DKR-KABUM-09-TA-011

From Khyentse Lineage - A Tsadra Foundation Project
Revision as of 14:23, 3 November 2022 by WikiBot2015 (talk | contribs)

Wylie title DKR-KABUM-09-TA-011.pdf
Location dil mgo mkhyen brtse bka' 'bum
Volume Expression error: Unrecognized word "ta"., Text 11, Pages (Folios to )
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation
Genre "TA" is not a number.

"TA" is not a number.

[edit]
༄༅། ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། གུ་རུ་དྲག་མཐིང་བདུད་ཀྱི་གཤེད་ཆེན་བླ་ཕུར་སྦྲགས་མའི་སྲུང་བཟློག་རྒྱུན་གྱི་ཉམས་ལེན་ཡང་ཟབ་རྡོ་རྗེའི་གོ་ཆ་བཞུགས།། ༄༅། ན་མོ་གུ་རུ་ཀྲོ་དྷ་ཀཱི་ལ་ཡེ། མ་ཧཱ་གུ་རུ་རྡོ་རྗེའི་གསུང་ལས། རྣལ་འབྱོར་བར་ཆད་སྲུང་བའི་ཐབས༔ བླ་མ་ཡི་དམ་དབྱེར་མེད་དུ༔ བསྙེན་ཅིང་སྒྲུབ་པའི་སྲོག་ཐིག་འདི༔ ཤིན་ཏུ་ཟབ་ཕྱིར་གུད་དུ་སྦས༔ ཞེས་གསུང་པ་ལྟར་རྩོད་དུས་ཆོས་བྱེད་ཐམས་ཅད་བར་ཆད་ཀྱི་རླུང་དམར་གྱིས་གནོད་པ་ལས་སྐྱོབ་པའི་ཐབས་ཟབ་པའི་མཐར་ཐུག་རྡོ་རྗེ་ཕུར་པ་དང་གུ་རུ་དྲག་མཐིང་དབྱེར་མེད་དུ་སྒྲུབ་པ་སྤྲོས་མེད་རྒྱུན་གྱི་རྣལ་འབྱོར་གྱིས་སྲུང་བཟློག་བསད་པ་ཆིག་དྲིལ་དུ་ཉམས་སུ་ལེན་པའི་ཚུལ་ལ་སྔོན། དངོས། རྗེས་གསུམ་ལས། ཐོག་མར་སྔོན་འགྲོའི་ལས་རིམ་ནི། ན་མོ༔ རིགས་ཀུན་ཁྱབ་བདག་བླ་རྗེ༔ དངོས་གྲུབ་འབྱུང་གནས་ཡི་དམ་ལྷ༔ བར་ཆད་ཀུན་སེལ་མཁའ་འགྲོའི་ཚོགས༔ རྩ་བ་གསུམ་ལ་སྐྱབས་སུ་མཆི༔ ལན་གསུམ། ཧཱུྃ༔ ཤིན་ཏུ་གདུག་ཅིང་གཏུམ་པ་ཡི༔ དམ་སྲི་གདུག་པ་ཚར་གཅོད་ཕྱིར༔ བདུད་ཀྱི་གཤེད་ཆེན་ཧེ་རུ་ཀའི༔ རྣལ་འབྱོར་ཟབ་མོ་བསྒོམ་པར་བགྱི༔ ལན་གསུམ། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། སོགས་ལན་གསུམ། སེམས་ཅན་བདེ་དང་ལྡན་གྱུར་སོགས་ཚད་མེད་བཞི་བསྒོམ། གཉིས་པ་དངོས་གཞི་ལ་བསྐྱེད་བཟླས་རྫོགས་གསུམ་ལས། དང་པོ་སྐུ་བསྐྱེད་རིམ་གྱི་ཕྱག་རྒྱ་གསལ་གདབ་པ་ནི། ཧཱུྃ༔ ཆོས་ཀུན་ཀ་དག་དེ་བཞིན་ཉིད༔ སྙིང་རྗེ་ཁྲོས་པར་ཀུན་ཏུ་སྣང་༔ རྒྱུ་ཡི་ཏིང་འཛིན་ཧཱུྃ་དམར་པོ༔ རང་བྱུང་རང་གསལ་ལྷུག་པར་ཤར༔ དེ་ལས་འཕྲོས་པའི་འོད་ཟེར་གྱིས༔ སྣོད་བཅུད་དངོས་འཛིན་དབྱིངས་སུ་སྦྱངས༔ འབྱུང་བ་རིམ་བརྩེགས་ཡུམ་ལྔའི་ཀློང༔ ཕྱི་སྣོད་དག་པ་ཨེ་ཡི་དབྱིངས༔ དུར་ཁྲོད་འབར་བའི་ཕོ་བྲང་ཆེར༔ གནམ་ལྕགས་ཙཀྲ་རྩིབས་བཅུའི་དབུས༔ པད་ཉི་དྲེགས་པའི་གདན་གྱི་སྟེང༔ ནང་བཅུད་དག་པ་ཧེ་རུ་ཀ༔ དཔལ་ཆེན་བདུད་འདུལ་བདུད་ཀྱི་གཤེད༔ ཧཱུྃ་ལས་སྐུར་བསྐྱེད་གཉུག་མའི་ལྷ༔ ཡོངས་གྱུར་བཛྲ་ཀུ་མཱ་ར༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་པ་༔ གཡས་དཀར་གཡོན་དམར་དབུས་ཞལ་མཐིང་༔ གཡས་གཉིས་རྡོ་རྗེ་རྩེ་དགུ་ལྔ༔ གཡོན་གཉིས་མེ་དཔུང་ཁ་ཊྭཱཾ་ག༔ ཐ་མས་རི་རབ་ཕུར་བུ་བསྒྲིལ༔ དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན༔ འཁོར་ལོ་རྒྱས་འདེབས་ཡུམ་དང་སྦྱོར༔ ཚིག་མཚམས་ཁྲོ་རྒྱལ་འཁོར་བཅས་གསལ༔ ཁྲོ་བོ་བཅུ་ཕྲ་ཐབས་བཅས། སྐུ་ལས་འབར་བའི་འོད་ཀྱི་ཀློང་༔ སེང་གདོང་རིགས་ལྔའི་སྤྲིན་ཕུང་འཕྲོ༔ འཁོར་ལོའི་རྩིབས་ཀྱི་ཕྱོགས་མཚམས་ལ༔ ཕུར་པའི་གནས་སུ་ཆེ་མཆོག་བསྒོམ་པ་གཏེར་ཆེན་ཞལ་རྒྱུན་མཆན། དཔལ་ཆེན་སྒྲུབ་སྡེ་བརྒྱད་ཀྱི་ལྷ༔ སྟེང་དུ་རྡོ་རྗེ་ནམ་མཁའ་ལྡིང་༔ འོག་ཏུ་བརྒྱུད་གསུམ་དྲེགས་པའི་སྡེ༔ ཀུན་ཀྱང་རང་རང་ཚོམ་བུར་བཅས༔ སྣང་སྲིད་དཔལ་གྱི་ཕྱག་རྒྱར་རྫོགས༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཿ ལས་རིམ་མདོར་བསྡུས་སྦྱོར་ན། ཧཱུྃཿ བཞེངས་ཤིང་དབང་དྲག་འབར་བའི་ཞིང་༔ པདྨ་འོད་ཀྱི་ཕོ་བྲང་ནས༔ རྗེ་བཙུན་ཨོ་རྒྱན་ཐོད་ཕྲེང་རྩལ༔ རབ་འབྱམས་ཁྲོ་བོའི་འཁོར་དང་བཅས༔ དུས་སྙིགས་དམ་འགོང་ཚར་གཅོད་ཕྱིར༔ དྲག་པོའི་སྟོབས་ཀྱིས་གཤེགས་སུ་གསོལ༔ ཛཿཧཱུྃ་བཾ་ཧོཿས་དམ་ཡེ་དབྱེར་མེད་དུ་བསྟིམ། ས་མ་ཡ་ཏིཥྛ་ལྷན༔ ན་མོ་ན་མ་ཧོས་ཕྱག་བྱ། ཧཱུྃ༔ དངོས་འབྱོར་ཡིད་ལས་བྱུང་བ་ཡི༔ ཕྱི་ནང་གསང་བའི་མཆོད་སྤྲིན་གྱིས༔ བདུད་འདུལ་ཁྲག་འཐུང་འཁོར་བཅས་མཆོད༔ བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་བཛྲ་མ་ཧཱ་གུ་རུ་པདྨ་ཀཱི་ལ་ཡ་ས་པཱ་རི་ཝ་ར་ཨརྒྷཾ་ནས། ཤབྡ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིང་ཏ་ཏ་ན་ག་ཎ་པཱུ་ཛཿཧོ། ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ དྲག་པོའི་མཐུ་རྩལ་གཅིག་བསྡུས་པ༔ པདྨ་ཁྲག་འཐུང་ཧེ་རུ་ཀར༔ གུས་པས་བསྟོད་དོ་དངོས་གྲུབ་སྩོལ༔ ཞེས་སྣོད་བཅུད་ལྷ་ཡི་རྟེན་དང་བརྟེན་པའི་གསལ་སྣང་སྒྲུབ། ང་རྒྱལ་བརྟན་དག་པ་དྲན་བར་བྱས་ལ། གཉིས་པ་གསུང་བཟླས་པའི་རྣལ་འབྱོར་ལ་བསྙེན་སྒྲུབ་ལས་གསུམ་གྱི་དང་པོ་ནི། ཙིཏྟ་མཆོང་གུར་སྨུག་པོའི་དབུས༔ ཉི་སྟེང་ཧཱུྃ་མཐར་སྔགས་ཕྲེང་བསྐོར༔ བཟླས་པས་སྔགས་ཀྱི་མེ་འོད་ནི༔ རྡོ་རྗེ་མཚོན་ཆའི་ཆར་དུ་འཕྲོས༔ སྡེ་བརྒྱད་འབྱུང་པོ་དམ་ལ་གཟིར༔ བར་ཆད་བདུད་ཚོགས་དབྱིངས་སུ་བསྒྲལ༔ འཁོར་འདས་དྭངས་བཅུད་བདག་ལ་ཐིམ༔ སྲིད་ཞིའི་སྤྱི་དཔལ་ཆེན་པོར་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཅེས་གཙོ་བོར་བཟླ། གཉིས་པ་སྒྲུབ་པ་དང་སྲུང་བ་ཆིག་སྒྲིལ་ནི། འཁོར་ལོའི་རྩིབས་རྩེའི་མེ་རླུང་ལས༔ མཚོན་ཆ་སྣ་ལྔའི་སྤྲིན་ཕུང་འཕྲོས༔ སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཀུན༔ གཞོམ་མེད་སྲུང་བའི་གུར་དུ་འཁྲིགས༔ ཁྲོ་བོ་འཆོལ་བའི་ཚོགས་ཀྱིས་གཏམས༔ ཡེ་ཤེས་དྲུག་གི་དབྱིངས་སུ་རྫོགས༔ ཞེས་སྣང་སྲིད་ཐམས་ཅད་ངོ་བོ་རྡོ་རྗེ་ཕུར་པ་ལ་རྣམ་པ་བུདྡྷ་ཧེ་རུ་ཀ །འཇམ་དཔལ་གཤིན་རྗེ། བཛྲ་ཡང་དག །རཏྣ་ཆེ་མཆོག །པདྨ་རྟ་མགྲིན། ཀརྨ་ཧེ་རུ་ཀའི་རིགས། མ་མོ་དྲེགས་འདུལ་དང་དྲགས་སྔགས། ཁྱབ་བདག་དྲུག་པའི་རིག་འཛིན་པདྨའི་དཔལ་དགུའི་གཙོ་འཁོར་དང༌། གཙོ་བོ་རྡོ་རྗེ་གཞོན་ནུའི་ལུས་དཀྱིལ་ཁྲོ་བཅུ་སྲས་མཆོག་སྟེ་ཕུར་པའི་དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་དང༌། དཔལ་དགུའི་སྐུ་ཡི་གནས་ལྔ་ལས་བུདྡྷ། པདྨ། བཛྲ། རཏྣ། ཀརྨ་སིང་ཧ་མུ་ཁའི་སྤྲུལ་པའི་ཕྲ་མན་གྱི་དམག་ཚོགས་དང༌། སྟེང་གི་རྩིབས་ལ་རྡོ་རྗེའི་ཁྱུང་ཆེན། འོག་ཏུ་བརྒྱུད་གསུམ་དྲེགས་པའི་དམག་དཔུང་དང་བཅས་པའི་སྐུ་ལས་རྡོ་རྗེ་འཁོར་ལོ་ནོར་བུ་པདྨ་རལ་གྲིའི་ཚོགས་སྤྲོས་ཏེ་ནང་ནས་རིམ་བཞིན་གུར་ཁང་ཕྱི་ནང་དྲུག་གིས་གོ་མཚམས་མེད་པར་གཏམས་པའི་ནང་དུ་སྲུང་བྱ་ཐམས་ཅད་ཚུད་དེ་ཡེ་ཤེས་དྲུག་གི་ཕྱག་རྒྱའི་ཆོ་འཕྲུལ་ལས་ནམ་ཡང་འདའ་བར་མེད་པས་བར་ཆད་ཐམས་ཅད་ཀྱི་ཀླག་མི་རྙེད་པར་བསམ་ལ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཀཱི་ལ་ཡ་ཏིཔྟ་ཙཀྲ་ཛྙཱ་ན་རཀྵ་རཀྵ་བྷྲཱུྃ༔ ཞེས་དམིགས་པའི་གཟེར་དང་བཅས་པས་བཟླ། གསུམ་པ་ལས་སྦྱོར་གྱི་དང་པོ་བཟློག་པའི་དམིགས་པ་ནི། ལྷ་ཚོགས་ཁྲོས་འཁྲུགས་རྔམས་པས་ཞལ་ཕྱི་རོལ་དུ་གཟིགས་པའི་སྐུ་ལས་དུག་མཚོན་མེ་ཕུང་ཐོག་སེར་དུ་གྱུར་ཏེ་དུས་མཐའི་རླུང་ནག་བཞིན་འཚུབས་ཤིང་འཁྱིལ་བས་དགྲ་བོའི་ཡུལ་དུ་སོང་སྟེ་ནད་མཚོན་དུག་གི་ཐོག་ཆར་དྲག་པོས་ཁ་ཕུང་རྗེས་མེད་དུ་བརླག་ནས་དགྲ་འདྲེའི་རྣམ་ཤེས་དབྱིངས་སུ་སྤར། ཕུང་པོ་འབྱུང་བཞིའི་དབྱིངས་སུ་བསྟིམ། ཚེ་བསོད་དབང་ཐང་ཡུལ་མཁར་ལོངས་སྤྱོད་གཉེན་གྲོགས་དང་བཅས་པ་རྩ་སྤུར་རླུང་གི་དེད་པ་བཞིན་རྒྱ་མཚོའི་མཐར་ནམ་མཁའི་དབྱིངས་སུ་དམིགས་མེད་རྒྱས་བཏབ་པར་བསམ་ལ། ཆོས་ཉིད་ཀྱི་ལྟ་བའི་ངང་བསྐྱངས་ཤིང༌། ཨོཾ་ཨཱཿཧཱུྃ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཀཱི་ལ་ཡ་སིངྷ་མུ་ཁ་བཛྲ་ཀྲོ་དྷ་སརྦ་ཙཎྜ་ཤ་རི་བྷྱོ་ཟློག༔ ཛཿཧཱུྃ་བྃ་ཧོཿབྷྱོ་ཨ་ཡ་མ་དུ་རུ་ཙ་ཤ་ན་ཤ་རི་བྷྱོ་ཟློག༔ ཨ་ལ་ལ་པྲ་མོ་ཧ་ཤ་རི་བྷྱོ་ཟློག༔ ཤནྟི་ཀ་ཤག་བྱེར་བྱེར་ཤ་རི་བྷྱོ་ཟློག༔ བཛྲ་སརྦ་ག་རུ་ཊ་རྦད་འདྲེ་རྦོད་གཏོང་ངན་པ་ཐམས་ཅད་ཤ་རི་བྷྱོ་ཟློག༔ ཞེས་བཟློག་སྔགས་བགྲང༌། གཉིས་པ་བསད་དམིགས་ནི། འོག་ཏུ་རྩིབ་རྩེར་གཟིར་བ་ཡིས༔ དམ་སྲི་བདུད་སྲིན་རྒྱལ་འགོང་གི༔ སྙིང་གར་གནམ་ལྕགས་འཁོར་ལོ་ནི༔ རྩིབས་བརྒྱད་རྣོ་དབལ་སྤུ་གྲིའི་ཚུལ༔ རྩེ་ལས་ལྕགས་སྡིག་འཕྲོ་བར་བསམ༔ བདག་གི་ཐུགས་ནས་འོད་འཕྲོས་པས༔ འཁོར་ལོ་གཡས་སུ་ཤུགས་དྲག་འཁོར༔ སྲོག་རྩ་བཅད་ཅིང་སྙིང་ཁྲག་ལྷུང༔ གནམ་ལྕགས་སྡིག་པས་ཁྲག་ལ་འཇིབས༔ དེ་རྣམས་ངར་བསྐྱེད་ཤ་རུས་ཀུན༔ ཧབ་ཧབ་དིར་དིར་ཟོས་པར་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཀཱི་ལ་ཡ་ཏིཔྟ་ཙཀྲ་བདུད་སྲིན་དམ་སྲི་རྒྱལ་འགོང་དུར་དུར༔ མྱོག་མྱོག༔ ཐུཾ་ཐུཾ༔ ཨ་ཀྲག་རླག་རླག་རྦད་རྦད༔ མཱ་ར་ཡ་ཏྲིག་ནན་ཛཿཛཿ བདུད་སྲིན་དམ་སྲི་རྒྱལ་འགོང་ཐམས་ཅད་ཐུམ་ཤག་མྱོག་ཛཿཧཱུྃ་བྃ་ཧོ༔ ཞེས་བཟླའོ། དེ་ཡང་སྲུང་བཟློག་བསད་པ་ཆིག་དྲིལ་བྱེད་ན་སྔ་དྲོ་སྲུང་དམིགས། ཕྱི་དྲོ་བཟློག་དམིགས། སྲོད་ལ་བསད་དམིགས་སྦྱར་ནས་བཟླ་དགོས་ལ། རྒྱུན་གྱི་རྣལ་འབྱོར་ལ་བསྙེན་སྒྲུབ་སྲུང་བ་ཁོ་ནས་ཆོག །གང་ལྟར་ཡང་དབྱངས་གསལ་རྟེན་སྙིང་གིས་སྔགས་ཀྱི་ལྷག་ཆད་བསྐང་ཞིང་བྱིན་བརླབས་བརྟན་པར་བྱ། སྟོང་ཚིག་གི་མཆོད་བསྟོད་དང༌། ཡིག་བརྒྱ་བཟླ། ཚོགས་མཆོད་སྦྱར་བར་སྤྲོ་ན་ཕྲིན་ལས་སྙིང་པོ་ལྟར་བྱའོ། །གསུམ་པ་རྗེས་རིམ་དང་པོ་བསྡུ་ལྡང་ནི། སྣོད་བཅུད་དཀྱིལ་འཁོར་ལྷ་ཚོགས་རྣམས༔ བདེ་སྟོང་ངོ་བོར་འོད་ཞུ་ནས༔ སྙིང་གའི་ཧཱུྃ་དང་དབྱེར་མེད་འདྲེས༔ དེ་ཡང་མི་དམིགས་འོད་གསལ་ངང༔ ལྷ་སྐུ་འཇའ་ཚོན་ལྟ་བུ་ཡི༔ སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་སད༔ ཨོཾ་ཨཱཿཧཱུྃ་བཛྲ་ཀཱ་ཝཱ་ཙི་རཀྵ་བྷྲཱུྃ༔ གཉིས་པ་བསྔོ་སྨོན་ནི། ཧོཿ རིག་འཛིན་བླ་མའི་དཀྱིལ་འཁོར་སྒྲུབ་པའི་མཐུས༔ བདག་དང་མཐའ་ཡས་སེམས་ཅན་མ་ལུས་ཀུན༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པ་དང༔ འོད་གསལ་ཆོས་སྐུའི་དབྱིངས་སུ་གྲོལ་བར་ཤོག༔ གསུམ་པ་ཤིས་བརྗོད་ནི། རྩ་བརྒྱུད་བླ་མའི་བྱིན་རླབས་སྙིང་ལ་ཞུགས༔ ཡི་དམ་མཁའ་འགྲོ་ལུས་དང་གྲིབ་བཞིན་འགྲོགས༔ ཆོས་སྐྱོང་སྲུང་མས་བར་ཆད་ཀུན་བསལ་ནས༔ མཆོག་ཐུན་དངོས་གྲུབ་འགྲུབ་པའི་བཀྲ་ཤིས་ཤོག༔ ཚིག་གི་སྤྲོས་པ་ཆེས་ཉུང་ཡང༌། །དོན་གནད་ཀུན་ཚང་ཕ་ལམ་སྟེ། །རང་ནོར་རང་གིར་བགྱི་བའི་སླད། །འཇུག་བདེའི་སྐལ་བཟང་བཙས་གྱུར་ཅིག །ཅེས་པའང་རྩོད་དུས་བར་ཆད་རླུང་དམར་འཚུབས་པའི་སྐབས་ནོར་བུ་འབུམ་གྱི་རིན་ཐང་ཟིལ་གྱིས་གནོན་པའི་གདམས་ངག་གི་ཆེ་བ་ཤེས་པའི་སྔགས་པ་མངྒ་ལའི་མིང་གིས་ཉམས་སུ་བླངས་ནས་ཡིད་ཆེས་རྙེད་པ་སྐལ་བཟང་ཆོས་ཀྱི་བཤེས་གཉེན་རྣམས་ཀྱི་ཆེད་འཇུག་བདེའི་བཙས་སུ་བཀླག་ཆོག་མར་བྲིས་པ་བསྟན་འགྲོ་ཐམས་ཅད་ཡིད་སྲུབ་ཀྱི་དཔུང་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་དུ་གྱུར་ཅིག། །།
[edit]

@#/__thugs sgrub bar chad kun sel las/_gu ru drag mthing bdud kyi gshed chen bla phur sbrags ma'i srung bzlog rgyun gyi nyams len yang zab rdo rje'i go cha bzhugs// @#/__na mo gu ru kro d+ha kI la ye/_ma hA gu ru rdo rje'i gsung las/_rnal 'byor bar chad srung ba'i thabs:_bla ma yi dam dbyer med du:_bsnyen cing sgrub pa'i srog thig 'di:_shin tu zab phyir gud du sbas:_zhes gsung pa ltar rtsod dus chos byed thams cad bar chad kyi rlung dmar gyis gnod pa las skyob pa'i thabs zab pa'i mthar thug rdo rje phur pa dang gu ru drag mthing dbyer med du sgrub pa spros med rgyun gyi rnal 'byor gyis srung bzlog bsad pa chig dril du nyams su len pa'i tshul la sngon/_dngos/_rjes gsum las/_thog mar sngon 'gro'i las rim ni/_na mo:_rigs kun khyab bdag bla rje:_dngos grub 'byung gnas yi dam lha:_bar chad kun sel mkha' 'gro'i tshogs:_rtsa ba gsum la skyabs su mchi:_lan gsum/_hU~M:_shin tu gdug cing gtum pa yi:_dam sri gdug pa tshar gcod phyir:_bdud kyi gshed chen he ru ka'i:_rnal 'byor zab mo bsgom par bgyi:_lan gsum/_rdo rje slob dpon sangs rgyas dpal/_sogs lan gsum/_sems can bde dang ldan gyur sogs tshad med bzhi bsgom/_gnyis pa dngos gzhi la bskyed bzlas rdzogs gsum las/_dang po sku bskyed rim gyi phyag rgya gsal gdab pa ni/_hU~M:_chos kun ka dag de bzhin nyid:_snying rje khros par kun tu snang :_rgyu yi ting 'dzin hU~M dmar po:_rang byung rang gsal lhug par shar:_de las 'phros pa'i 'od zer gyis:_snod bcud dngos 'dzin dbyings su sbyangs:_'byung ba rim brtsegs yum lnga'i klong:_phyi snod dag pa e yi dbyings:_dur khrod 'bar ba'i pho brang cher:_gnam lcags tsakra rtsibs bcu'i dbus:_pad nyi dregs pa'i gdan gyi steng:_nang bcud dag pa he ru ka:_dpal chen bdud 'dul bdud kyi gshed:_hU~M las skur bskyed gnyug ma'i lha:_yongs gyur badz+ra ku mA ra:_mthing nag zhal gsum phyag drug pa :_g.yas dkar g.yon dmar dbus zhal mthing :_g.yas gnyis rdo rje rtse dgu lnga:_g.yon gnyis me dpung kha T+wAM ga:_tha mas ri rab phur bu bsgril:_dpal dang dur khrod chas kyis brgyan:_'khor lo rgyas 'debs yum dang sbyor:_tshig mtshams khro rgyal 'khor bcas gsal:_khro bo bcu phra thabs bcas/_sku las 'bar ba'i 'od kyi klong :_seng gdong rigs lnga'i sprin phung 'phro:_'khor lo'i rtsibs kyi phyogs mtshams la:_phur pa'i gnas su che mchog bsgom pa gter chen zhal rgyun mchan/_dpal chen sgrub sde brgyad kyi lha:_steng du rdo rje nam mkha' lding :_'og tu brgyud gsum dregs pa'i sde:_kun kyang rang rang tshom bur bcas:_snang srid dpal gyi phyag rgyar rdzogs:_oM AHhU~M:_oM hU~M trAM hrIHaH_las rim mdor bsdus sbyor na/_hU~MH_bzhengs shing dbang drag 'bar ba'i zhing :_pad+ma 'od kyi pho brang nas:_rje btsun o rgyan thod phreng rtsal:_rab 'byams khro bo'i 'khor dang bcas:_dus snyigs dam 'gong tshar gcod phyir:_drag po'i stobs kyis gshegs su gsol:_dzaHhU~M baM hoHsa dam ye dbyer med du bstim/_sa ma ya tiSh+Tha lhan:_na mo na ma hos phyag bya/_hU~M:_dngos 'byor yid las byung ba yi:_phyi nang gsang ba'i mchod sprin gyis:_bdud 'dul khrag 'thung 'khor bcas mchod:_bzhes nas mchog thun dngos grub stsol:_oM badz+ra ma hA gu ru pad+ma kI la ya sa pA ri wa ra ar+g+haM nas/_shab+da sarba pany+tsa a mr-i ta rak+ta ba ling ta ta na ga Na pU dzaHho/_hU~M:_dus gsum sangs rgyas thams cad kyi:_drag po'i mthu rtsal gcig bsdus pa:_pad+ma khrag 'thung he ru kar:_gus pas bstod do dngos grub stsol:_zhes snod bcud lha yi rten dang brten pa'i gsal snang sgrub/_nga rgyal brtan dag pa dran bar byas la/_gnyis pa gsung bzlas pa'i rnal 'byor la bsnyen sgrub las gsum gyi dang po ni/_tsit+ta mchong gur smug po'i dbus:_nyi steng hU~M mthar sngags phreng bskor:_bzlas pas sngags kyi me 'od ni:_rdo rje mtshon cha'i char du 'phros:_sde brgyad 'byung po dam la gzir:_bar chad bdud tshogs dbyings su bsgral:_'khor 'das dwangs bcud bdag la thim:_srid zhi'i spyi dpal chen por bsam:_oM AHhU~M badz+ra gu ru pad+ma kI li kI la ya sarba big+h+nAn baM hU~M phaT:_ces gtso bor bzla/_gnyis pa sgrub pa dang srung ba chig sgril ni/_'khor lo'i rtsibs rtse'i me rlung las:_mtshon cha sna lnga'i sprin phung 'phros:_steng 'og phyogs mtshams thams cad kun:_gzhom med srung ba'i gur du 'khrigs:_khro bo 'chol ba'i tshogs kyis gtams:_ye shes drug gi dbyings su rdzogs:_zhes snang srid thams cad ngo bo rdo rje phur pa la rnam pa bud+d+ha he ru ka_/'jam dpal gshin rje/_badz+ra yang dag_/rat+na che mchog_/pad+ma rta mgrin/_karma he ru ka'i rigs/_ma mo dregs 'dul dang drags sngags/_khyab bdag drug pa'i rig 'dzin pad+ma'i dpal dgu'i gtso 'khor dang*/_gtso bo rdo rje gzhon nu'i lus dkyil khro bcu sras mchog ste phur pa'i dkyil 'khor gsum gyi lha tshogs dang*/_dpal dgu'i sku yi gnas lnga las bud+d+ha/_pad+ma/_badz+ra/_rat+na/_karma sing ha mu kha'i sprul pa'i phra man gyi dmag tshogs dang*/_steng gi rtsibs la rdo rje'i khyung chen/_'og tu brgyud gsum dregs pa'i dmag dpung dang bcas pa'i sku las rdo rje 'khor lo nor bu pad+ma ral gri'i tshogs spros te nang nas rim bzhin gur khang phyi nang drug gis go mtshams med par gtams pa'i nang du srung bya thams cad tshud de ye shes drug gi phyag rgya'i cho 'phrul las nam yang 'da' bar med pas bar chad thams cad kyi klag mi rnyed par bsam la/_oM AHhU~M badz+ra gu ru bud+d+ha badz+ra rat+na pad+ma karma kI la ya tip+ta tsakra dz+nyA na rak+Sha rak+Sha b+h+rU~M:_zhes dmigs pa'i gzer dang bcas pas bzla/_gsum pa las sbyor gyi dang po bzlog pa'i dmigs pa ni/_lha tshogs khros 'khrugs rngams pas zhal phyi rol du gzigs pa'i sku las dug mtshon me phung thog ser du gyur te dus mtha'i rlung nag bzhin 'tshubs shing 'khyil bas dgra bo'i yul du song ste nad mtshon dug gi thog char drag pos kha phung rjes med du brlag nas dgra 'dre'i rnam shes dbyings su spar/_phung po 'byung bzhi'i dbyings su bstim/_tshe bsod dbang thang yul mkhar longs spyod gnyen grogs dang bcas pa rtsa spur rlung gi ded pa bzhin rgya mtsho'i mthar nam mkha'i dbyings su dmigs med rgyas btab par bsam la/_chos nyid kyi lta ba'i ngang bskyangs shing*/_oM AHhU~M bud+d+ha badz+ra rat+na pad+ma karma kI la ya sing+ha mu kha badz+ra kro d+ha sarba tsaN+Da sha ri b+h+yo zlog:_dzaHhU~M ba~M hoHb+h+yo a ya ma du ru tsa sha na sha ri b+h+yo zlog:_a la la pra mo ha sha ri b+h+yo zlog:_shan+ti ka shag byer byer sha ri b+h+yo zlog:_badz+ra sarba ga ru Ta rbad 'dre rbod gtong ngan pa thams cad sha ri b+h+yo zlog:_zhes bzlog sngags bgrang*/_gnyis pa bsad dmigs ni/_'og tu rtsib rtser gzir ba yis:_dam sri bdud srin rgyal 'gong gi:_snying gar gnam lcags 'khor lo ni:_rtsibs brgyad rno dbal spu gri'i tshul:_rtse las lcags sdig 'phro bar bsam:_bdag gi thugs nas 'od 'phros pas:_'khor lo g.yas su shugs drag 'khor:_srog rtsa bcad cing snying khrag lhung:_gnam lcags sdig pas khrag la 'jibs:_de rnams ngar bskyed sha rus kun:_hab hab dir dir zos par bsam:_oM AHhU~M badz+ra bud+d+ha badz+ra rat+na pad+ma karma kI la ya tip+ta tsakra bdud srin dam sri rgyal 'gong dur dur:_myog myog:_thuM thuM:_a krag rlag rlag rbad rbad:_mA ra ya trig nan dzaHdzaH_bdud srin dam sri rgyal 'gong thams cad thum shag myog dzaHhU~M ba~M ho:_zhes bzla'o/_de yang srung bzlog bsad pa chig dril byed na snga dro srung dmigs/_phyi dro bzlog dmigs/_srod la bsad dmigs sbyar nas bzla dgos la/_rgyun gyi rnal 'byor la bsnyen sgrub srung ba kho nas chog_/gang ltar yang dbyangs gsal rten snying gis sngags kyi lhag chad bskang zhing byin brlabs brtan par bya/_stong tshig gi mchod bstod dang*/_yig brgya bzla/_tshogs mchod sbyar bar spro na phrin las snying po ltar bya'o/_/gsum pa rjes rim dang po bsdu ldang ni/_snod bcud dkyil 'khor lha tshogs rnams:_bde stong ngo bor 'od zhu nas:_snying ga'i hU~M dang dbyer med 'dres:_de yang mi dmigs 'od gsal ngang:_lha sku 'ja' tshon lta bu yi:_sku gsung thugs kyi phyag rgyar sad:_oM AHhU~M badz+ra kA wA tsi rak+Sha b+h+rU~M:_gnyis pa bsngo smon ni/_hoH_rig 'dzin bla ma'i dkyil 'khor sgrub pa'i mthus:_bdag dang mtha' yas sems can ma lus kun:_phrin las rnam bzhi lhun gyis grub pa dang:_'od gsal chos sku'i dbyings su grol bar shog:_gsum pa shis brjod ni/_rtsa brgyud bla ma'i byin rlabs snying la zhugs:_yi dam mkha' 'gro lus dang grib bzhin 'grogs:_chos skyong srung mas bar chad kun bsal nas:_mchog thun dngos grub 'grub pa'i bkra shis shog:_tshig gi spros pa ches nyung yang*/_/don gnad kun tshang pha lam ste/_/rang nor rang gir bgyi ba'i slad/_/'jug bde'i skal bzang btsas gyur cig_/ces pa'ang rtsod dus bar chad rlung dmar 'tshubs pa'i skabs nor bu 'bum gyi rin thang zil gyis gnon pa'i gdams ngag gi che ba shes pa'i sngags pa mang+ga la'i ming gis nyams su blangs nas yid ches rnyed pa skal bzang chos kyi bshes gnyen rnams kyi ched 'jug bde'i btsas su bklag chog mar bris pa bstan 'gro thams cad yid srub kyi dpung las rnam par rgyal ba'i rgyal mtshan du gyur cig/_//

Footnotes

Other Information