ཆོས་སྒྲུང་ནོར་བུའི་བང་མཆོད་ལསཿ སྒྲོལ་དཀར་ལ་བརྟེན་པའི་ཚེ་དབང་འཆི་མེད་བདུད་རྩིའི་བཅུད་འདྲེནཿ

From Khyentse Lineage - A Tsadra Foundation Project
Revision as of 11:24, 27 June 2024 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)
Wylie title chos sgrung nor bu'i bang mchod las sgrol dkar la brten pa'i tshe dbang 'chi med bdud rtsi'i bcud 'dren
Location mdo mkhyen brtse bka' 'bum
Volume 5, Text 25, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Longevity Empowerment - tshe dbang
Cycle ཆོས་སྒྲུང་ནོར་བུའི་བང་མཛོད་ (chos sgrung nor bu'i bang mdzod)
Deity sgrol ma dkar mo
Colophon

བདག་འདྲ་གཏེར་མིང་འགྲོ་འདུལ་གླིང་པར་བླ་མ་པདྨ་ཐོད་ཕྲེང་རྩལ་གྱིས་གནང་བཞིན་ལོ་གཅིག་གསང་རྒྱ་བྱས་ཏེ་སླར་སྐྱབས་མགོན་བླ་མའི་བཀས་བསྐུལ་བཞིན་དག་ཕར་ཕབ་པའོ༔ བླ་མའི་སྐུ་ཚེ་བསྟན་པའི་ཆ་རྐྱེན་དུ་གྱུར་ཅིག༔ དགེའོ༔

bdag 'dra gter ming 'gro 'dul gling par bla ma pad+ma thod phreng rtsal gyis gnang bzhin lo gcig gsang rgya byas te slar skyabs mgon bla ma'i bkas bskul bzhin dag phar phab pa'o:_bla ma'i sku tshe bstan pa'i cha rkyen du gyur cig:_dge'o:_

[edit]
༄༅། །ཆོས་སྒྲུང་ནོར་བུའི་བང་མཆོད་ལསཿ སྒྲོལ་དཀར་ལ་བརྟེན་པའི་ཚེ་དབང་འཆི་མེད་བདུད་རྩིའི་བཅུད་འདྲེན་ཞེས་བྱ་བ་བཞུགས་སོཿ

༄༅།« །ཨཱརྱ་ཏཱ་རེ་མ་ལ་འདུད༔ གཞན་དོན་ཚེ་ཡི་དབང་བསྐུར་བརཿ འདོད་ན་ཡུལ་དུས་དང་བསྟུན་པའི༔ དཀྱིལ་འཁོར་དབུས་སུ་བུམ་པ་དང་༔ གཡས་སུ་ཚེ་ཟན་གཡོན་ཚེ་ཆང་༔ མདུན་དུ་ཚེ་གཏོར་བུམ་པའི་དབྱིབས༔ རྒྱབ་ཏུ་ཚེ་མདའ་དང་བཅས་བཀོད༔ ཕྱི་ནང་མཆོད་པས་མཐའ་བསྐོར་ཞིང་༔ ཚེ་འཕེལ་འཁོར་ལོའི་གཟུང་བསྲིང་ནས༔ བསྙེན་བསྒྲུབ་ཚེ་སྡུད་རྟགས་ཐོན་རྗེས༔ ལས་བུམ་བསྒྲུབ་ཅིང་བདག་འཇུག་བླངས༔ དེ་ནས་སློབ་མ་མདུན་དུ་འཁོད༔ ཁྲུས་བྱས་བགེགས་བསྐྲད་བསྲུང་འཁོར་བསྒོམ༔ མེ་ཏོག་བཀྱེ་བསྡུ་སྤྱི་ལྟར་ལ༔ ཐོག་མར་ཆོས་བཤད་གང་འཚམས་ལྟར༔ སྐབས་སུ་བབས་པའི་མཚམས་སྦྱོར་ནི༔ »དེ་ལའང་འཆི་མེད་བསྒྲུབ་པའི་ཆོས་ཀྱི་རྣམ་གྲངས་མང་དུ་བསྟན་པ་རྣམས་ཀྱི་ནང་ནས༔ ཞལ་ནས་གསུངས་པའི་བཀའ་མ༔ རྗེས་སུ་གནང་བའི་གཏེར་མ༔ བྱིན་གྱིས་བརླབས་པའི་དག་སྣང་མ་སྟེ་བརྒྱུད་པའི་བཀའ་སྲོལ་ཆེན་པོ་གསུམ་དུ་གྲགས་པའི་ནང་ཚན་ལས༔ ཁྱད་པར་དུ་འགྱུར་པ་འདི་ནི་རིག་འཛིན་ཆེན་པོ་བྱང་ཆུབ་གླིང་པའམ་ཀུན་བཟང་གཞན་ཕན་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ཀྱི་སྐྱེ་ཕྲེང་གཉིས་པ་ཡང་གསང་ཐུགས་ཐིག་གི་བཀའ་བབ་གཉིས་པ་གཏེར་སྟོན་འགྲོ་འདུལ་གླིང་པ་ལ་ཐོག་མར་ཁམས་ཀྱི་ཙ་རི་ཊ་ནས་བརྡ་རྟགས་ཤར་བ་ལྟར་ལོ་གསུམ་གསང་རྒྱས་བཏབ་སྟེ༔ ཕྱིས་སུ་གདུག་པ་ལྕགས་ཕག་ལོར་རོང་ལ་ཆེན་གཏེར་གནས་རྒྱལ་མོ་དམུ་རྡོ་རུ་གཏེར་ཆེན་ཁྲག་འཐུང་བདེ་བའི་རྡོ་རྗེ་དང་ཡབ་སྲས་ཟུང་དུ་འཛོམས་པའི་ཚེ་མ་ཅིག་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཆེན་མོ་ཡིས་མཚོ་རྒྱལ་གྱིས་ཌཱཀྐི་བརྡ་རིས་ལས་གཏད་བཞིན་ཧོར་ཟླ་དྲུག་པའི་ཚེས་བཅུའི་དུས་ཆེན་ལ་གཏེར་ཆེན་བླ་མའི་རྗེས་སུ་གནང་ཞིང་བསྐུལ་མ་མཛད་པ་ལྟར་རྟེན་འབྲེལ་བཟང་པོའི་མཚམས་སྦྱར་དང་བཅས་དག་པར་ཕབ་པའི་ཆོས་སྒྲུང་ནོར་བུའི་བང་མཛོད་ཀྱི་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོས་སྡེ་ལས་བྱུང་བའི་ཚེ་སྒྲུབ་འདི་ཉིད་ནི༔ རང་གཞུང་ལས༔ ཐུགས་རྗེ་ལྡན་པའི་སློབ་དཔོན་གང་ཞིག་གིས༔ མོས་གུས་ལྡན་པའི་རྡོ་རྗེ་སློབ་མ་ལ༔ ཚེ་སྒྲུབ་ཚེ་དབང་འདི་བྱས་འཆི་བ་བསླུ༔ ཚེ་ཟད་གྱུར་ཀྱང་ལོ་བདུན་ཚེ་བསྲིང་ན༔ དུས་མིན་འཆི་བ་བཟློག་པར་ཐེ་ཚོམ་མེད༔ ཞེས་གསུངས་པ་བཞིན་བྱིན་རླབས་དང་ནུས་པ་ཁྱད་པར་དུ་འཕགས་པའི་ཚེ་དབང་ཟབ་མོ་བྱེད་པ་ལ་རྡོ་རྗེ་སློབ་དཔོན་གྱི་བྱ་བ་དང་སློབ་མའི་བྱ་བ་གཉིས་སུ་ཡོད་པ་ལས༔ ཐོག་མར་སློབ་དཔོན་གྱི་བགྱི་འོས་རྣམས་སྔོན་དུ་སྟེ༔ ཁྱོད་རང་རྣམས་ཀྱིས་ངོ་སྐལ་དུ་གྱུར་བས་ཞིང་ཁམས་རྒྱ་ཆེན་འབུལ་བར་མཛོད༔ «བྱས་ལ་མཎྜལ་དབུལ་དུ་གཞུག་ནས༔» དེ་ལ་ཐོག་མར་སྐྱབས་སུ་འགྲོ་བ་དང་མཆོད་པ་འབུལ་བས་ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་ལྟུང་བཤགས་པ༔ གཞན་གྱི་དགེ་བ་ལ་རྗེས་སུ་ཡི་རང་བ༔ སྨོན་འཇུག་གི་སེམས་བསྐྱེད་པ་སོགས་དབང་གི་གཞི་རྟེན་དུ་མེད་དུ་མི་རུང་བ་ལགས་པས༔ མདུན་གྱི་ནམ་མཁར་བླ་མ་དང་དབྱེར་མེད་པའི་རྗེ་བཙུན་ཨཱརྱ་ཏཱ་ཏེ་དཀར་མོ་ལ་འཁོར་ཚོགས་སྤྲིན་གྱི་ཕུང་པོ་གཏིབ་པ་བཞིན་བཞུགས་པའི་དྲུང་དུ་ཚིག་དོན་ཡིད་ལ་བརྣག་པའི་སྒོ་ནས་འདིའི་རྗེས་ཟློས་གྱིས༔ དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ སྡིག་པ་མི་དགེ་སོ་སོར་བཤགས༔ འགྲོ་བའི་དགེ་ལ་རྗེས་ཡི་རང་༔ སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་༔ སངས་རྒྱས་ཆོས་དང་ཚོགས་མཆོག་ལ༔ བྱང་ཆུབ་བར་དུ་བདག་སྐྱབས་མཆི༔ རང་གཞན་དོན་གཉིས་རབ་བསྒྲུབ་ཅིང་༔ བྱང་ཆུབ་སེམས་ནི་བསྐྱེད་པར་བགྱིཿ བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས༔ སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར༔ བྱང་ཆུབ་སྤྱོད་མཆོག་ཡིད་འོད་སྤྱད་པར་བགྱི༔ འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག༔ «ལན་གསུམ་བརྗོད༔» སླར་ཡང་ཚེའི་དབང་བསྐུར་ཟབ་མོ་ཞུ་བའི་དོན་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད༔ འཆི་མེད་ཚེ་ཡི་ལྷ་མོ་དཔལ་ལྡན་མ༔ དུས་མིན་འཆི་བའི་འཇིགས་ལས་སྐྱོབས་པའི་ཕྱིར༔ བརྩེ་བའི་ཐུགས་རྗེའི་མྱུར་བར་དགོངས་མཛོད་ལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལཿ རྒས་མེད་ལང་ཚོ་བདེ་བའི་དངོས་གྲུབ་སྩོལ༔ ནད་མེད་བདེ་སྐྱིད་ལྡན་པའི་དངོས་གྲུབ་སྩོལ༔ «ལན་གསུམ་ཞུས་ནས་ཡེ་ཤེས་དབབ༔ ཞེས་གསུངས་པས༔ »ཁྱེད་རང་རྣམས་ཀྱི་རྣམ་སྨིན་གྱི་ཕུང་པོ་སྦྱངས་དགོས་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད་ཅིག༔ ཨོཾ་སྭཱ་བྷ་ཝ་ཤུདྡྷེ་སརྦ་དྷརྨཱ་སྭཱ་བྷ་ཝ་ཤུདྡྷོ྅ཧཾ༔ སློབ་དཔོན་རྗེ་བཙུན་མར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ ཤ་ཁྲག་གདོས་བཅས་ཀྱི་ཕུང་པོ་དབང་ཡུལ་དང་བཅས་པ་སྟོང་པར་སྦྱངས༔ སྟོང་པའི་ངང་ལས་ཁྱེད་རང་རྣམས་ཀྱི་རང་བྱུང་རིག་པའི་ངོ་བོ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དཀར་གསལ་ཞལ་གཅིག་མཛེས་འཛུམ་བཞད་ཅིང་༔ ཕྱག་གཉིས་གཡས་པའི་མཆོག་སྦྱིན་དང་གཡོན་ཚེ་ཡི་བུམ་པ་བདུད་རྩིའི་གང་བ་བསྣམས་པ༔ ཞབས་གཉིས་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་འགྲོ་ལ་བརྩེ་བའི་སྤྱན་བདུན་བཀྲ་བ༔ དར་དང་རིན་པོ་ཆེའི་རྒྱན་ཆ་དུ་མས་སྤྲས་ཤིང་པདྨ་དང་ཟླ་བའི་གདན་ལ་འོད་དང་འོད་ཟེར་མུ་མཐའ་མེད་པར་འཕྲོ་བར་བཞུགས་པ་ལ་བཅོ་ལྔའི་ཟླ་བའི་རྒྱབ་ཡོལ་རྩལ་སྣང་ལ་རང་བཞིན་མེད་པར་གསལ་བའི་སྤྱི་བོར་ཨོཾ༔ མགྲིན་པར་ཨཱ༔ ཐུགས་ཀར་ཧཱུྃ༔གིས་མཚན་པ་ལས་འོད་ཟེར་འཕྲོས་པའི་ཆོས་ལོངས་སྤྲུལ་བའི་ཞིང་དང་པོ་ཊ་ལ་དང་གཡུ་ལོ་བཀོད་པ་ནས་ཡེ་ཤེས་ཀྱི་ལྷ་ཚོགས་སྤྲིན་གྱི་ཕུང་པོ་ལྟར་སྤྱན་དྲངས་བར་མོས་ལ༔ «ཌཱ་དྲིལ་དང་བཅས༔ »ཧྲཱི༔ སྤྲོས་བྲལ་བདེ་ཆེན་འོད་མི་འགྱུར་བ་ནས༔ གདོད་མའི་སྟོང་ཆེན་ཀུན་ཏུ་བཟང་མོའི་གར༔ ངེས་པ་ལྔ་ལྡན་ལྷུན་གྲུབ་རྟག་པའི་ཞིང་༔ ལོངས་སྤྱོད་རྫོགས་སྐུར་བཛྲ་ཝཱ་ར་ཧི༔ གང་འདུལ་མ་ངེས་སྤྲུལ་པའི་རོལ་གར་ལས༔ ཚེ་དང་ཡེ་ཤེས་མཆོག་སྦྱིན་ཚེ་ཡི་ལྷ༔ ཨཱརྱ་ཏཱ་རེ་སྤྲུལ་དང་ཡང་སྤྲུལ་བཅས༔ ཉི་ཟེར་རྡུལ་ལྟར་འཁྲིགས་བཞིན་འདིར་སྤྱོན་ལ༔ སྙིང་རྗེའི་རང་གདངས་སྣ་ཚོགས་སྒྱུ་འཕྲུལ་གར༔ རིན་ཆེན་དར་དཔྱངས་རྒྱན་ཆ་པུ་རུ་རུ༔ མ་དང་ཌཱཀྐིའི་གར་སྟབས་ཤིགས་སེ་ཤིག༔ རོལ་མོ་སིལ་སྙན་གླུ་ལེན་འུ་རུ་རུ༔ དྲི་ཞིམ་སྤོས་ཀྱི་ངད་པ་ཐུ་ལུ་ལུ༔ རྣལ་འབྱོར་ཉམས་ཀྱི་སྣང་བ་ཤག་མ་ཤིག༔ ཕྱི་སྣོད་ཡུམ་ལྔའི་ཞིང་དུ་ཏ་ལ་ལ༔ ནང་བཅུད་འོད་ལྔའི་ཕུང་པོར་པ་ལ་ལ༔ གསང་བ་མཉམ་ཉིད་ཀློང་དུ་ཆམས་སེ་ཆམ༔ སྲིད་གསུམ་སངས་རྒྱས་ཞིང་དུ་ཨ་ལ་ལ༔ ལྷ་ཚོགས་ཐམས་ཅད་རྡོ་རྗེའི་སློབ་མ་ལྷར་གསལ་བ་ལ་སིབ་སིབ་ཐིམས་པས་རྒྱུད་བྱིན་གྱིས་བརླབས་པར་མོས་ལ༔ ཨོཾ་ཨཱརྱ་ཏཱ་རེ་ཛྙཱ་ན་ཌཱཀྐི་སརྦ་ས་མ་ཡ་ཨ་ཝེ་ཤ་ཡ་ཕཻཾ་ཕཻཾ༔ «བྱིན་དབབ་ཅིང་»ཏིཥྛ་བཛྲ་«གྱིས་བསྟན་པར་བྱ༔» དེ་ནས་སླར་ཡང་རྗེ་བཙུན་མ་ལ་བསྟོད་པ་འདིའི་རྗེས་ཟློས་མཛོད༔ ཨོཾ་འཁོར་བ་ལས་སྒྲོལ་ཏཱ་རེ་མ༔ ཏུཏྟ་ར་ཡིས་འཇིགས་བརྒྱད་སྒྲོལ། །ཏུ་རེས་ན་བ་རྣམས་ལ་སྒྲོལ། །སྒྲོལ་མ་ལ་ཡང་ཕྱག་འཚལ་བསྟོད། །པདྨ་དཀར་པོའི་དབུས་གནས་པའི། །ཟླ་བའི་གཟུགས་ཀྱི་གདན་སྟེང་དུ། །རྡོ་རྗེ་སྐྱིལ་ཀྲུང་བཅས་མཛད་མ། །མཆོག་སྦྱིན་མ་ལ་ཕྱག་འཚལ་བསྟོད། །སྟོན་ཀའི་ཟླ་བའི་མདོག་འདྲ་ཞིང༌། །ཟླ་བ་ལ་ནི་རྒྱབ་བརྟེན་མ། །རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །ཨུཏྤལ་བསྣམས་ལ་ཕྱག་འཚལ་བསྟོད། །བཅུ་དྲུག་ལོ་ལོན་ལུས་དང་ལྡན། །རྫོགས་སངས་རྒྱས་ཀུན་དེ་ཡི་སྲས། །འདོད་སྦྱིན་སྐུ་ནི་འཆང་བའི་ཡུམ། །འཕགས་མ་སྒྲོལ་མ་ལ་ཕྱག་འཚལ། །འཁོར་ལོ་དཀར་པོ་འོད་ཟེར་དཀར༔ རྩིབས་བརྒྱད་ལ་ནི་ཡི་གེ་བརྒྱད། །ཡོངས་སུ་འཁོར་བའི་རྣམ་པ་ཅན། །འཁོར་ལོ་ཅན་ལ་ཕྱག་འཚལ་ལོ། །ཞིང་ཁམས་ཐམས་ཅད་ཡོངས་སུ་དག་པ་ལ། །རིན་ཆེན་མེ་ཏོག་མང་པོ་གཅལ་དུ་བཀྲམ། །དུས་གསུམ་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ། །ཡུམ་གྱུར་སྒྲོལ་མ་ཁྱོད་ལ་ཕྱག་འཚལ་ལོ། «།དེ་ནས་སླར་ཡང་ཚེ་འགུགས་པ་ནི༔ »བདག་ཉིད་ཚེ་ཡི་ལྷ་མོར་གསལ་བའི་ཐུགས་ཀའི་ཧྲཱི༔ ཡིག་ལས་འོད་ཟེར་འཕྲོས་པས༔ དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དང་༔ ལྷ་དང་དྲང་སྲོང་མཐུ་བོ་ཆེ༔ ཕྱི་སྣོད་ཕུང་ལྔ་འབྱུང་ལྔ་ཐམས་ཅད་ཀྱི་དྭངས་མ༔ ཚེ་དང་བྱིན་རླབས་ཐམས་ཅད་འུབ་ཀྱིས་བསྡུས་ནས་བསྲུང་བྱ་རྣམས་ལ་བསྟིམ་པས་མི་འགྱུར་མི་ཤིགས་མི་ནུབ་པའི་ཚེ་རྡོ་རྗེ་ཆོས་ཁམས་ལྟ་བུར་དབང་འབྱོར་བའི་མོས་པ་མཛོད་ཅིག༔ «ཅེས་བརྡ་སྦྱར་ལ་ཚེ་འགུགས་པ་ནི༔ མདའ་དར་གཡབ་ཅིང་༔» ཧྲཱི༔ དབུས་ཕྱོགས་གཡོ་བ་མེད་པའི་ཞིང་ཁམས་ནས༔ སངས་རྒྱས་རིགས་ཀྱི་མཁའ་འགྲོ་ཚེ་ཡི་ལྷ༔ དཀར་མོ་འབུམ་ཕྲག་གཡོ་བའི་ཌཱཀྐི་མས༔ མི་འགྱུར་མི་ཤིགས་ཚེ་ཡི་དངོས་གྲུབ་སྩོལ༔ «རྩ་སྔགས་བརྗོད༔ »ཧཿ ཤར་ཕྱོགས་མེ་ལོང་ཡེ་ཤེས་ཞིང་ཁམས་ནས༔ རྡོ་རྗེ་རིགས་ཀྱི་མཁའ་འགྲོ་ཚེ་ཡི་ལྷ༔ སྔོན་མོ་འབུམ་ཕྲག་གཡོ་བའི་ཌཱཀྐི་མས༔ མི་འགྱུར་མི་ཤིགས་ཚེ་ཡི་དངོས་གྲུབ་སྩོལ༔ «རྩ་སྔགས་བརྗོདཿ »རི༔ ལྷོ་ཕྱོགས་མཉམ་ཉིད་ཡེ་ཤེས་ཞིང་ཁམས་ནས༔ རིན་ཆེན་རིགས་ཀྱི་མཁའ་འགྲོ་ཚེ་ཡི་ལྷ༔ སེར་མོ་འབུམ་ཕྲག་གཡོ་བའི་ཌཱཀྐི་མས༔ མི་འགྱུར་མི་ཤིགས་ཚེ་ཡི་དངོས་གྲུབ་སྩོལ༔ «རྩ་སྔགས་བརྗོདཿ »ཎི༔ ནུབ་ཕྱོགས་སོར་རྟོགས་ཡེ་ཤེས་ཞིང་ཁམས་ནས༔ པདྨ་རིགས་ཀྱི་མཁའ་འགྲོ་ཚེ་ཡི་ལྷ༔ དམར་མོ་འབུམ་ཕྲག་གཡོ་བའི་ཌཱཀྐི་མས༔ མི་འགྱུར་མི་ཤིགས་ཚེ་ཡི་དངོས་གྲུབ་སྩོལ༔ ས༔ བྱང་ཕྱོགས་བྱ་གྲུབ་ཡེ་ཤེས་ཞིང་ཁམས་ནས༔ ལས་ཀྱི་རིགས་ཀྱི་མཁའ་འགྲོ་ཚེ་ཡི་ལྷ༔ ལྗང་མོ་འབུམ་ཕྲག་གཡོ་བའི་ཌཱཀྐི་མས༔ མི་འགྱུར་མི་ཤིགས་ཚེ་ཡི་དངོས་གྲུབ་སྩོལ༔ བདག་དང་རྡོ་རྗེའི་སློབ་མ་འཁོར་བཅས་ཀྱི༔ བླ་ཚེ་ཉམས་དང་ཡར་བ་བརྐུས་འཕྲོག་སོགས༔ ཐུགས་རྗེའི་འོད་ཟེར་ཤུགས་ཀྱིས་བསྡུས་ནས་ཀྱང་༔ ཚེ་སྲོག་ཆད་པ་མཐུད་ལ་གས་པ་སྲུབ༔ ཉམས་པ་བསྡུས་ཤིང་ཡར་བ་སོར་ཆུད་ཅིང་༔ བརྐུས་པ་ཕྲོག་ལ་ཟད་པ་མྱུར་བར་གསོས༔ ཚེ་བསྲེང་དཔལ་བསྐྱེད་བསོད་ནམས་དབང་ཐང་སྤེལ༔ མི་འགྱུར་མི་ཤིགས་ཨཱ་ཡུ་སིདྡྷི་སྩོལ༔ «མཚམས་རྣམས་ཀུན་ཏུ་རྩ་སྔགས་བརྗོད༔ དེ་ནས་ཚེ་བུམ་སྤྱི་བོར་བཞག༔ »ཧཱུྃ༔ འགྱུར་མེད་ཐམས་ཅད་ཀྱི་དངས་མ། ཚེ་དང་བྱིན་རླབས་ཐམས་ཅད་འུབ་ཀྱིས་བསྡུས་ནས་སྲུང་བྱ་རྣམས་ལ་བསྟིམ་པས་མི་འགྱུར་མི་ཤིགས་མི་ནུབ་པའི་ཚེ་རྡོ་རྗེའི་ཆོས་ཁམས་ལྟ་བུར་དབང་འབྱོར་བའི་མོས་པ་མཛོད་ཅིག༔ «ཅེས་བརྡ་སྦྱར་ལ༔ ཚེ་འགུགས་པར་བྱའོ༔ དེ་ནས་ཚེ་བུམ་སྤྱི་བོར་བཞག་སྟེ་ངག་ཏུ་བླུད་དེ༔ »ཧཱུྃ༔ འགྱུར་མེད་ལྷུན་འགྲུབ་བུམ་པའི་གཞལ་ཡས་ནང་༔ ཚེ་ལྷ་འོད་ཞུ་ཚེ་བཅུད་བདུད་རྩིའི་གང་༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ མི་འགྱུར་རྡོ་རྗེའི་སྲོག་ལ་དབང་ཐོབ་ཤོག༔ «རྩ་སྔགས་མཐར༔» ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ «དེ་ནས་ཚེ་ཆང་བླུད་དེ༔ »ཧཱུཾཿ དཔལ་ལྡན་རང་བྱུང་ཐོད་པའི་ཞལ་བུ་རུ༔ འཆི་མེད་བྱང་སེམས་བདུད་རྩིའི་རྒྱུན་གྱིས་གཏམས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ འགགས་མེད་རྡོ་རྗེའི་གསུང་ལ་དབང་འབྱོར་ཤོག༔ «རྩ་སྔགས་མཐར༔ »ཝཱཀྐ་ཨ་བྷི་ཥིཉྩ་ཨཱ༔ «དེ་ནས་ཚེ་གལ་གཏད་ནས་སུ༔ »ཧཱུྃཿ སྲིད་གསུམ་དྭངས་མའི་བཅུད་ཀྱི་རབ་བརྒྱན་པའི༔ ཚེ་གཡང་དངོས་གྲུབ་འཛད་མེད་ཆུ་བོའི་རྒྱུན༔ ཡོངས་དྲིལ་རིལ་བུ་ཁྱོད་ལ་སྦྱིན་པ་ཡིས༔ འཁྲུལ་མེད་རྡོ་རྗེའི་ཐུགས་ལ་དབང་འབྱོར་ཤོག༔ «རྩ་སྔགས་མཐར༔» ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ «དེ་ནས་རྒྱས་གདབ་སྨོན་ལམ་བྱའོ༔ དེ་ནས་རྩ་བ་ཡན་ལག་གི༔ དམ་ཚིག་མི་འདའི་རྗེས་ཟློས་བྱ༔ དགེ་བསྔོ་བཀྲ་ཤིས་མཐའ་བརྒྱན་མཐའ་རྟེན་གཏོར་མའི་དབང་བསྐུར་ནི༔ གཏོར་མ་འདི་ཉིད་ཡེ་ཤེས་ཀྱི༔ མཁའ་འགྲོ་གཙོ་འཁོར་དངོས་སུ་འདས་པ༔ ཁྱེད་རང་སྤྱི་བོར་བཞག་པ་ཡིས༔ ལུས་ངག་ཡིད་ཀྱི་སྒྲིབ་པ་དག༔ མཐར་ཐུག་མཆོག་དང་ཐུན་མོང་གི༔ དངོས་གྲུབ་མ་ལུས་ཐོབ་པར་དམིགས༔ ཞེས་བརྡ་སྦྱར་ལ༔ »ཧཱུཾ༔ བུམ་པ་ཟླུམ་པོ་ཆོས་ཀྱི་དབྱིངས་ཀྱི་ཞིང་༔ སྐུ་གསུམ་ཡན་ལག་བདུན་ལྡན་གཞལ་ཡས་ཁང་༔ གཏོར་མ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད༔ ཡེ་ཤེས་མཁའ་འགྲོ་ཨཱརྱ་ཏཱ་རེ་མ༔ རིགས་བཞིའི་ཌཱཀྐི་སྤྲུལ་འཁོར་ཕོ་ཉར་བཅས༔ ཡེ་ཤེས་མཁའ་འགྲོའི་མཆོག་གི་ས་ལ་སྦྱོར༔ རིགས་བཞིའི་ཌཱཀྐིའི་ཕྲིན་ལས་སྣ་ཚོགས་བསྒྱུར༔ བཀའ་འཁོར་སྤྲུལ་པས་ས་ལམ་བར་ཆད་སེལ༔ མཁའ་འགྲོའི་དཀྱིལ་འཁོར་མ་ཚང་མེད་པ་འདིར༔ རབ་འབྱམས་ཞིང་གི་རྒྱལ་བ་སྲས་བཅས་རྫོགས༔ སྐུ་གསུམ་ཞིང་གི་བྱིན་རླབས་ཡོན་ཏན་ཀུན༔ ད་ལྟ་སློབ་མ་ཁྱོད་ལ་ཕབ་པ་ཡིས༔ སྤྱི་བོར་བཞག་པས་ལུས་ཀྱི་སྒྲིབ་པ་དག༔ མགྲིན་པར་བཞག་པས་ངག་གི་སྒྲིབ་པ་དག༔ སྙིང་གར་བཞག་པས་ཡིད་ཀྱི་སྒྲིབ་པ་དག༔ ལག་ཏུ་གཏད་པའི་སྐུ་གསུམ་མངོན་དུ་གྱུར༔ ནམ་ཞིག་འཆི་བའི་དུས་སུ་གར་མཁན་མས༔ སྲིད་ལས་དབུགས་དབྱུང་དག་པའི་ཞིང་ཁམས་སུ༔ དཔག་ཆེན་མདའ་འཕང་བཞིན་དུ་འགྲོ་བ་ཡིན༔ དེ་ཕྱིར་དགའ་དང་སྤྲོ་བའི་གུས་ལོང་དང་༔ དད་དང་དམ་ཚིག་རྣམ་པར་དག་པ་ཡིས༔ གསང་ཆེན་བླ་མེད་ཉམས་སུ་བླངས་བའི་མཐུས༔ ཚེ་ལུས་འདི་ཉིད་གཅིག་པུའི་དངོས་གྲུབ་ཀུན༔ འབད་མེད་མྱུར་དུ་འགྲུབ་པའི་དངོས་གྲུབ་དེ༔ ལྷ་དང་བླ་མའི་ཐུགས་རྗེའི་གནང་དུ་གསོལ༔ ཨོཾ་ཨཱརྱ་ཏཱ་རེ་ཧྲི་ཧ་རི་ནི་ས་ཛྙཱ་ན་ཌཱཀྐི་ནི་ཀཱ་ཡ་སིདྡྷི་ཨོཾ༔ ཝཱཀྐ་སིདྡྷི་ཨཱ༔ སིཏྟ་སིདྡྷི་ཧཱུཾ༔ སརྦ་སིདྡྷི་ཧྲི༔ «ཞེས་བརྗོད་དབུགས་དབྱུང་དམ་པར་བྱ་བའོ༔ ཨེ་མཿ བརྒྱུད་གསུམ་བླ་མའི་བྱིན་རླབས་དང་༔ ཁྱད་པར་དྲིན་ལྡན་བླ་མ་ཡིས༔ བྱིན་རླབས་བརྡ་རིས་ཡི་གེར་བཀོད༔ འདི་ཉིད་ཉམས་སུ་སུས་བླངས་ཀྱང་༔ བྱིན་རླབས་རྟགས་མཚན་གསལ་བར་ངེས༔ མོས་གུས་ཅན་གྱི་ཆོས་སྐལ་ལས༔ ལོག་ལྟ་ཅན་ལ་རླུང་ཕྱོགས་ཙམ་༔ བསྒྲགས་པར་བྱ་བ་མ་ཡིན་ནོ༔ བསྒྲགས་ན་ཚེ་ཡི་བར་ཆད་འགྱུར༔ གཟའ་བདུད་ཤ་ཟ་མཆེད་སྡེ་ལྔསཿ བཀའ་ཆད་དྲག་པོ་འབྱུང་ནས་གཟོབ༔ དེ་ཕྱིར་འདི་ལ་གཅེས་པར་ཟུངས༔ ཡང་གསང་ཐུགས་ཐིག་ཆ་ལག་ཡིན༔ ཕ་ནོར་བུ་ལ་སྟེར་བ་ཡིན༔ མ་དང་ཌཱཀྐིའི་སྙིང་ཁྲག་ཡིན༔ ས་མ་ཡཱཿ རྒྱ་རྒྱ་རྒྱ༔ བདག་འདྲ་གཏེར་མིང་འགྲོ་འདུལ་གླིང་པར་བླ་མ་པདྨ་ཐོད་ཕྲེང་རྩལ་གྱིས་གནང་བཞིན་ལོ་གཅིག་གསང་རྒྱ་བྱས་ཏེ་སླར་སྐྱབས་མགོན་བླ་མའི་བཀས་བསྐུལ་བཞིན་དག་ཕར་ཕབ་པའོ༔ བླ་མའི་སྐུ་ཚེ་བསྟན་པའི་ཆ་རྐྱེན་དུ་གྱུར་ཅིག༔ དགེའོ༔