་སྐར་མ་ཙམ། །བླ་མ་རྣམས་ནི་ཕྱག་རྫས་སུ་ཆེ་དང་། །དགོན་པ་རྣམས་ནི་མཆོད་ཆ་རྒྱན་ཡོ་བྱད། །མཁས་པ་རྣམས་ནི་གྲུབ་མཐའི་ཆགས་སྡང་གཛིངས། །སྒོམ་ཆེན་ཚོགས་ཀྱང་ཁ་ལྟ་སྟོང་སྐད་སྒྲོགས། །བསྙེན་སྒྲུབ་བྱེད་རྣམས་བསྐྱེད་རྫོགས་མི་བསྒོམ་ཞིང་། །གཞན་ཕན་དོན་གཉེར་བསམ་པ་ཅུང་ཟད་མེད། །རང་འདོད་ཕུག་འཆང་བཟང་ངན་ཅུང་ཟད་ལའང་། །སྐྱིད་པོ་མི་ཁྱག་སྡུག་བསྔལ་མི་བཟོད་ཅིང་། །ངོ་ནི་དཀར་ནག་ཙམ་གྱིས་དགའ་སྡུག་མང་། །དེ་འདྲའི་ཚུལ་འདི་མཐོང་བས་སེམས་པ་སྐྱོ། །ད་ནི་ཐུབ་པའི་བསྟན་པ་ནུབ་རི་ཡི། །ཉི་མ་བཞིན་དུ་སྡུད་ལ་ཉེ་བ་དང་། །སྡིག་སྤྱོད་ཀླ་ཀློས་ས་སྟེང་ཁེངས་གྱུར་པས། །བྱ་བཞག་མ་མང་དོན་གྱི་སྙིང་པོ་ནི། །ཡང་དག་སྒྲུབ་ལ་བརྩོན་པ་དྲག་པོ་བྱ། །དེ་ཡང་ལམ་གྱི་གནད་བསྡུས་བླ་མ་ཡི། །རྣལ་འབྱོར་ཟབ་མོ་ལ་ནི་འབད་དེ་སྒྲུབ། །ཨ། རང་ཉིད་རྣལ་འབྱོར་དམར་མོ་ནི། །གྲི་ཐོད་འཛིན་ཅིང་གར་སྟབས་བཞེངས། །པད་ཉི་བམ་རོའི་གདན་ལ་འགྱིང་། །མདུན་མཁར་འཇའ་འོད་ཐིག་ལེའི་ཀློང་། །རྩ་བའི་བླ་མ་པདྨ་འབྱུང་། །དཀར་དམར་མདངས་ལྡན་ཞི་མ་ཁྲོ། །རྡོ་རྗེ་ཐོད་འཛིན་མཚོ་རྒྱལ་འཁྲིལ། །དར་དང་རིན་ཆེན་རུས་པ་དང་། །མེ་ཏོག་ཕྲེང་བའི་རྒྱན་གྱིས་སྤྲས། །པད་ཟླ་ཉི་མའི་སྟེང་ན་བཞུགས། །གནས་གསུམ་ཡི་གེ་འབྲུ་གསུམ་ལས། །འོད་འཕྲོས་ཡེ་ཤེས་སྤྱན་དྲངས་ཐིམ། ཧཱུྃ། རྣམ་རྟོག་བྲལ་བའི་ཕོ་བྲང་ནས། །གདོད་མའི་མགོན་པོ་གཤེགས་སུ་གསོལ། །ཕྱོགས་ལྷུང་མེད་པའི་ཕོ་བྲང་ནས། །དུས་གསུམ་བདེ་གཤེགས་གཤེགས་སུ་གསོལ། །པདྨ་འོད་ཀྱི་ཕོ་བྲང་ནས། །པདྨ་ཐོད་ཕྲེང་གཤེགས་སུ་གསོལ། །རྒྱ་ནག་རི་བོ་རྩེ་ལྔ་ནས། །བི་མ་མི་ཏྲ་གཤེགས་སུ་གསོལ། །འཇའ་ལུས་ཟང་ཐལ་ཕོ་བྲང་ནས། །སེང་གེ་དབང་ཕྱུག་གཤེགས་སུ་གསོལ། །རང་སྣང་དག་པའི་ཞིང་ཁམས་ནས། །རྩ་བའི་བླ་མ་གཤེགས་སུ་གསོལ། །རིག་པ་སྐུ་རུ་སྨིན་པ་དང་། །འོད་ལུས་འགྲུབ་པར་བྱིན་གྱིས་རློབས། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ་ཛཿཛཿཧཱུྃ་བྃ་ཧོཿཧོཿ བདག་དང་བླ་མ་དབྱེར་མེད་པའི། །ལྟ་བའི་ངང་ནས་མཇལ་ཕྱག་འཚལ། །སྣང་སྲིད་བདེ་སྟོང་རོལ་པ་ཆེ། །ཡུལ་དང་དབང་པོ་གཉིས་མེད་མཆོད། །སྡིག་ལྟུང་སྒྱུ་མའི་ཚོགས་ཐམས་ཅད། །བཤགས་བྱ་བཤགས་བྱེད་བྲལ་བར་བཤགས། །ཚོགས་ཆེན་བསགས་ཀྱང་དོན་དམ་དུ། །མ་བྱས་མ་བསགས་རྗེས་ཡི་རང་། །སྒྲ་ཚིག་རྩོལ་བ་ལས་འདས་པའི། །གཞོམ་མེད་རྡོ་རྗེའི་ཆོས་འཁོར་བསྐོར། །ཀུན་རྫོབ་སྐུ་ནི་དབྱིངས་སྡུད་རྣམས། །ངེས་དོན་འཕོ་བྲལ་བཞུགས་གསོལ་འདེབས། །ཟག་བཅས་ཟག་པ་མེད་དགེ་རྣམས། །ཐིག་ལེ་གཅིག་ཏུ་བཟླུམ་པར་བགྱི། །ཁམས་གསུམ་འཁོར་བ་དོང་ནས་སྤྲུགས། །རང་འབྲས་སྐུ་གསུམ་མངོན་འགྱུར་ཤོག །ཨོཾ་ཨཱཿཧཱུྃ། བདག་ལུས་གཅེས་པར་བཟུང་བའི་ལུས་ལོངས་སྤྱོད། །དགེ་ཚོགས་དང་བཅས་གཅིག་ཏུ་བཟླུམ་བྱས་ཏེ། །ཕྱི་ནང་གསང་བའི་མཎྜལ་མཆོད་སྤྲིན་གྱིས། །བླ་མ་སྐུ་གསུམ་མཆོད་ཅིང་ཚོགས་རྫོགས་ཤོག །ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་རཏྣ་མཎྜ་ལ་པཱུ་ཛ་ཧོ། །བླ་མའི་སྐུ་ལས་བདུད་རྩིའི་རྒྱུན། །དཔག་མེད་བབས་པས་ལུས་གང་ཞིང་། །སྒྲིབ་དག་དབང་དང་དངོས་གྲུབ་ཐོབ། །བྱིན་རླབས་མ་ལུས་ཞུགས་པར་མོས། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསརྦ་སིདྡྷི་ཕ་ལ་ཧཱུྃ། ཞེས་བཟླས་དད་མོས་རྩེ་གཅིག་བསྙེན། གསོལ་བ་འདེབས་པ་ནི། སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །དམ་ཆོས་རིན་ཆེན་འབྱུང་བའི་གནས། །འཕགས་ཚོགས་དགེ་འདུན་ཀུན་གྱི་བདག །བླ་མ་མཆོག་ལ་གསོལ་བ་འདེབས། །དཀྱིལ་འཁོར་རྒྱ་མཚོ་སྤྲོ་ཞིང་སྡུད། །མ་རིག་སེལ་བའི་སྒྲོན་མེ་ཆེ། །ཐར་པའི་ལམ་སྟོན་འདྲེན་པ་མཆོག །བླ་མའི་ཞབས་ལ་གསོལ་བ་འདེབས། །སྤངས་རྟོགས་ཡོན་ཏན་ཡོངས་རྫོགས་ཤིང་། །འགྲོ་དོན་ཕྲིན་ལས་རྒྱུན་མི་ཆད། །སེམས་ཅན་ཀུན་གྱི་ལས་ཉོན་འགྲོལ། །ཐར་པའི་ལམ་སྟོན་ཁྱོད་ལ་འདུད། །ཉེས་པའི་གཡང་ལས་སྐྱོབ་མཛད་ཅིང་། །ལེགས་པའི་ལམ་ལ་ཁྲིད་པ་པོ། །འཁོར་བའི་རྒྱ་མཚོ་ལས་བརྒལ་བའི། །དེད་དཔོན་ཆེན་པོ་ཁྱོད་ལ་བསྟོད། །བདག་ཏུ་ལྟ་བ་འཇོམས་མཛད་ཅིང་། །བདག་མེད་རྟོགས་པའི་ཤེས་རབ་ཀྱི། །ཡེ་ཤེས་སྣང་བ་རབ་སྦར་བ། །དཔལ་ལྡན་བླ་མའི་ཞབས་ལ་འདུད། །དེ་ལྟར་བསྟོད་ཅིང་གསོལ་བཏབ་པས། །སྐྱེ་དང་ཚེ་རབས་ཐམས་ཅད་དུ། །བླ་མ་མཆོག་དང་མི་འབྲལ་ཞིང་། །ཐུགས་རྗེས་རྟག་ཏུ་བསྐྱངས་པར་ཤོག །བླ་མའི་དཔྲལ་མགྲིན་སྙིང་གསུམ་ལས། །སྐུ་དང་སྔགས་ཕྲེང་ཕྱག་མཚན་དང་། །འོད་ཟེར་དཀར་དམར་མཐིང་གསུམ་སོགས། །འབྲུ་གསུམ་གཟུགས་དང་བཅས་པ་བྱུང་། །རང་གི་གནས་གསུམ་རིམ་ཅིག་ཅར། །ཐིམ་པས་སྐུ་བཞིའི་ས་བོན་བཞག །བླ་མ་འོད་ཞུ་རང་ལ་ཐིམ། །བརྗོད་བྲལ་བློ་འདས་ངང་དུ་བཞག །ཐུན་ལས་ལྡངས་ཚེ་དགེ་བསྔོ་བྱ། །སྤྱོད་ལམ་ཡེངས་པར་མ་གཏོང་བར། །ཁྱེར་སོ་གསུམ་གྱི་རྣལ་འབྱོར་བྱ། །དེ་ལྟར་བླ་མ་སྒྲུབ་པ་ནི། །དུས་གསུམ་རྒྱལ་བའི་སྤྱི་གཟུགས་ཡིན། །ཁྱད་པར་པདྨ་འབྱུང་གནས་ནི། །བདེ་གཤེགས་འདུས་པའི་ངོ་བོ་སྟེ། །རིག་འཛིན་ཀུན་གྱི་སྤྱི་སྒྲུབ་ཆེ། །བྱིན་རླབས་མྱུར་དུ་འབྱུང་བར་འགྱུར། །དད་མོས་ཁོ་ནར་རག་ལས་པས། །རང་གི་རྩ་བའི་བླ་མ་དེ། །ཡོན་ཏན་སངས་རྒྱས་ཀུན་དང་མཉམ། །བཀའ་དྲིན་སངས་རྒྱས་ལས་ལྷག་པའི། །ངེས་ཤེས་གཏིང་ནས་སྐྱེ་བ་དགོས། །ཁ་ཙམ་ཚིག་ཙམ་མིན་པ་ཞིག །གནད་དུ་ཆེ་ཞིང་དད་པ་དང་། །དབང་གི་དམ་ཚིག་མ་ཉམས་གཅེས། །འགལ་བ་བྱུང་ན་ཡིག་བརྒྱ་དང་། །ན་རཀ་སྐོང་བའི་ཆོ་ག་དང་། །སྦྱིན་སྲེག་ཚོགས་མཆོད་བདག་འཇུག་བླངས། །དེས་ནི་ཉེས་པ་བྱང་ཞིང་དག །དངོས་གྲུབ་ཐོབ་ལ་ཉེ་བར་འགྱུར། །ཀུན་བཟང་རྡོ་རྗེ་འཆང་ཆེན་གྱི། །ཆོས་ཀྱི་སྙིང་པོ་གསང་སྔགས་ཡིན། །དེ་ཡི་ཡང་རྩེ་རྫོགས་པ་ཆེ། །རྒྱུད་ལུང་མན་ངག་ཐོས་པས་གྲོལ། །ཚེ་འདིར་ཉམས་སུ་མ་ལོན་ཀྱང་། །དམ་ལྡན་སྲིད་པ་བར་དོ་རུ། །རང་བཞིན་སྤྲུལ་པའི་ཞིང་དུ་གྲོལ། །དེས་ན་རང་ཅག་སྐལ་བ་བཟང་། །ད་ནི་རང་རེ་རྒས་ཤིང་འཁོག །འཆི་ལ་ཉེ་བའི་དུས་འདི་རུ། །ཧ་ཅང་འགྲོ་འདོད་མ་མང་བར། །ཡིད་མཐུན་དབེན་གནས་ཉམས་དགའ་རུ། །ལོ་གྲངས་གཅིག་གཉིས་བག་ཕོབ་ལ། །སྙིང་པོའི་ཉམས་ལེན་སྒང་དྲིལ་ཞིག །གནས་གཅིག་སྡོད་ཡུན་རིང་དྲག་ན། །ཆགས་སྡང་ཅུང་ཟད་འཕེལ་སྲིད་པས། །གར་སྐྱིད་གར་བདེ་བརྟགས་དཔྱད་མཛོད། །སྨྲ་བ་མང་ན་ཆགས་སྡང་བསྐྱེད། །སྣང་བ་ཐམས་ཅད་གདོང་འདེད་གྱིས། །གཏད་མེད་ཟང་ཐལ་ཆེན་པོར་བསྐྱངས། །གང་ལ་ཞེན་ན་འཆིང་བའི་རྒྱུ། །འཆིང་བ་ཐམས་ཅད་རང་གྲོལ་ཐོངས། །རིག་པ་ཀ་དག་ལྟ་བ་ལ། །ཡིད་དཔྱོད་མཚན་མས་མ་བསླད་ཅིག །སེམས་ནི་ཟད་ཅིང་རིག་པ་ནམ་མཁའ་ལྟར། །རྒྱ་ཆད་ཕྱོགས་ལྷུང་ཀུན་དང་བྲལ་བ་ཡི། །རང་བྱུང་འོད་གསལ་ལྷུན་རྫོགས་ཆེན་པོའི་དབྱིངས། །ཡེ་ཤེས་ཕྱིར་སྣང་ཐིག་ལེ་ཆེན་པོའི་སྦུབས། །དབྱིངས་རིག་ཨར་ལ་གཏད་པས་ཚད་ལ་ཕོབ། །སླར་ཡང་ཆོས་ཟད་ནང་གསལ་ཆེན་པོའི་ཀློང་། །སྐུ་དང་ཡེ་ཤེས་འབྲལ་མེད་ཨེ་མ་ཧོ། །ཨེ་མ་གྲོགས་ཀྱི་དམ་པ་ཁྱོད་ཉིད་ཀྱང་། །བླ་མའི་ཞལ་གྱི་བུམ་བཟང་ལས་འོངས་པའི། །སྙིང་ཐིག་སྙིང་པོའི་དོན་བཅུད་ཟག་མ་འཇུག །གནད་དུ་དྲིལ་ལ་འཁྲུལ་པའི་གྲོང་ཁྱེར་སྟོང་། །གཞི་ཟད་ཀ་དག་ཆོས་སྐུའི་རྒྱལ་ས་ཟུང་། །དལ་འབྱོར་ཐོབ་པ་ད་རེས་ཙམ་ཞིག་ཡིན། །རྡོ་རྗེ་ཐེག་པ་དང་འཕྲད་ཤིན་ཏུ་དཀའ། །ཁྱད་པར་ཐེག་མཆོག་རྒྱལ་པོ་འདི་འཕྲད་དཀོན། །ད་རེས་འཕྲད་འདི་བློ་བདེའི་ཚད་མཆོག་ཡིན། །ཆུ་ཟླའི་བརྫུན་རིས་དག་ལ་བདེན་མ་བཟུང་། །སྲིད་པའི་འདོད་ཡོན་ནམ་མཁའི་འཇའ་ཚོན་འདྲ། །སྙན་དང་མི་སྙན་གྲགས་སྟོང་བྲག་ཅར་མཚུངས། །རེ་དང་དོག་པའི་སེམས་ནི་རླུང་ཡིན་པས། །རླུང་གི་ཞགས་པས་མ་བཅིང་རྒྱ་ཡན་ཞོག །ཁྱབ་བརྡལ་ལྷུན་མཉམ་ཡངས་པའི་ཐང་ཆེན་ལ། །རིག་པའི་རྟ་མཆོག་རང་འགྲོས་ཐོངས་ཤིག་དང་། །སྣང་བ་སྣ་ཚོགས་ལྟད་མོ་དགོད་རེ་བྲོ། །སྣང་བ་ཙམ་གྱིས་མི་འཆིང་ཞེན་པས་འཆིང་། །ཞེན་པ་རང་གྲོལ་འཛིན་མེད་ངང་དེར་ཞོག །ཞོག་ཅེས་བྱ་བའང་ཚིག་གི་བརྗོད་འདོད་ཙམ། །དོན་ལ་བཞག་བྱ་བཞག་བྱེད་གཉིས་མེད་པར། །མཉམ་ཉིད་ཡངས་པ་ཆེན་པོའི་ཀློང་དུ་ཨ། །ནམ་ཞིག་འདི་ནས་ཚེ་འཕོས་གྱུར་མ་ཐག །ཨོ་རྒྱན་རྡོ་རྗེ་འཆང་གི་ཚོགས་གྲལ་དུ། །གསང་སྔགས་འདུ་བར་ལྷན་ཅིག་སྤྱོད་ནས་ཀྱང་། །པད་འབྱུང་རྗེ་དང་དགོངས་ཀློང་དབྱེར་མེད་ཤོག །འཇིག་རྟེན་ཁམས་སུ་ནད་མུག་མཚོན་འཁྲུགས་ཞི། །རྒྱལ་བའི་བསྟན་པ་ཡུན་རིང་གནས་པ་དང་། །དེ་ལ་འཚེ་བའི་བདུད་ཀྱི་སྡེ་ཚོགས་འཇོམས། །བསྟན་པ་འཛིན་རྣམས་ཞབས་པད་ཡུན་བརྟན་ཤོག །དེ་ལྟར་བླ་མའི་ཞལ་གྱི་ལུང་བཟང་པོ། །གདམས་ལ་བསྡེབས་ལེགས་ཚིག་གི་སྦྱོར་བ་ཡི། །མཛེས་ཕྲེང་དབེན་ཡང་དོན་ལ་ནོར་མེད་སྙམ། །ཁྱོད་ཐུགས་དགྱེས་པའི་དཔལ་དུ་གྱུར་ནས་ཀྱང་། །རང་གཞན་དོན་གཉིས་འགྲུབ་པའི་རྒྱུར་གྱུར་ཅིག །ཅེས་པའང་གཡོན་རུ་གཏེར་སྲས་བླ་མ་འཇམ་དབྱངས་བསོད་ནམས་ཀྱི་བཞེད་ངོར། འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་འབྲས་ལྗོངས་སྒང་ཐོག་ཏུ་བྲིས་པ་དགེ་ལེགས་སུ་གྱུར་ཅིག །།།
[edit]

@#/__/bla ma'i rnal 'byor zhal gdams dang 'brel ba byang chub lam bzang zhes bya ba bzhugs so/__/ bla ma 'jam pa'i dbyangs la phyag 'tshal lo/__/gang zhig mtshan tsam gyis kyang gdung ba sel/__/ye shes nyi ma'i snang ba rab tu rgyas/__/blo gros mchog ster bla ma 'jam pa'i dbyangs/__/byang chub bar du spyi bor mchod byas te/__/sangs rgyas kun gyi bgrod pa gcig pu'i lam/__/bla ma'i rnal 'byor dang 'brel gdams ngag gi/__rim pa bla ma'i gsung bzhin nyung ngur bkod/__/de la kun tu dge ba'i shis pa stsol/__/thog mar bkra shis yid 'ong dben pa'i gnas/__/bsam gtan ngang gis 'phel ba btsal byas te/__/mtha' gnyis ma lhung mthun rkyen 'dzom pa dang /__/bde ba'i stan la 'khod nas kun slong bcos/__/gzhan la phan pa'i sems bskyed bzang po yi/__/bsam pa rnam par dag 'di shin tu gces/__/rang 'dod 'khri ba ngan pa rtsad nas gzhom/__/sgo gsum sems can don du bkol bar bya/__/de dang ldan pas khams gsum 'khor ba las/__/nges par 'byung phyir dal 'byor rnyed dka' dang /__/'chi ba mi rtag 'khor ba'i nyes dmigs dang /__/rgyu 'bras spang blang tshul rnams dran par bya/__/srid pa'i 'jigs pa kun las 'bros 'dod kyi/__/blo ni nag can btson dong las thar na/__/de phyin skad cig tsam yang 'jug 'dod med/__/de lta'i nges par 'byung ba bskyed par bya/__/'dir snang 'khor ba'i chos la blo ma ldog__/theg chen lta ci nyan thos pa rnams kyi/__/lam rim tsam yang rgyud la skye ba med/__/de phyir thun mong blo ldog rnam bzhi ni/__/dam pa'i chos sgrub rnams kyi rten gzhi yin/__/gal chung ma byed nan tan sgrubs shig ang /__/dge dang mi dge'i las ni che phra rnams/__/ci bsags kun gzhi'i steng du 'jog nas yod/__/dus la babs tshe rang byas rang la smin/__/de bas dge ba chung yang brnyas mi bya/__/mi dge chung yang dug ltar 'dzem pa gces/__/mi 'chi snyam pa'i blo sna ring po 'dis/__/mi tshe nyi ma gar zad ma nges pas/__/mi rtag 'chi ba yang yang dran pa dang /__/'chi dus phan pa dam pa'i lha chos las/__/gzhan med yang yang dran par mdzod cig dang /__/brtson 'grus chen pos dam pa'i lha chos 'grub/__/kye ma dus ngan snyigs ma lnga bdo 'dir/__/bdag dang bdag 'dras sa steng gang gyur nas/__/dam chos sgrub pa nyin mo'i skar ma tsam/__/bla ma rnams ni phyag rdzas su che dang /__/dgon pa rnams ni mchod cha rgyan yo byad/__/mkhas pa rnams ni grub mtha'i chags sdang gadzings/__/sgom chen tshogs kyang kha lta stong skad sgrogs/__/bsnyen sgrub byed rnams bskyed rdzogs mi bsgom zhing /__/gzhan phan don gnyer bsam pa cung zad med/__/rang 'dod phug 'chang bzang ngan cung zad la'ang /__/skyid po mi khyag sdug bsngal mi bzod cing /__/ngo ni dkar nag tsam gyis dga' sdug mang /__/de 'dra'i tshul 'di mthong bas sems pa skyo/__/da ni thub pa'i bstan pa nub ri yi/__/nyi ma bzhin du sdud la nye ba dang /__/sdig spyod kla klos sa steng khengs gyur pas/__/bya bzhag ma mang don gyi snying po ni/__/yang dag sgrub la brtson pa drag po bya/__/de yang lam gyi gnad bsdus bla ma yi/__/rnal 'byor zab mo la ni 'bad de sgrub/__/a/__rang nyid rnal 'byor dmar mo ni/__/gri thod 'dzin cing gar stabs bzhengs/__/pad nyi bam ro'i gdan la 'gying /__/mdun mkhar 'ja' 'od thig le'i klong /__/rtsa ba'i bla ma pad+ma 'byung /__/dkar dmar mdangs ldan zhi ma khro/__/rdo rje thod 'dzin mtsho rgyal 'khril/__/dar dang rin chen rus pa dang /__/me tog phreng ba'i rgyan gyis spras/__/pad zla nyi ma'i steng na bzhugs/__/gnas gsum yi ge 'bru gsum las/__/'od 'phros ye shes spyan drangs thim/__hU~M/__rnam rtog bral ba'i pho brang nas/__/gdod ma'i mgon po gshegs su gsol/__/phyogs lhung med pa'i pho brang nas/__/dus gsum bde gshegs gshegs su gsol/__/pad+ma 'od kyi pho brang nas/__/pad+ma thod phreng gshegs su gsol/__/rgya nag ri bo rtse lnga nas/__/bi ma mi tra gshegs su gsol/__/'ja' lus zang thal pho brang nas/__/seng ge dbang phyug gshegs su gsol/__/rang snang dag pa'i zhing khams nas/__/rtsa ba'i bla ma gshegs su gsol/__/rig pa sku ru smin pa dang /__/'od lus 'grub par byin gyis rlobs/__/oM AHhU~M badz+ra gu ru pad+ma thod phreng rtsal badz+ra sa ma ya dza dzaHdzaHhU~M ba~M hoHhoHbdag dang bla ma dbyer med pa'i/__/lta ba'i ngang nas mjal phyag 'tshal/__/snang srid bde stong rol pa che/__/yul dang dbang po gnyis med mchod/__/sdig ltung sgyu ma'i tshogs thams cad/__/bshags bya bshags byed bral bar bshags/__/tshogs chen bsags kyang don dam du/__/ma byas ma bsags rjes yi rang /__/sgra tshig rtsol ba las 'das pa'i/__/gzhom med rdo rje'i chos 'khor bskor/__/kun rdzob sku ni dbyings sdud rnams/__/nges don 'pho bral bzhugs gsol 'debs/__/zag bcas zag pa med dge rnams/__/thig le gcig tu bzlum par bgyi/__/khams gsum 'khor ba dong nas sprugs/__/rang 'bras sku gsum mngon 'gyur shog__/oM AHhU~M/__bdag lus gces par bzung ba'i lus longs spyod/__/dge tshogs dang bcas gcig tu bzlum byas te/__/phyi nang gsang ba'i maN+Dal mchod sprin gyis/__/bla ma sku gsum mchod cing tshogs rdzogs shog__/oM gu ru sarba ta thA ga ta rat+na maN+Da la pU dza ho/__/bla ma'i sku las bdud rtsi'i rgyun/__/dpag med babs pas lus gang zhing /__/sgrib dag dbang dang dngos grub thob/__/byin rlabs ma lus zhugs par mos/__/oM AHhU~M badz+ra gu ru pad+ma thod phreng rtsal badz+ra sa ma ya dzaHsarba sid+d+hi pha la hU~M/__zhes bzlas dad mos rtse gcig bsnyen/__gsol ba 'debs pa ni/__sangs rgyas kun gyi ngo bo nyid/__/dam chos rin chen 'byung ba'i gnas/__/'phags tshogs dge 'dun kun gyi bdag__/bla ma mchog la gsol ba 'debs/__/dkyil 'khor rgya mtsho spro zhing sdud/__/ma rig sel ba'i sgron me che/__/thar pa'i lam ston 'dren pa mchog__/bla ma'i zhabs la gsol ba 'debs/__/spangs rtogs yon tan yongs rdzogs shing /__/'gro don phrin las rgyun mi chad/__/sems can kun gyi las nyon 'grol/__/thar pa'i lam ston khyod la 'dud/__/nyes pa'i g.yang las skyob mdzad cing /__/legs pa'i lam la khrid pa po/__/'khor ba'i rgya mtsho las brgal ba'i/__/ded dpon chen po khyod la bstod/__/bdag tu lta ba 'joms mdzad cing /__/bdag med rtogs pa'i shes rab kyi/__/ye shes snang ba rab sbar ba/__/dpal ldan bla ma'i zhabs la 'dud/__/de ltar bstod cing gsol btab pas/__/skye dang tshe rabs thams cad du/__/bla ma mchog dang mi 'bral zhing /__/thugs rjes rtag tu bskyangs par shog__/bla ma'i dpral mgrin snying gsum las/__/sku dang sngags phreng phyag mtshan dang /__/'od zer dkar dmar mthing gsum sogs/__/'bru gsum gzugs dang bcas pa byung /__/rang gi gnas gsum rim cig car/__/thim pas sku bzhi'i sa bon bzhag__/bla ma 'od zhu rang la thim/__/brjod bral blo 'das ngang du bzhag__/thun las ldangs tshe dge bsngo bya/__/spyod lam yengs par ma gtong bar/__/khyer so gsum gyi rnal 'byor bya/__/de ltar bla ma sgrub pa ni/__/dus gsum rgyal ba'i spyi gzugs yin/__/khyad par pad+ma 'byung gnas ni/__/bde gshegs 'dus pa'i ngo bo ste/__/rig 'dzin kun gyi spyi sgrub che/__/byin rlabs myur du 'byung bar 'gyur/__/dad mos kho nar rag las pas/__/rang gi rtsa ba'i bla ma de/__/yon tan sangs rgyas kun dang mnyam/__/bka' drin sangs rgyas las lhag pa'i/__/nges shes gting nas skye ba dgos/__/kha tsam tshig tsam min pa zhig__/gnad du che zhing dad pa dang /__/dbang gi dam tshig ma nyams gces/__/'gal ba byung na yig brgya dang /__/na raka skong ba'i cho ga dang /__/sbyin sreg tshogs mchod bdag 'jug blangs/__/des ni nyes pa byang zhing dag__/dngos grub thob la nye bar 'gyur/__/kun bzang rdo rje 'chang chen gyi/__/chos kyi snying po gsang sngags yin/__/de yi yang rtse rdzogs pa che/__/rgyud lung man ngag thos pas grol/__/tshe 'dir nyams su ma lon kyang /__/dam ldan srid pa bar do ru/__/rang bzhin sprul pa'i zhing du grol/__/des na rang cag skal ba bzang /__/da ni rang re rgas shing 'khog__/'chi la nye ba'i dus 'di ru/__/ha cang 'gro 'dod ma mang bar/__/yid mthun dben gnas nyams dga' ru/__/lo grangs gcig gnyis bag phob la/__/snying po'i nyams len sgang dril zhig__/gnas gcig sdod yun ring drag na/__/chags sdang cung zad 'phel srid pas/__/gar skyid gar bde brtags dpyad mdzod/__/smra ba mang na chags sdang bskyed/__/snang ba thams cad gdong 'ded gyis/__/gtad med zang thal chen por bskyangs/__/gang la zhen na 'ching ba'i rgyu/__/'ching ba thams cad rang grol thongs/__/rig pa ka dag lta ba la/__/yid dpyod mtshan mas ma bslad cig__/sems ni zad cing rig pa nam mkha' ltar/__/rgya chad phyogs lhung kun dang bral ba yi/__/rang byung 'od gsal lhun rdzogs chen po'i dbyings/__/ye shes phyir snang thig le chen po'i sbubs/__/dbyings rig ar la gtad pas tshad la phob/__/slar yang chos zad nang gsal chen po'i klong /__/sku dang ye shes 'bral med e ma ho/__/e ma grogs kyi dam pa khyod nyid kyang /__/bla ma'i zhal gyi bum bzang las 'ongs pa'i/__/snying thig snying po'i don bcud zag ma 'jug__/gnad du dril la 'khrul pa'i grong khyer stong /__/gzhi zad ka dag chos sku'i rgyal sa zung /__/dal 'byor thob pa da res tsam zhig yin/__/rdo rje theg pa dang 'phrad shin tu dka'/__/khyad par theg mchog rgyal po 'di 'phrad dkon/__/da res 'phrad 'di blo bde'i tshad mchog yin/__/chu zla'i brdzun ris dag la bden ma bzung /__/srid pa'i 'dod yon nam mkha'i 'ja' tshon 'dra/__/snyan dang mi snyan grags stong brag car mtshungs/__/re dang dog pa'i sems ni rlung yin pas/__/rlung gi zhags pas ma bcing rgya yan zhog__/khyab brdal lhun mnyam yangs pa'i thang chen la/__/rig pa'i rta mchog rang 'gros thongs shig dang /__/snang ba sna tshogs ltad mo dgod re bro/__/snang ba tsam gyis mi 'ching zhen pas 'ching /__/zhen pa rang grol 'dzin med ngang der zhog__/zhog ces bya ba'ang tshig gi brjod 'dod tsam/__/don la bzhag bya bzhag byed gnyis med par/__/mnyam nyid yangs pa chen po'i klong du a/__/nam zhig 'di nas tshe 'phos gyur ma thag__/o rgyan rdo rje 'chang gi tshogs gral du/__/gsang sngags 'du bar lhan cig spyod nas kyang /__/pad 'byung rje dang dgongs klong dbyer med shog__/'jig rten khams su nad mug mtshon 'khrugs zhi/__/rgyal ba'i bstan pa yun ring gnas pa dang /__/de la 'tshe ba'i bdud kyi sde tshogs 'joms/__/bstan pa 'dzin rnams zhabs pad yun brtan shog__/de ltar bla ma'i zhal gyi lung bzang po/__/gdams la bsdebs legs tshig gi sbyor ba yi/__/mdzes phreng dben yang don la nor med snyam/__/khyod thugs dgyes pa'i dpal du gyur nas kyang /__/rang gzhan don gnyis 'grub pa'i rgyur gyur cig__/ces pa'ang g.yon ru gter sras bla ma 'jam dbyangs bsod nams kyi bzhed ngor/__'jam dbyangs chos kyi blo gros pas 'bras ljongs sgang thog tu bris pa dge legs su gyur cig__///__

Footnotes

Other Information