JKCL-KABUM-04-NGA-035

From Khyentse Lineage - A Tsadra Foundation Project
Revision as of 09:03, 7 December 2021 by Mort (talk | contribs)

Wylie title JKCL-KABUM-04-NGA-035.pdf
Location chos kyi blo gros bka' 'bum
Volume 4, Text 35, Pages (Folios 1a1 to )
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. '. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 4: . Bir, H.P.: Khyentse Labrang, 2012.
Genre Guru Yoga Texts - bla ma'i rnal 'byor

1 Texts in this Section (sde tshan or chos tshan)

[edit]
བླ་མ་གསང་བའི་བདག་པོའི་རྣལ་འབྱོར་བདུད་དཔུང་མཐར་བྱེད་ཅེས་བྱ་བ། བླ་མ་གསང་བདག་དཔལ་ལྡན་ཧེ་རུ་ཀར། །གུས་བཏུད་དེ་ཡི་རྣལ་འབྱོར་ཟབ་མོ་ནི། །དད་མོས་སྤྲིན་གྱི་ང་རོ་ལས་ཐོན་པས། །ཐར་འདོད་བློ་གྲོས་གཏི་མུག་གཉིད་དཀྲོག་དབྱེ། །དེ་ལ་འདིར་ཟབ་ལམ་ཉམས་སུ་བླང་བར་འདོད་པས་སྔོན་འགྲོ་སྐྱབས་སེམས་ནི། ངེས་འབྱུང་བྱང་སེམས་ལྡན་པས་བདེ་བའི་སྟན་ལ་འཁོད་དེ། རླུང་རོ་བསལ་ལ་རྣལ་དུ་དབབ་སྟེ་མདུན་མཁར་སྐྱབས་ཡུལ་གསལ་བཏབ་ལ། ན་མོ། བླ་མ་དཔལ་ལྡན་གསང་བའི་བདག །མི་ཕྱེད་གུས་པས་སྐྱབས་སུ་མཆི། །འགྲོ་རྣམས་སངས་རྒྱས་སར་འགོད་ཕྱིར། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་ལན་ཅི་ནུས་དང་། དངོས་གཞི་ནི། ཨ། སྣོད་བཅུད་ཐམས་ཅད་ལྕང་ལོ་ཅན་གྱི་ཞིང་། །མདུན་མཁར་གནམ་སྔོན་འཇའ་འོད་འཁྲིགས་པའི་ཀློང་། །པདྨ་ཉི་མ་བདུད་བཞི་བསྣོལ་སྟེང་དུ། །རྩ་བའི་བླ་མ་འཇམ་དབྱངས་བློ་གཏེར་དབང་། །གསང་བའི་བདག་པོ་དྲང་སྲོང་ཁྲོས་པའི་ཚུལ། །ཞལ་གཅིག་ཕྱག་གཉིས་ཞལ་གདངས་ལྗགས་འདྲིལ་ཞིང་། །སྨར་སྨིན་བསྐལ་པའི་མེ་ལྟར་རབ་ཏུ་འབར། །ཁྲོ་གཉེར་མཆེ་བའི་མྱུ་གུ་རབ་ཏུ་གཙིགས། །སྐུ་ཆེ་ཡན་ལག་རགས་ཤིང་གར་དགུ་ལྡན། །རལ་པ་གྱེན་བརྫེས་སྦྲུལ་རིགས་ལྔ་ཡིས་བརྒྱན། །ཐོད་སྐམ་རུས་རྒྱན་གླང་ཀོ་སྟག་ཤམ་དང་། །དར་སྔོན་སྟོད་གཡོགས་མགོ་རློན་ཕྲེང་བ་གསོལ། །ཞབས་གཉིས་འདོར་སྟབས་མེ་དཔུང་ཀློང་ན་བཞུགས། །ཐུགས་ཀར་ཡེ་ཤེས་སེམས་དཔའ་གསང་བའི་བདག །ཞི་མ་ཁྲོ་ཉམས་སྔོན་པོ་རྡོར་དྲིལ་འཛིན། །དར་དང་རིན་ཆེན་རུས་པའི་རྒྱན་གྱིས་མཛེས། །སེམས་སྐྱིལ་འོད་ཀྱི་གུར་ཁྱིམ་དབུས་ན་བཞུགས། །གནས་གསུམ་ཡིག་འབྲུ་གསུམ་གྱིས་མཚན་པ་ལས། །འོད་འཕྲོས་ཡེ་ཤེས་དབྱིངས་ནས་སྤྱན་དྲངས་གྱུར། །དམ་ཡེ་དབྱེར་མེད་གཟི་བྱིན་ལྷག་པར་འབར། །བྱིན་རླབས་དངོས་གྲུབ་སྩོལ་ལ་དགྱེས་པར་གྱུར། །ཅེས་རྟེན་བསྐྱེད་ལ། ཡན་ལག་བརྒྱད་པ་ནི། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། སོགས་ལན་གསུམ་དང་། དམ་ཚིག་ཉམས་པ་གསོ་བའི་ཕྱིར་རྩ་ལྟུང་བཤགས་པ་དང་བདུད་རྩི་འབེབ་སྦྱོང་གི་དམིགས་པ་བཅས་ཧེ་རུ་ཀའི་ཡིག་བརྒྱ་ཉེར་གཅིག་ལས་མི་ཉུང་བ་བཟླ་ཞིང་། མགོན་པོ་བདག་ནི་སོགས་ཀྱིས་བཤགས་གསོལ་བྱ། མཎྜལ་རྒྱས་བསྡུས་ཅི་རིགས་འབུལ། །གསོལ་འདེབས་ནི། དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་དཔལ་ལྡན་བླ་མ་གསང་བའི་བདག་པོ་ལ་གསོལ་བ་འདེབས་སོ། །བདག་གི་བློ་ཆོས་སུ་འགྲོ་བར་བྱིན་གྱིས་བརླབ་ཏུ་གསོལ། ཆོས་ལམ་དུ་འགྲོ་བར༴ ལམ་འཁྲུལ་པ་ཞི་བར༴ འཁྲུལ་སྣང་ཡེ་ཤེས་སུ་འཆར་བར༴ ཕྱི་ནང་གསང་བའི་བར་དུ་གཅོད་པ་བདུད་སྡེའི་གཡུལ་ལས་རྣམ་པར་རྒྱལ་བར༴ བསམ་པའི་དོན་ཐམས་ཅད་ཆོས་དང་མཐུན་པར་ཡིད་བཞིན་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་གསོལ་བ་ཡང་ཡང་བཏབ། གཞན་ཡང་། འཇམ་དཔལ་དབྱངས་དངོས་བླ་མས་རྗེས་སུ་བཟུང་། །འཆད་རྩོད་རྩོམ་ལ་མི་འཇིགས་བློ་ཡི་གཏེར། །འབྱམས་ཀླས་མདོ་སྔགས་རྒྱ་མཚོའི་བདག་ཉིད་ཆེ། །སྨྲ་དབང་ཆོས་ཀྱི་ཉི་མར་གསོལ་བ་འདེབས། །ཞེས་རྗེའི་ཞལ་གསུང་སོགས་གང་ཤེས་དང་། སྐྱབས་གནས་ཀུན་འདུས་བླ་མ་རིན་པོ་ཆེ། །དྲིན་ཅན་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། །མཉམ་མེད་བཀའ་དྲིན་ཅན་གྱི་ཐུགས་རྗེས་གཟིགས། །འདི་ཕྱི་བར་དོ་ཀུན་ཏུ་བྱིན་གྱིས་རློབས། །ཞེས་པའང་ཅི་ནུས་མཐར། ཐུགས་དམ་རྒྱུད་བསྐུལ་གྱི་བཟླས་པ་ནི། ཨོཾ་ཨཱཿམ་ཧཱ་གུ་རུ་བཛྲ་པཱ་ཎི་ཙཎྜ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཕཊ། ཅེས་བཟླ། མཐར་དབང་བླང་བ་ནི། སྐྱབས་གནས་ཀུན་འདུས་སོགས་ཀྱི་གསོལ་འདེབས་ལན་གསུམ་དང་། གསལ་སྟོང་ཟུང་འཇུག་སྤྲོས་བྲལ་ལྟ་བ་རྟོགས། །ཡེངས་མེད་འཛིན་མེད་སྒོམ་པ་ལམ་དུ་ཁྱེར། །སྡོམ་པ་གསུམ་གྱི་ཀུན་སྤྱོད་རྣམ་པར་དག །དབང་བཞིའི་འབྲས་བུ་ཚེ་འདིར་འགྲུབ་པར་ཤོག །བླ་མའི་གནས་གསུམ་ཡི་གེ་འབྲུ་གསུམ་ལས། །དཀར་དམར་མཐིང་གའི་འོད་ཟེར་བདུད་རྩིའི་རྒྱུན། །རིམ་དང་ཅིག་ཅར་བྱུང་ཞིང་ཐིམ་པ་དང་། །སྒྲིབ་པ་བཞི་དག་དབང་བཞི་ཐོབ་པ་དང་། །ལམ་བཞི་བསྒོམ་ཞིང་སྐུ་བཞིའི་ས་བོན་བཞག །མཐར་ནི་བླ་མ་རང་ཐིམ་དབྱེར་མེད་ངང་། །སེམས་ཉིད་གཉུག་མའི་རང་ཞལ་མངོན་དུ་གྱུར། །ཞེས་གཟུང་འཛིན་གྱི་རྟོག་པའི་རྡུལ་དང་བྲལ་བའི་ངང་ཅི་གནས་སུ་བཞག་ལ། ཐུན་ལས་ལྡང་བ་ན། སངས་རྒྱས་ཀུན་འདུས་ཕྱི་ཡི་བླ་མ་དང་། །སེམས་ཉིད་འོད་གསལ་ནང་གི་བླ་མ་དང་། །རང་བཞིན་སྤྲོས་བྲལ་དོན་གྱི་བླ་མ་གསུམ། །དབྱེར་མེད་སྙིང་པོའི་བླ་མ་རྟོགས་པར་ཤོག །སྐྱེ་བ་ཀུན་ཏུ༴ སོགས་ཀྱི་སྨོན་ལམ་ཅི་ཤེས་དང་། རྗེས་སྤྱོད་བླ་མའི་ལམ་ཁྱེར་དང་མ་བྲལ་བར་བྱའོ། །དགེ་འདིས་བླ་མ་གསང་བདག་གིས། །འབྲལ་མེད་རྗེས་སུ་འཛིན་པ་དང་། །ཟབ་རྒྱས་གདམས་པའི་བཅུད་ཐོབ་ཅིང་། །ལམ་གྱི་བར་ཆད་བསལ་དུ་གསོལ། །ཚུལ་འདི་ཤིང་ལུག་ཟླ་༨ཚེས་༢༠ལ། །མོས་གུས་སྦྲང་རྩིའི་ཟིལ་དངར་ནི། །ཅུང་ཟད་སྤྲོས་ལས་བྱུང་བ་འདི། །ཆོས་ཀྱི་བློ་གྲོས་ཞེས་བྱས་བྲིས། སརྦ་མངྒ་ལཾ།། །།
[edit]

bla ma gsang ba'i bdag po'i rnal 'byor bdud dpung mthar byed ces bya ba/__bla ma gsang bdag dpal ldan he ru kar/__/gus btud de yi rnal 'byor zab mo ni/__/dad mos sprin gyi nga ro las thon pas/__/thar 'dod blo gros gti mug gnyid dkrog dbye/__/de la 'dir zab lam nyams su blang bar 'dod pas sngon 'gro skyabs sems ni/__nges 'byung byang sems ldan pas bde ba'i stan la 'khod de/__rlung ro bsal la rnal du dbab ste mdun mkhar skyabs yul gsal btab la/__na mo/__bla ma dpal ldan gsang ba'i bdag__/mi phyed gus pas skyabs su mchi/__/'gro rnams sangs rgyas sar 'god phyir/__/byang chub mchog tu sems bskyed do/__/zhes lan ci nus dang /__dngos gzhi ni/__a/__snod bcud thams cad lcang lo can gyi zhing /__/mdun mkhar gnam sngon 'ja' 'od 'khrigs pa'i klong /__/pad+ma nyi ma bdud bzhi bsnol steng du/__/rtsa ba'i bla ma 'jam dbyangs blo gter dbang /__/gsang ba'i bdag po drang srong khros pa'i tshul/__/zhal gcig phyag gnyis zhal gdangs ljags 'dril zhing /__/smar smin bskal pa'i me ltar rab tu 'bar/__/khro gnyer mche ba'i myu gu rab tu gtsigs/__/sku che yan lag rags shing gar dgu ldan/__/ral pa gyen brdzes sbrul rigs lnga yis brgyan/__/thod skam rus rgyan glang ko stag sham dang /__/dar sngon stod g.yogs mgo rlon phreng ba gsol/__/zhabs gnyis 'dor stabs me dpung klong na bzhugs/__/thugs kar ye shes sems dpa' gsang ba'i bdag__/zhi ma khro nyams sngon po rdor dril 'dzin/__/dar dang rin chen rus pa'i rgyan gyis mdzes/__/sems skyil 'od kyi gur khyim dbus na bzhugs/__/gnas gsum yig 'bru gsum gyis mtshan pa las/__/'od 'phros ye shes dbyings nas spyan drangs gyur/__/dam ye dbyer med gzi byin lhag par 'bar/__/byin rlabs dngos grub stsol la dgyes par gyur/__/ces rten bskyed la/__yan lag brgyad pa ni/__dkon mchog gsum la bdag skyabs mchi/__sogs lan gsum dang /__dam tshig nyams pa gso ba'i phyir rtsa ltung bshags pa dang bdud rtsi 'beb sbyong gi dmigs pa bcas he ru ka'i yig brgya nyer gcig las mi nyung ba bzla zhing /__mgon po bdag ni sogs kyis bshags gsol bya/__maN+Dal rgyas bsdus ci rigs 'bul/__/gsol 'debs ni/__dus gsum sangs rgyas thams cad 'dus pa'i ngo bo dpal ldan bla ma gsang ba'i bdag po la gsol ba 'debs so/__/bdag gi blo chos su 'gro bar byin gyis brlab tu gsol/__chos lam du 'gro bar=__lam 'khrul pa zhi bar=__'khrul snang ye shes su 'char bar=__phyi nang gsang ba'i bar du gcod pa bdud sde'i g.yul las rnam par rgyal bar=__bsam pa'i don thams cad chos dang mthun par yid bzhin du 'grub par byin gyis brlab tu gsol/__/zhes gsol ba yang yang btab/__gzhan yang /__'jam dpal dbyangs dngos bla mas rjes su bzung /__/'chad rtsod rtsom la mi 'jigs blo yi gter/__/'byams klas mdo sngags rgya mtsho'i bdag nyid che/__/smra dbang chos kyi nyi mar gsol ba 'debs/__/zhes rje'i zhal gsung sogs gang shes dang /__skyabs gnas kun 'dus bla ma rin po che/__/drin can chos kyi rje la gsol ba 'debs/__/mnyam med bka' drin can gyi thugs rjes gzigs/__/'di phyi bar do kun tu byin gyis rlobs/__/zhes pa'ang ci nus mthar/__thugs dam rgyud bskul gyi bzlas pa ni/__oM AHma hA gu ru badz+ra pA Ni tsaN+Da sarba sid+d+hi pha la hU~M phaT/__ces bzla/__mthar dbang blang ba ni/__skyabs gnas kun 'dus sogs kyi gsol 'debs lan gsum dang /__gsal stong zung 'jug spros bral lta ba rtogs/__/yengs med 'dzin med sgom pa lam du khyer/__/sdom pa gsum gyi kun spyod rnam par dag__/dbang bzhi'i 'bras bu tshe 'dir 'grub par shog__/bla ma'i gnas gsum yi ge 'bru gsum las/__/dkar dmar mthing ga'i 'od zer bdud rtsi'i rgyun/__/rim dang cig car byung zhing thim pa dang /__/sgrib pa bzhi dag dbang bzhi thob pa dang /__/lam bzhi bsgom zhing sku bzhi'i sa bon bzhag__/mthar ni bla ma rang thim dbyer med ngang /__/sems nyid gnyug ma'i rang zhal mngon du gyur/__/zhes gzung 'dzin gyi rtog pa'i rdul dang bral ba'i ngang ci gnas su bzhag la/__thun las ldang ba na/__sangs rgyas kun 'dus phyi yi bla ma dang /__/sems nyid 'od gsal nang gi bla ma dang /__/rang bzhin spros bral don gyi bla ma gsum/__/dbyer med snying po'i bla ma rtogs par shog__/skye ba kun tu=__sogs kyi smon lam ci shes dang /__rjes spyod bla ma'i lam khyer dang ma bral bar bya'o/__/dge 'dis bla ma gsang bdag gis/__/'bral med rjes su 'dzin pa dang /__/zab rgyas gdams pa'i bcud thob cing /__/lam gyi bar chad bsal du gsol/__/tshul 'di shing lug zla 8tshes 20la/__/mos gus sbrang rtsi'i zil dngar ni/__/cung zad spros las byung ba 'di/__/chos kyi blo gros zhes byas bris/__sarba mang+ga laM//____//

Footnotes

Other Information