JKW-KABUM-23-'A-003-014

From Khyentse Lineage - A Tsadra Foundation Project
Revision as of 11:54, 13 July 2021 by Mort (talk | contribs)

JKW-KABUM-23-'A-003-014

Wylie title JKW-KABUM-23-'A-003.pdf
Location mkhyen brtse'i bka' 'bum
Volume 23, sde tshan 3, Text 14, Pages (Folios to )
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation 'jam dbyangs mkhyen brtse'i dbang po. '. In jam dbyangs mkhyen brtse'i dbang po'i bka' 'bum, Vol. 23: . Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Advice - zhal gdams
[edit]
ཕྱོགས་དུས་རྒྱལ་བ་སོགས་ཀྱི་དབུ་ཅན། ཕྱོགས་དུས་རྒྱལ་བ་སྲས་བཅས་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་མ་ལུས་འདུས་པའི་དངོས། །དྲན་པས་གདུང་སེལ་དཔལ་ལྡན་བླ་མ་ལ། །མི་ཕྱེད་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །གསོལ་བ་འདེབས་སོ་དྲིན་ཅན་ཆོས་ཀྱི་རྗེ། །བྱིན་གྱིས་རློབས་ཤིག་རྩ་བརྒྱུད་བླ་མའི་ཚོགས། །དངོས་གྲུབ་སྩོལ་ཅིག་དམ་ཅན་རྒྱ་མཚོའི་ཚོགས། །སྙིང་ནས་དྲན་ནོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །དལ་འབྱོར་རྙེད་དཀའ་ནམ་འཆི་ངེས་མེད་དང་། །འཁོར་བའི་སྡུག་བསྔལ་དྲན་པའི་ངེས་འབྱུང་གིས། །ལས་འབྲས་བླང་དོར་ཚུལ་བཞིན་བརྩོན་པ་དང་། །བྱང་ཆུབ་སེམས་གཉིས་འབྱོང་བར་བྱིན་གྱིས་རློབས། །དབང་གིས་རྒྱུད་སྨིན་དམ་ཚིག་རྣམ་པར་དག །བསྐྱེད་པའི་རིམ་པས་ཅིར་སྣང་ལྷ་སྐུར་ཤར། །རྫོགས་རིམ་ཟབ་མོས་རླུང་སེམས་དབུ་མར་ཐིམ། །བདེ་ཆེན་ཡེ་ཤེས་འགྲུབ་པར་བྱིན་གྱིས་རློབས། །ཀ༷་ད༷ག་ཁྲེགས་ཆོད་གནས་ལུགས་མངོན་དུ་གྱུར། །ལྷུན་གྲུབ་ཐོད་རྒལ་རིག་པ་ཚད་ལ་ཕེབས། །ཟུང་འཇུག་ཁྱད་ཆོས་དྲུག་ལྡན་གཉུག་མའི་ཀློང་། །གདོད་མའི་གཏན་སྲིད་ཟིན་པར༴ གཟུང་འཛིན་སྤྲོས་བྲལ་དབུ་མ་ཆེན་པོའི་གཞི༷། །རང་བྱུང་རིག་པ་ཕྱག་རྒྱ་ཆེན་པོའི་ལ༷མ། །དབྱིངས་རིག་དབྱེར་མེད་འོད་གསལ་རྫོགས་པ་ཆེའི། །འབྲ༷ས་བུ༷་མངོན་དུ་འགྱུར་བར༴ བསམ་གྱིས་མི་ཁྱབ་ལྟ༷་བ༷འི་གནས་ལུགས་མཐོང་། །དེ་ཉིད་ངང་གཞག་སྒོམ་པའི་རྩལ་ཆེན་རྫོགས། །ཤར་གྲོལ་དུས་མཉམ་སྤྱོད༷་པ༷་མཐར་ཕྱིན་ནས། །འཁོར་འདས་སྤང་བླང་བྲལ་བར༴ ངོ༷་བོ༷་ཆོ༷ས་སྐུའི་དབྱིངས་ལས་མ་གཡོས་བཞིན། །ར༷ང་བཞི༷ན་ལོངས་སྤྱོད་རྫོགས་སྐུའི་ཡེ་ཤེས་དང་། །ཐུ༷གས་རྗེ༷་སྤྲུལ་པའི་རྣམ་འཕྲུལ་བསམ་ཡས་ཀྱིས། །རང་གཞན་དོན་གཉིས་འགྲུབ་པར་བྱིན༴ གཞན་ཡང་གནས་སྐབས་ཆོས་བཞིན་སྤྱོད་པ་ལ། །ཕྱི་ནང་གསང་བའི་འགལ་རྐྱེན་ཀུན་ཞི་ཞིང་། །མཐུན་རྐྱེན་མ་ལུས་ཕུན་སུམ་ཚོགས་པ་ཡིས། །དགེ་མཚན་སྣང་བ་རྒྱས་པའི་བཀྲ་ཤིས་ཤོག །ཅེས་པའང་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་ཞལ་གདམས་སྨོན་ལམ་གྱི་ཚུལ་དུ་བྲིས་པ་དོན་དང་ལྡན་པར་གྱུར་ཅིག །མངྒ་ལཾ། ། ༈
[edit]

phyogs dus rgyal ba sogs kyi dbu can/__ phyogs dus rgyal ba sras bcas sku gsung thugs/__/yon tan phrin las ma lus 'dus pa'i dngos/__/dran pas gdung sel dpal ldan bla ma la/__/mi phyed sgo gsum gus pas phyag 'tshal lo/__/gsol ba 'debs so drin can chos kyi rje/__/byin gyis rlobs shig rtsa brgyud bla ma'i tshogs/__/dngos grub stsol cig dam can rgya mtsho'i tshogs/__/snying nas dran no thugs rje'i spyan gyis gzigs/__/dal 'byor rnyed dka' nam 'chi nges med dang /__/'khor ba'i sdug bsngal dran pa'i nges 'byung gis/__/las 'bras blang dor tshul bzhin brtson pa dang /__/byang chub sems gnyis 'byong bar byin gyis rlobs/__/dbang gis rgyud smin dam tshig rnam par dag__/bskyed pa'i rim pas cir snang lha skur shar/__/rdzogs rim zab mos rlung sems dbu mar thim/__/bde chen ye shes 'grub par byin gyis rlobs/__/kaX daXg khregs chod gnas lugs mngon du gyur/__/lhun grub thod rgal rig pa tshad la phebs/__/zung 'jug khyad chos drug ldan gnyug ma'i klong /__/gdod ma'i gtan srid zin par=__gzung 'dzin spros bral dbu ma chen po'i gzhiX/__/rang byung rig pa phyag rgya chen po'i laXm/__/dbyings rig dbyer med 'od gsal rdzogs pa che'i/__/'braXs buX mngon du 'gyur bar=__bsam gyis mi khyab ltaX baX'i gnas lugs mthong /__/de nyid ngang gzhag sgom pa'i rtsal chen rdzogs/_/shar grol dus mnyam spyodaX paX mthar phyin nas/__/'khor 'das spang blang bral bar=__ngoX boX choXs sku'i dbyings las ma g.yos bzhin/__/raXng bzhiXn longs spyod rdzogs sku'i ye shes dang /__/thuXgs rjeX sprul pa'i rnam 'phrul bsam yas kyis/__/rang gzhan don gnyis 'grub par byin=__gzhan yang gnas skabs chos bzhin spyod pa la/__/phyi nang gsang ba'i 'gal rkyen kun zhi zhing /__/mthun rkyen ma lus phun sum tshogs pa yis/__/dge mtshan snang ba rgyas pa'i bkra shis shog__/ces pa'ang 'jam dbyangs bla ma dgyes pa'i 'bangs mkhyen brtse'i dbang pos zhal gdams smon lam gyi tshul du bris pa don dang ldan par gyur cig__/mang+ga laM/___/__!_

Footnotes

Other Information