དམ་ཆོས་པདྨ་སྙིང་ཐིག་ལས༔ ཐུགས་སྒྲུབ་པདྨ་དབང་ཆེན༔

From Khyentse Lineage - A Tsadra Foundation Project
Revision as of 09:58, 27 June 2024 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)
Wylie title dam chos pad+ma snying thig las thugs sgrub pad+ma dbang chen
Location mdo mkhyen brtse bka' 'bum
Volume 5, Text 3, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Sadhanas - Evocation Ritual - sgrub thabs
Cycle དམ་ཆོས་པདྨ་སྙིང་ཐིག་ (dam chos pad+ma snying thig)
Deity pad+ma dbang chen
Colophon

ཞེས་པ་འདི་ཡང་རིག་འཛིན་མཐུ་སྟོབས་བདུད་འདུལ་རྩལ་གྱིས་ཕབ་པའི་ཡི་གེ་པ་ནི་སྔགས་ཀྱི་རྣལ་འབྱོར་པ་ཤྲྀའི་མིང་གིས༔ དགེའོ༔

zhes pa 'di yang rig 'dzin mthu stobs bdud 'dul rtsal gyis phab pa'i yi ge pa ni sngags kyi rnal 'byor pa shr-i'i ming gis:_dge'o:

[edit]
འུཾཿ དམ་ཆོས་པདྨ་སྙིང་ཐིག་ལས༔ ཐུགས་སྒྲུབ་པདྨ་དབང་ཆེན་བཞུགས༔

«བདུད་འདུལ་དབང་གི་ལྷ་ལ་འདུད༔ མ་འོངས་ལྔ་བརྒྱའི་ཐ་མ་ལ༔ མཐའ་ཡི་རྒྱ་འདྲེ་གདུག་པ་དང༔ དབུས་ཀྱི་དམ་སྲི་རྒྱལ་བསེན་རྣམས༔ བསྡོང་ཞིང་མི་དགེའི་སྣ་འདྲེན་བྱེད༔ ཡ་རབས་གདུང་རྒྱུད་དམངས་སུ་འབེབ༔ ཆོས་སྒྲུབ་ཕོ་མོས་དམ་སེལ་སྤྱོད༔ སྐྱེ་བོས་གྱོད་དང་ཡ་ག་སྒྲོག༔ ཀརྨའི་སྐྱེས་བ་བཅུ་གསུམ་རྫོགས༔ བོད་ཀྱི་གདུང་རུས་འཆོལ་ཞིང་དམན༔ བཙུན་མོའི་ལུས་ཉམས་རྒྱལ་རྒྱུད་རྙོགས༔ གློ་བུར་སྙིང་རླུང་ལྡང་ཞིང་འཁྲུགས༔ མཚོན་དང་མུ་གེའི་བསྐལ་པ་དར༔ ལྷ་ཀླུ་གཉན་དང་མི་ཀུན་འཁྲུགས༔ དེ་འདྲའི་དུས་ངན་ཤར་བའི་ཚེ༔ པདྨ་ང་ཡི་སྙིང་གི་ཐིག༔ མཁའ་འགྲོའི་སྲོག་ཁྲག་དམར་པོ་འདིས༔ འགྲོ་རྣམས་འདུལ་བར་ཐེ་ཚོམ་མེད༔ ས་མ་ཡཱ༔ དེ་ནས་སྔོན་འགྲོའི་རིམ་པ་ནི༔ དབེན་ཞིང་ཉམས་དགའི་ས་ཕྱོགས་སམ༔ ཡང་ན་སྐབས་བསྟུན་གནས་ཉིད་དུ༔ ཟླ་གམ་སྒོ་གཅིག་དཀྱིལ་འཁོར་དབུས༔ སྒྲུབ་གཏོར་དང་ནི་རྫས་རྣམས་འགོད༔ མཐའ་བསྐོར་སྨན་རག་གཏོར་མ་དང༔ ཉེར་སྤྱོད་ཕྱི་ནང་མཆོད་ཚོགས་དགྲམཿ ནུབ་ཀྱི་ཕྱོགས་སུ་ཁ་བལྟས་ལཿ སྤྲོས་བཅས་བསྒྲུབ་པའི་རིམ་པ་བྱ༔ ཡང་ན་ལུས་དཀྱིལ་གཅིག་པུས་རུང༔ དེ་ནས་འབྱུང་པོའི་ཚོགས་རྣམས་ལ༔ གཏོར་མ་སྦྱིན་པའི་རིམ་པ་ནི༔ »རཾ་ཡཾ་ཁཾཿ ཨོཾ་ཨཱཿཧཱུྃཿ «ལམ་གསུམ༔» ཧཱུྃ་སྔོན་ལས་འཕྲལ་རྐྱེན་འབྱུང་པོ་སྤྱི་དང་ནི༔ བྱེ་བྲག་ཡུལ་ཕྱོགས་འདི་རུ་གནས་པ་ཡི༔ སྒྲུབ་ལ་བར་གཅོད་ཐུགས་རྒྱུད་དཀྲུགས་བྱེད་ཅིང༔ དཀར་ཕྱོགས་སྡང་ཞིང་ནག་ཕྱོགས་ལ་གནས་པའི༔ བགེགས་རིགས་ལན་ཆགས་ཤ་མཁོན་མ་འཁོར་དང༔ སྡེ་བརྒྱད་ས་བདག་རིགས་སུ་གྱུར་པ་ཀུན༔ འདོད་ཡོན་ལྔ་ལྡན་གཏོར་མས་ཚིམས་ཀྱིས་ལ༔ རྒྱ་མཚོའི་མཐའ་འམ་རང་རང་གནས་སུ་དེངས༔ ཧཱུྃ་ཧཱུྃ་ཨུརྩ་ཏ་ཡ་ཕཊ« ཧཱུྃ་བཞིའི་སྔགས་དང་ཐུན་གྱིས་གཟིར༔ མཚམས་བཅད་བསྲུང་འཁོར་བསྒོམ་པ་ནི༔» ཧཱུྃ་ང་ནི་དབང་ཆེན་ཧེ་རུ་ཀ༔ སྲིད་གསུམ་བདག་པོ་ང་ཡིན་ཏེ༔ གདོད་བྱེད་ལོག་འདྲེན་མིང་ཡང་མེད༔ ཕྱོགས་མཚམས་རྡོ་རྗེ་པདྨ་དང༔ མེ་རླུང་འཁྲིགས་པའི་གུར་དུ་གྱུར༔ བཛྲ་རཀྵ་ཧཱུྃཿ «དེ་ནས་གསོལ་བ་གདབ་པ་ནི༔» ཨེ་མ་ཧོཿ ཐོག་མའི་མགོན་པོ་རྒྱལ་བ་ཀུན་ཏུ་བཟང༔ སྙིང་རྗེའི་རང་གཟུགས་འཕགས་མཆོག་པད་དཀར་འཆངཿ ཐུགས་རྗེ་སྤྲུལ་སྐུ་པདྨ་རྒྱལ་པོ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ ཟབ་གཏེར་གཉེར་འཛིན་མཁའ་འགྲོ་ཝཱ་རཱ་ཧི༔ ཆོས་ཀྱི་བདག་པོ་ཚངས་པ་ལྷའི་མེ་ཏོག༔ སྨོན་ལམ་དབང་བསྐུར་རིགས་སྲས་བཞི་ཡི་ཞབས༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ མཐུ་སྟོབས་མངའ་བདག་ཡི་དམ་དབང་གི་རྒྱལ༔ རིགས་སྔགས་གྲུབ་པ་པདྨ་བཛྲ་ཞབས༔ གདམས་པའི་གཉེར་འཛིན་བཀའ་སྲུང་མཆེད་གཉིས་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས༔ ཕྱི་ཡི་ཕུང་ཁམས་སྐྱེ་མཆེད་ལྷ་རུ་དག༔ ནང་དུ་རྩ་ཐིག་རླུང་གསུམ་རྣམ་པར་སྦྱངས༔ གསང་བ་སེམས་ཀྱི་འཛིན་སྟངས་ཀུན་ཞིག་ནས༔ ཆོས་སྐུ་ཀློང་དུ་འབད་མེད་འཚང་རྒྱ་ཤོག༔ «དང་པོ་སྐྱབས་སུ་འགྲོ་བ་ནི༔ མདུན་མཁར་ཚོགས་ཞིང་གསལ་བཏབ་ལ༔ »ཧཱུྃ་མ་བཅོས་ཆོས་དབྱིངས་དོན་གྱི་བླ་མ་དང༔ མ་འགགས་རང་གསལ་ཡི་དམ་དབང་གི་ལྷ༔ མ་བཙལ་ལྷུན་རྫོགས་མཁའ་འགྲོའི་ཚོགས་བཅས་ལ༔ སྐྱེ་མེད་རང་གྲོལ་ཀློང་ནས་སྐྱབས་སུ་མཆི༔« གཉིས་པ་སེམས་བསྐྱེད་པ་ནི༔» ཧཱུྃ་མ་རིག་དབང་གི་འཁོར་བར་འཁྱམས་པ་ཡི༔ འགྲོ་རྣམས་དེ་བཞིན་ཉིད་དབྱིངས་སྒྲོལ་པའི་ཕྱིར༔ རང་རིག་དབང་ཆེན་ཡི་དམ་དཀྱིལ་འཁོར་དུ༔ བསྙེན་ཅིང་བསྒྲུབ་པའི་སེམས་མཆོག་བསྐྱེད་པར་བགྱི༔ «གསུམ་པ་ཡན་ལག་བདུན་པ་ནི༔» ཧཱུྃ་རང་ལས་ཤར་བའི་ཡི་དམ་ལྷ་ཚོགས་ལ༔ འཁོར་འདས་དབྱེར་མེད་ངང་ནས་ཕྱག་འཚལ་ལོ༔ སྤང་བླང་འཛིན་ཞེན་བྲལ་བའི་མཆོད་པ་འབུལ༔ འཁོར་འདས་གཉིས་འཛིན་བྲལ་བར་བཤགས་པར་བགྱི༔ ཀ་དག་རང་བྱུང་ཆེན་པོར་རྗེས་ཡི་རང༔ དུ་མ་རོ་གཅིག་ཆོས་འཁོར་བསྐོར་བར་བསྐུལ༔ གཞོན་ནུ་བུམ་པའི་སྐུ་རུ་བཞུགས་གསོལ་འདེབས༔ འགྲོ་ཀུན་གདོད་མའི་དབྱིངས་སུ་འགོད་པར་བསྔོ༔ «བཞི་པ་བྱིན་དབབ་པ་ནི༔» ཧྲཱིཿ སྐུ་གསུམ་བདེ་བ་ཆེན་པོའི་ཕོ་བྲང་ནས༔ གདོད་མའི་མགོན་པོ་ཀུན་བཟང་ཡབ་ཡུམ་དང༔ ཆོས་སྐུའི་འཁོར་ཚོགས་རྒྱ་མཚོས་བྱིན་ཕོབ་ཅིག༔ བདེ་ཆེན་འདུ་འབྲལ་མེད་པའི་ཞིང་ཁམས་ནས༔ ལོངས་སྐུ་རྣམ་པར་སྣང་མཛད་གངས་ཅན་མཚོ༔ ས་བཅུའི་འཁོར་ཚོགས་རྒྱ་མཚོས་བྱིན་ཕོབ་ཅིག༔ རང་སྣང་ལྷུན་གྲུབ་དཔལ་གྱི་རི་བོ་ནས༔ སྤྲུལ་སྐུའི་སྟོན་པ་པདྨ་རྒྱལ་པོ་དང༔ འཁོར་ཚོགས་རྗེ་འབངས་རྒྱ་མཚོས་བྱིན་ཕོབ་ཅིང༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་རཱ་ཛ་ཧྱ་གྷྲྀ་ཝ་ར་ཙ་ཧྲཱིཿ ཡ་སརྦ་སིདྡྷ་ཕ་ལ་ཧཱུྃཿ ཨ་བེ་ཤ་ཡ་ཨ་བེ་ཤ་ཡ་ཨ་ཨཱ༔ «ལྔ་པ་མཆོད་སྤྲིན་སྤྲོ་བ་ནི༔» ཧཱུྃ་ཀུན་རྫོབ་སྣང་ཞིང་སྲིད་པའི་ཆོས་སོ་ཅོག༔ དོན་དམ་བདེ་བ་ཆེན་པོའི་ངོ་བོ་རུ༔ རྣམ་པར་སྦྱངས་ཏེ་ཡེ་ཤེས་བདུད་རྩིའི་རྒྱུན༔ ཀུན་ཏུ་བཟང་པོ་མཆོད་པའི་རྣམ་རོལ་གྱུར༔ བཛྲ་ཨརྒྷཾ༴«ནས་»ཤཔྟ་གྷནྷེ་ར་ས་པརྴེ་སརྦ་པཉྩ་རཀྟ་བ་ལིཾ་ཏ་པུ་ཛ་ཨཱཿཧཱུྃ༔ «སྔོན་འགྲོའི་རིམ་པ་ས་མ་ཡ༔ གཉིས་པ་དངོས་གཞི་འདི་ལྟ་སྟེ༔ དང་པོ་བསྐྱེད་པའི་རིམ་པ་ནི༔» ཧཱུྃ་དེ་བཞིན་ཉིད་དབྱིངས་སྤྲོས་དང་བྲལ་བ་ལས༔ ཀུན་ཏུ་སྣང་བའི་སྙིང་རྗེ་ཁྱབ་པར་འཕྲོས༔ རྒྱུ་རྐྱེན་ལས་འདས་བརྗོད་བྲལ་ངང་ཉིད་ལས༔ འདོམ་གང་གྲུ་བཞི་ལུས་ཀྱི་གཞལ་ཡས་ཁང༔ ཟླ་གམ་སྒོ་གཅིག་མཚན་ནི་ཕུན་སུམ་ཚོགས༔ འདོད་རྣམ་ཕ་གུ་དྲྭ་བ་དྲྭ་ཕྱེད་དང༔ རྩིག་པ་རི་དྭགས་ཆོས་འཁོར་གདུགས་ཏོག་མཛེས༔ དེ་དབུས་མ་རིག་རུ་ཏྲ་ཕོ་མོའི་སྟེང༔ རྒྱུ་ཡི་ས་བོན་ཧྲཱིཿཡིག་ཡོངས་གྱུར་ལས༔ རང་རིག་མ་བཅོས་དབང་ཆེན་འབར་བའི་སྐུ༔ ཞལ་གཅིག་ཕྱག་བཞི་དུར་ཁྲོད་ཆས་བརྒྱད་གསོལ༔ ཕྱག་གཡས་དང་པོས་དབྱུག་ཏོ་ནམ་མཁར་གདེང༔ གཡོན་པས་ཐོད་ཁྲག་དང་བཅས་ཡུམ་དང་འཁྲིལ༔ གཡས་འོག་གནམ་ལྕགས་ཕུར་བུ་འདྲིལ་ཞིང་གདེང༔ བསྡིགས་འཛུབ་རྩེ་ནས་ཡེ་ཤེས་བྱ་ཁྱུང་འགྱེད༔ གཡོན་འོག་གསེར་སྡིག་མགོ་དགུའི་བུ་ག་ནས༔ མེ་ཡི་སྡིག་པའི་ཚྭ་ཚྭ་རབ་ཏུ་འགྱེད༔ སྤྱི་བོར་རྟ་མགོ་ལྗང་ཁུར་རྟ་སྐད་འཚེར༔ སྤྱན་གསུམ་རབ་བསྒྲད་ཞལ་གདངས་ཨཾ་གཙིགས་བསྡམས༔ ཞབས་གཉིས་དོར་སྟབས་བགྲད་ཅིང་རབ་ཏུ་འགྱིངས༔ ཡུམ་མཆོག་བདེ་ཆེན་རྡོ་རྗེ་རྣལ་འབྱོར་མ༔ ཆོས་ཉིད་མི་འགྱུར་ནམ་མཁའི་མདོག་དང་ལྡན༔ ཞལ་གཅིག་ཕྱག་གཉིས་གྲི་ཐོད་ཡབ་དང་འཁྲིལ༔ བདེ་བའི་ཉམས་དང་འདོད་ཆགས་མེ་ལྟར་འབར༔ ཞབས་གཉིས་གཡས་བརྐྱང་གཡོན་བསྐུམ་ཡབ་དང་འཁྲིལ༔ སྤྱན་གཅིག་ཚེམ་གཅིག་ནུ་མ་གཅིག་གིས་མཚན༔ ཤར་དུ་བཛྲ་རྟ་མགྲིན་དཀར་གསལ་མཚན༔ ལྷོ་རུ་རཏྣ་རྟ་མགྲིན་སེར་གསལ་ལ༔ ནུབ་ཏུ་པདྨ་རྟ་མགྲྀན་དམར་གསལ་མདོག༔ བྱང་དུ་ཀརྨ་རྟ་མགྲིན་ལྗོངས་གསལ་ཏེ༔ སོ་སོའི་གཡས་པས་གྲི་གུག་ནམ་མཁར་གདེང༔ གཡོན་པས་ཐོད་ཁྲག་དང་བཅས་ཡུམ་དང་འཁྲིལ༔ རང་མདོག་དང་བསྟུན་ཁྲོ་མོ་གྲི་ཐོད་ཅན༔ འཁྲིལ་ཞིང་ཆ་ལུགས་གཙོ་བོ་དང་བསྟུན་ནོ༔ སྒོ་དྲུང་དབང་ཆེན་ཐུགས་སྤྲུལ་གིང་དམར་ནག༔ དཀྱིལ་འཁོར་ཕྱི་ཡི་སྒྲུབ་པའི་བར་ཆད་སྲུང༔ གཞན་ཡང་ཕྱི་རིམ་ཤར་ལྷོ་ནུབ་བྱང་དུ༔ ལས་མཛད་བཀའ་ཉན་བདུན་བརྒྱ་ཉེར་ལྔའི་མཚན༔ གཙོ་བོའི་སྤྱི་བོར་རིགས་ཀྱི་བདག་པོ་ནི༔ པདྨ་བཛྲ་ཕྱག་ན་པདྨ་དང༔ གདོད་མའི་མགོན་པོ་སུམ་བརྩེགས་ཚུལ་དུ་བཞུགས༔ དེ་ལྟར་གསལ་བའི་གནས་གསུམ་ཡིག་འབྲུ་ལས༔ འོད་འཕྲོས་རྔ་ཡབ་དཔལ་གྱི་རི་བོ་ནས༔ རང་འདྲའི་ཡེཤེས་སེམས་དཔའི་ཚོགས་དཔག་མེད༔ སྤྱན་དྲངས་རྒྱ་མཚོར་ཁ་ཆར་བབ་བཞིན་དུ༔ དབྱེར་མེད་དུ་མ་རོ་གཅིག་ཆེན་པོར་གྱུར༔ «གཉིས་པ་སྤྱན་འདྲེན་པ་ནི༔ »ཧཱུྃ་ནུབ་ཕྱོགས་ཨོ་རྒྱན་དབང་གི་ཕོ་བྲང་ནས༔ བདེ་གཤེགས་ཀུན་འདུས་པདྨ་དབང་ཆེན་ལྷ༔ ཨ་མཐས་འཁྲུལ་པའི་དབང་གྱུར་འགྲོ་བ་རྣམས༔ ཐུགས་རྗེའི་ཐབས་ཀྱིས་འདུལ་ཕྱིར་གཤེགས་སུ་གསོལ༔ སྐུ་གསུམ་བདེ་བ་ཆེན་པོའི་ཕོ་བྲང་ནས༔ མ་འགགས་རང་ཤར་ཆོས་ལོངས་སྤྲུལ་པའི་སྐུ༔ གཉིས་འཛིན་དབང་གྱུར་གདུལ་བྱའི་དོན་ཆེད་དུ༔ རྟག་ཆད་བྲལ་བའི་ངང་ནས་གཤེགས་སུ་གསོལ༔ དཀྱིལ་འཁོར་བཀའ་ཉན་ལས་བྱེད་ཕོ་ཉའི་ཚོགས༔ མ་རིག་སེམས་ཅན་གདུག་པ་འདུལ་ཕྱིར་དུ༔ རང་རང་སོ་སོའི་གནས་མཆོག་དམ་པ་ནས༔ ཁྲོ་གཏུམ་རྔམས་པའི་ཚུལ་གྱིས་གཤེགས་སུ་གསོལ༔ བཛྲ་ཀྲོ་ཏ་ཧྱ་གྷྲྀ་ཝ་སརྦ་ས་མ་ཡ་ཛ་ཛཿ «གསུམ་པ་བཞུགས་སུ་གསོལ་བ་ནི༔ »ཧཱུྃ་དེ་བཞིན་ཉིད་ལས་འཕོ་འགྱུར་མི་མངའ་ཡང༔ ལོག་རྟོག་གློ་བུར་དྲི་མ་སྦྱང་བའི་ཕྱིར༔ རང་ལས་སྤྲུལ་པའི་ཡེ་ཤེས་ལྷ་ཡི་ལྷ༔ མ་བཅོས་རང་གྲོལ་གློང་དུ་བཞུགས་སུ་གསོལ༔ ས་མ་ཡ་ཏིཥྛི་ལྷན༔ «བཞི་པ་ཕྱག་འཚལ་བ་ནི༔ »ཧཱུྃ་སྐྱེ་མེད་ཆོས་དབྱིངས་དབང་ཆེན་ལྷ་ཡི་ལྷ༔ འགག་མེད་མ་བཅོས་རང་རིག་ཕྱག་རྒྱའི་སྐུ༔ གནས་མེད་སྣ་ཚོགས་ཐུགས་རྗེའི་བདག་ཉིད་ཅན༔ རྩོལ་མེད་རང་བྱུང་རང་ཤར་བརྡ་ཕྱག་འཚལ༔ ཨ་ཏི་པུ་ཧོ༔ པྲ་ཏིཙྪ་ཧོ༔ «ལྔ་པ་མཆོད་པ་འབུལ་བ་ནི༔ »ཧཱུྃ་ཕྱི་ནང་གསང་བའི་ཀུན་བཟང་མཆོད་པའི་སྤྲིན༔ དཀར་དམར་བྱང་སེམས་བདུད་རྩི་ཨ་མྲྀ་ཏ༔ ཀོ་རོ་ཙ་ན་ལ་སོགས་བ་ལིཾ་ཏ༔ དམར་ཆེན་རཀྟ་ཚོགས་ཀྱི་མཆོད་པ་དང༔ གསང་བ་སྦྱོར་སྒྲོལ་བདེ་བ་ཆེན་པོའི་རྫས༔ གཞན་ཡང་རྩ་ཁམས་སྐྱེ་མཆེད་ལ་སོགས་པའི༔ མཆོད་པ་རྒྱ་མཚོའི་ཚོགས་རྣམས་འབུལ་བར་བགྱི༔ བཛྲ་ཨརྒྷཾ་པཏྱཾ་པུཥྤེ་དྷཱུ་པེ་ཨ་ལོ་ཀེ་གྷནྡྷེ་ནཻ་ཝིར་ཤཔྟ་རཱུ་པ་ཤཔྟ་གྷནྡྷེ་ར་ས་སྤརྴེ་པུ་ཛཿཧོ༔ མ་ཧཱ་པཉྩ་བ་ལིཾ་ཏ་རཀྟ་པཱུ་ཛཿཧོ༔ དྷརྨཱ་དྷརྟཱུ་པཱུ་ཛཿཨཱཿཧཱུྃ༔ «དྲུག་པོ་བསྟོད་པ་བྱ་བ་ནི༔» ཧྲཱིཿ བདེ་ཆེན་ཡེ་ཤེས་བླ་ན་མེད་པའི་དཔལ༔ འཁོར་འདས་ཀུན་གྱི་བྱེད་པོ་བཅོམ་ལྡན་འདས༔ གསང་གསུམ་མི་ཤིག་རྡོ་རྗེའི་རྣམ་རོལ་ཅན༔ པདྨ་ཁྲག་འཐུང་གདུག་པ་འདུལ་ལ་བསྟོད༔ ཆོས་ཉིད་དེ་བཞིན་ཉིད་ལས་མ་གཡོས་ཀྱང༔ གདུག་པ་འདུལ་ཕྱིར་དབྱིངས་ཀྱི་རྗེ་མོའི་སྐུར༔ སྟོན་མཛད་ཁམས་གསུམ་ཟ་བྱེད་དབང་ཕྱུག་མ༔ ཡུམ་ཆེན་ཁྲོ་མོའི་གསང་བ་གསུམ་ལ་བསྟོད༔ རིགས་བཞིའི་ཁྲོ་བོས་དུས་བཞིའི་གདུག་པ་འདུལ༔ ཡུམ་ཆེན་བཞི་ཡིས་ཕྱི་ནང་བར་ཆད་སྲུང༔ སྒོ་སྲུང་ཁྲོ་བོས་ལེགས་ཉེས་སྟངས་འཛིན་ཅིང༔ འཁོར་ཚོགས་རྒྱ་མཚོས་ལས་བཞིའི་ཕྲིན་ལས་སྒྲུབ༔ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ «བདུན་པ་འཛབ་བཟླ་བྱ་བ་ནི༔ »བདག་ཉིད་དཔལ་ཆེན་ཡབ་ཡུམ་གྱི༔ ཐུགས་མཆོག་མཆོང་གུར་སྨུག་པོའི་དབུས༔ འོད་ལྔ་ཟླུམ་པོར་འཁྱིལ་པའི་སྟེང༔ ཧཱུྃ་ཡིག་མཐའ་མར་སྔགས་ཀྱིས་བསྐོར༔ དེ་ལས་འོད་འཕྲོས་ལྷ་ཚོགས་ཀུན༔ བཀྲག་མདངས་གཟི་བརྗིད་ལྡན་པར་གྱུར༔ ཨོཾ་ཨཱཿཧཱུྃ༔ མ་ཧཱ་གུ་རུ་ཧྱ་གྷྲྀ་ཝ་སརྦ་སིདྡྷི་ཕ་ལ་ཧཱུྃཿ «གཉིས་པ་སྒྲུབ་པའི་རིམ་པ་ནི༔ »ཐུགས་སྲོག་ཧཱུྃ་ལས་འོད་འཕྲོས་པས༔ ལྷ་ཚོགས་ཀུན་གྱི་ཐུགས་རྒྱུད་བསྐུལ༔ སླར་ཡང་འོད་འཕྲོས་འཕགས་པ་མཆོད༔ འགྲོ་བའི་ལས་ཉོན་སྡིག་སྒྲིབ་སྦྱངས༔ འོད་ཟེར་རྣོ་ངོར་ལྡན་གྱུར་པས༔ གནོད་བྱེད་གདུག་པ་ཚར་གཅོད་གྱུར༔ ཨོཾ་ཨཱཿཧཱུྃཿ མ་ཧཱ་གུ་རུ་ཧྱ་གྷྲྀ་ཝ་ཙིཏྟ་ཧྲིཾ་ཧྲིཾ་ཛ་ཛཿ བཛྲ་རརྣ་པདྨ་ཀརྨ་ཧྱ་གྷྲྀ་ཝ་ཧྲིཾ་ཧྲིཾ་ཧྲིཾ་ཧྲཱིཾ་ཧཱུྃ་ཧཱུྃ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཕཊཿ «བསྙེན་ཅིང་སྒྲུབ་པའི་རིམ་པའོ༔ ལས་ལ་སྦྱོར་བ་འདི་ལྟ་སྟེ༔ »བདག་ཉིད་དཔལ་ཆེན་ཡབ་ཡུམ་གྱི༔ ཐུགས་ལས་འོད་དམར་གློག་ཞགས་ལྟར༔ ཤིན་ཏུ་མྱུར་བར་འཕྲོས་པ་ཡིས༔ རིགས་བཞིའི་ཁྲོ་བོའི་ཐུགས་རྒྱུད་བསྐུལ༔ དེ་ལས་འོད་འཕྲོས་སྒོ་བ་དང༔ ཕྱི་རོལ་འཁོར་ཚོགས་ལ་ཕོག་པའི༔ ལྷ་ཚོགས་ཀུན་གྱི་ཐུགས་རྒྱུད་བསྐུལ༔ འཁོར་བཅས་སྐུ་ཡི་ཆ་རྣམས་ནས༔ མེ་ཡི་ཚྭ་ཚྭ་སྐར་ལྟར་འཁྲིགས༔ སྟོང་ཁམས་སྣོད་བཅུད་ཐམས་ཅད་དང༔ ཁྱད་པར་དམིགས་བྱ་གང་ཡིན་རྣམས༔ གཞོབ་ཐུལ་ཐུལ་གྱི་སྲེག་པར་གྱུར༔ «སྒྲུབ་སྔགས་ཤམ་བུར་འདི་བཞིན་གདག༔» རམ་རམ་ཤིག་ཤིག་སརྦ་དུཥྟཾ་«མིང་སྤེལ་»མ་ར་ཡ་ཛྭ་ལ་རཾ་ཧཱུྃ་ཕཊ༔ «ལས་ལ་སྦྱོར་བའི་རིམ་པ་འདི༔ དོ་གལ་ཆུང་ལ་མི་བྱའོ༔ ཨེ་མ་ལྔ་བརྒྱའི་ཐ་མ་དུས་ངན་དབང་བཙན་ཞིང༔ ཆོས་བཞིན་སྤྱད་ཀྱང་འགལ་རྐྱེན་སྣ་དགུ་དར༔ བོད་ལ་མི་འདོད་སྣ་ཚོགས་འབྱུང་བའི་ཚེ༔ འདི་ཉིད་མཇལ་བཙམ་གྱིས་བར་ཆད་ལས༔ ཐར་བར་འགྱུར་ལ་ཐེ་ཚོམ་ཡོད་རེ་ཀན༔ ཐུན་མཐར་འདོད་དོན་གསོལ་བ་འདེབས་པ་ནི༔ »ཧྲཱིཿ དུས་གསུམ་སངས་རྒྱས་ཀུན་གྱི་ཐུགས་རྗེ་མཐུ༔ གཅིག་བསྡུས་དབང་ཆེན་ལྷ་མཆོག་ཧེ་རུ་ཀ༔ པདྨ་དབང་ཆེན་བདུད་འདུལ་དྲག་པོ་རྩལ༔ རིགས་བཞིའི་ཁྲོ་བོ་སྒོ་སྲུང་བཀའ་ཉན་བཅས༔ མ་ལུས་ཐམས་ཅད་ཐུགས་དམ་དབྱིངས་ནས་བསྐུལ༔ སྔོན་གྱི་ཞལ་བཞེས་གཉན་པོ་དུས་ལ་བབ༔ བདག་ཅག་སྒྲུབ་པ་པོ་ལ་བྱིན་གྱིས་རློབས༔ འགྲོ་བའི་ལས་ཉོན་འདག་མེའི་འོབས་ནང་དུ༔ ཁྱོད་ཀྱི་ཐུགས་རྗེ་བསིལ་བའི་ཆུ་རྒྱུན་གྱིས༔ གཏན་གྱི་སྡུག་བསྔལ་བདེ་བ་ཆེན་པོར་སྦྱོར༔ དུས་ངན་ལྔ་བརྒྱའི་ཐ་མར་ཐུག་པའི་ཚེ༔ ཆོས་བཞིན་སྤྱད་ཀྱང་འགལ་རྐྱེན་དར་དུས་འདིར༔ དབང་དང་དྲག་ཤུལ་རྔམས་པའི་ནུས་མཐུ་ཡིས༔ དགྲ་བགེགས་ཕམ་ཞིང་མཐུ་ནུས་རྒྱས་པར་མཛོད༔ ཁྱད་པར་བདག་ཅག་སྒྲུབ་པོའི་ཚོགས་རྣམས་ལ༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི༔ དབང་དང་བྱིན་རླབས་མ་ལུས་ཐམས་ཅད་དང༔ གྲུབ་པ་བརྒྱད་སོགས་ཐུན་མོང་དངོས་གྲུབ་རིགས༔ མཆོག་ཏུ་བླ་མེད་མངོན་བྱང་ཆུབ་སོགས་ཀྱི༔ བསྒྲུབས་པའི་འབྲས་བུ་དུས་འདིར་མཆིས་པར་མཛོད༔ «ཅེས་བརྗོད་དབྱངས་གསལ་བཟླས་ཤིང་མཆོད་བསྟོད་བྱ༔ ཤིན་ཏུ་གསང་བའི་མན་ངག་སྙིང་པོ་ཡི༔ སྒྲུབ་པ་དངོས་གཞིའི་རིམ་པ་ཨེ་མ་ཧོ༔ རྗེས་ཀྱི་རིམ་པ་རྣམ་པ་གསུམ་དག་སྟེ༔ ཚོགས་དང་བསྐང་བ་བསྒྲལ་བའི་རིམ་པའོཿ དང་པོ་ཚོགས་ཀྱི་རིམ་པ་འདི་ལྟ་སྟེ༔ ཞིང་ལྤགས་སྟེང་དུ་འདོད་ཡོན་ལོངས་སྤྱོད་འགོད༔ སེར་སྣ་འཇུར་འགག་དབང་དུ་མ་སོང་བྱ༔ དང་པོ་བྱིན་གྱིས་བརླབ་པའི་རིམ་པ་ནི༔ »ཨོཾ་ཨཱཿཧཱུྃཿ བདག་ཉིད་དབང་ཆེན་ཐུགས་ལས་རཾ་ཡཾ་ཁཾ༔ འཕྲོས་པས་ཚོགས་ཀྱི་མ་དག་བསྲེགས་གཏོར་བཀྲུས༔ ཨོཾ་ཨཱཿཧཱུྃ་གིས་ཡེ་ཤེས་བདུད་རྩིར་བསྒྱུར༔ ཞེན་རྟོག་མེད་པར་རྣམ་དག་འདོད་ཡོན་རྫས༔ དཀར་དམར་བྱང་སེམས་བདེ་བ་བསྐྱེད་པའི་རྒྱུ༔ ཛ་གད་ཕུད་དང་མཾ་ས་ཨ་མྲྀ་ཏ༔ རྣམ་པ་བྱེ་བྲག་ལོངས་སྤྱོད་རྫས་སུ་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ «དེ་ནས་ཚོགས་ཀྱི་མགྲོན་དུ་སྤྱན་འདྲེན་ནི༔ རོལ་མོ་དབྱངས་དང་བརྟུལ་ཞུགས་ངར་ལྡན་པས༔ »ཧཱུྃ་ཡུལ་གྱི་མིང་ནི་ནུབ་ཕྱོགས་ཨོ་རྒྱན་ཡུལ༔ དུར་ཁྲོད་མིང་ནི་པདྨ་དབང་གི་གནས༔ ལྷ་ཡི་ལྷ་མཆོག་ཁྲག་འཐུང་ཧེ་རུ་ཀ༔ གཞན་ཡང་འཁོར་དང་ལས་མཛད་མཁའ་འགྲོའི་ཚོགས༔ མ་ལུས་འཁོར་བཅས་གནས་འདིར་གཤེགས་སུ་གསོལ༔ བདག་ཅག་རྣལ་འབྱོར་སྒྲུབ་པོ་དམ་རེ་གཙང༔ ཀརྨ་ལས་མཁན་ཚོགས་རྣམས་དང་རེ་སྤྲོས༔ ཚོགས་རྫས་འདོད་ཡོན་ལོངས་སྤྱོད་བྱིན་རེ་ཆགས༔ སྐུ་གསུང་ཐུགས་ཀྱིས་རློབས་ཕྱིར་གཤེགས་སུ་གསོལ༔ བཛྲ་སརྦ་ས་མ་ཡ་ཛ་ཛཿ «དེ་ནས་ཚོགས་ཕུད་རིམ་པ་གསུམ་བཅད་ལ༔ དང་པོ་ཕུད་ཀྱི་མཆོད་པ་ནི༔ »ཧཱུྃ་ཡི་དམ་པདྨ་དྲག་པོ་ཡབ་ཡུམ་དང༔ རྩ་གསུམ་དཔའ་བོ་མཁའ་འགྲོའི་ཚོགས་བཅས་ལ༔ འདོད་ཡོན་ལོངས་སྤྱོད་ཚོགས་ཀྱི་མཆོད་པ་ནི༔ འབུལ་ལོ་དགྱེས་ཤིང་ཚིམ་པར་མཛད་དུ་གསོལ༔ ག་ཎ་ཙཀྲ་པུ་ཛ་ཧོཿ «བར་པ་བཤགས་པ་བྱ་བ་ནི༔ »ཧཱུྃ་མ་རིག་འཐིབ་པོས་དབང་གྱུར་འགྲོ་བ་ཡི༔ ཐོག་མེད་ནས་བསགས་སྡིག་ལྟུང་ཉམས་ཆག་གྲིབ༔ མ་ལུས་ཚོགས་ཀྱི་མཆོད་པས་བྱང་གྱུར་ནས༔ མཆོག་དང་ཐུན་མོང་དངོས་གྲུབ་ཐོབ་པར་ཤོག༔ «ཐ་མ་ཆོས་སྐྱོང་ལ་ཕུལ་ནས༔ »ཧཱུྃ་ཡེ་ཤེས་བདུད་རྩིའི་རང་བཞིན་ཚོགས་མཆོད་འདི༔ བཀའ་གཏེར་སྲུང་མ་རྒྱ་མཚོ་སྤྱི་དང་ནི༔ ཁྱད་པར་མ་མོ་དང་ནི་དགེ་བསྙེན་གཉིས༔ བཙན་རྒོད་ཆེན་པོའི་ཞལ་དུ་ཞ་རཾ་ཁཱ་ཧིཿ «དེ་ནས་བར་པ་རིམ་པ་གསུམ༔ སྒྲུབ་མཆོད་ཆོས་སྐྱོང་བཅས་ལ་བྱས་ནས༔ བསྐང་བའི་རིམ་པ་བྱ་བ་འདི་ལྟ་སྟེ༔» ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཧྲཱི་གཞི་དབྱིངས་དག་པ་གཉིས་ལྡན་ཞིང་ཁམས་ནས༔ ཚོས་སྐུ་ཀུན་བཟང་ཡབ་ཡུམ་ཐུགས་དམ་བསྐང༔ ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས་པའི་ཞིང༔ རིགས་ལྔ་སྟང་དཔྱད་ཚོགས་ཀྱི་ཐུགས་དམ་བསྐང༔ པདྨ་འོད་ཀྱི་གཞལ་ཡས་ཆེན་པོ་ནས༔ སྤྲུལ་སྐུ་པདྨ་རྒྱལ་པོའི་ཐུགས་དམ་བསྐང༔ བདུད་འདུལ་དབང་ཆེན་རོལ་པའི་གཞལ་ཡས་ནས༔ པདྨ་ཧེ་རུ་ཀ་ཡི་ཐུགས༴ ཐོད་མཁར་གྲུ་གསུམ་ཨེ་ཡི་ཀློང་ཡངས་ནས༔ བདེ་ཆེན་འགྱུར་མེད་ཡུམ་གྱི་ཐུགས་དམ་བསྐང༔ དུས་བཞི་རྣམ་པར་དག་པའི་དཀྱིལ་འཁོར་ནས༔ རིགས་བཞིའི་ཁྲོ་བོ་ཁྲོ་མོའི་ཐུགས༴ བདག་ཏུ་འཛིན་པ་དག་པའི་ཀློང་ཡངས་ནས༔ སྒོ་བ་ཡབ་ཡུམ་གཉིས་ཀྱི༴ ཉོན་མོངས་རྟོག་ཚོགས་དག་པའི་ཀློང་ཡངས་ནས༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི༴ ལྷན་སྐྱེས་འདུ་འབྲལ་མེད་པའི་ཞིང་ཁམས་ནས༔ ཞལ་སྐྱིན་ཐུགས་གཏེར་བདག་པོའི༴ སྨོན་ལམ་ལས་འབྲེལ་དག་པའི་ཕོ་བྲང་ནས༔ ཆོས་བདག་སྐྱེས་བུ་ཚོགས་ཀྱི༴ སྟོབས་ལྡན་མེ་རླུང་འཁྲིགས་པའི་དཀྱིལ་འཁོར་ནས༔ སྔགས་སྲུང་ཁྲོས་མའི་དཀྱིལ་འཁོར༴ ཕྲིན་ལས་ལྷུན་གྱིས་གྲུབ་པའི་ཕོ་བྲང་ནས༔ གཉེར་འཛིན་དགེ་བསྙེན་མཆེད་གཉིས་ཐུགས་དམ་བསྐང༔ ཁྱད་པར་ཐུགས་དམ་སྐོང་བའི་དམ་རྫས་ལ༔ དངོས་པོ་ཕྱི་ཡི་ཐུགས་དམ་བསྐང་བ་ནི༔ ཛ་གད་ཕུད་དང་པཉྩ་ཨ་མྲྀ་ཏ༔ ཤ་ཆེན་རི་རབ་བརྩེགས་པའི་ཐུགས་དམ་བསྐང༔ མདངས་ལྡན་མེ་ཏོག་དྲི་ཞིམ་བདུག་སྤོས་དང༔ སྣང་གསལ་དྲི་ཆབ་ཞལ་ཟས་རོལ་མོ་སོགས༔ ཕྱི་ནང་མཆོད་ཚོགས་རྒྱལ་པོས་ཐུགས་དམ་བསྐང༔ བསད་པའི་ཁྲག་དང་དུག་སྣ་ཐུན་གྱི་རྫས༔ ཉོན་མོངས་བསྒྲལ་ཕྱིར་ཕྱག་མཚན་སྣ་ཚོགས་རིགས༔ མ་རིག་དགྲ་གཟུགས་རྟེན་འབྲེལ་རྫས་ཀྱི་རིགས༔ དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་པའི་རྫས༔ ཕྱི་སྣོད་ཞིང་དང་ནང་བཅུད་སྐྱེས་འགྲོའི་རིགས༔ སྣང་གསལ་ཉི་ཟླ་དབང་པོའི་གཞུ་ལ་སོགས༔ ནང་ལྟར་དཀར་དམར་བྱང་སེམས་བདུད་རྩིའི་རྒྱུན༔ བདེ་བའི་ཡེ་ཤེས་དགའ་བ་བཅུ་དྲུག་རྫས༔ རྩ་ཐིག་རླུང་གསུམ་འཕོ་མེད་དེ་བཞིན་ཉིད༔ གསང་བ་རྣམ་དག་ཀུན་ཁྱབ་ཆོས་ཀྱི་དབྱིངས༔ རྩལ་སྣང་སྣ་ཚོགས་ཐུགས་རྗེའི་རོལ་གར་སོགས༔ ཕྱི་ནང་གསང་བའི་མཆོད་པའི་རྫས་རྣམས་ཀྱིས༔ ཆོས་ལོངས་སྤྲུལ་དང་དབང་ཆེན་ལྷ་ཚོགས་རྣམས༔ ཐུགས་དམ་བསྐང་ངོ་མཆོག་ཐུན་དངོས་གྲུབ་སྩོལ༔ «ཞེས་བརྗོད་ཡིག་བརྒྱས་ནོངས་པ་བཤགས༔ ཐུགས་དམ་བསྐང་བའི་རིམ་པོའོ༔ ཐ་མ་བསྒྲལ་བའི་རིམ་པ་ནི༔ རྒྱས་པར་སྨད་ལས་གཞུང་ལྟར་ལས༔ བསྡུས་ན་རིག་པས་འཕྲུལ་ཤེས་བྱ༔ དེ་ནས་ལྷག་མ་བསྡུས་བྱས་ལ༔ རྡོ་རྗེ་རྒྱལ་པོས་ཁ་ཕྲུ་བཏབ༔ བྱིན་གྱིས་བརླབས་ལ་འདི་སྐད་དོ༔ »ཧཱུྃ་རྟོག་ཚོགས་གནས་དག་དཀྱིལ་འཁོར་མུ་རན་ལཿ དཔལ་གྱི་བཀའ་སྡོད་ལེགས་ཉེས་སྟངས་འཛིན་ཞིང༔ གདུག་པ་འདུལ་མཛད་ཕྲ་མེན་དྲེགས་པའི་ཚོགས༔ དཔལ་གྱི་ཕམ་ཕབ་བཟང་པོ་འདི་བཞེས་ལ༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཨུསྩི་ཊ་བ་ལིཾ་ཏ་ཁཱ་ཧི༔ «དེ་ནས་ཐུགས་དམ་བསྐུལ་བ་ནི༔» ཧཱུྃ་བྷྱོཿ གཞི་དབྱིངས་ཁྱབ་གདལ་དོན་གྱི་འོག་མིན་ནས༔ རིགས་ཀུན་ཁྱབ་བདག་རྡོ་རྗེ་འཆང་ཆེན་ནས༔ དྲིན་ཆེན་རྩ་བའི་བླ་མ་ཡན་བཟུང་ཀྱི༔ དགོངས་བརྡ་སྙན་བརྒྱུད་བླ་མའི་ཚོགས་དང་བཅས༔ དམར་ནག་ཟླ་གམ་དབང་གི་གཞལ་ཡས་ནས༔ ཡི་དམ་དབང་ཆེན་ཡབ་ཡུམ་འཁོར་ཚོགས་བཅས༔ གནས་ཡུལ་ཉེར་བཞི་དུར་ཁྲོད་བརྒྱད་སོགས་ནས༔ མ་སྲིང་མཁའ་འགྲོ་རྒྱ་མཚོའི་ཚོགས་དང་བཅས༔ སོ་སོའི་ཐུགས་དམ་གཉན་པོ་དུས་ལ་བབ༔ ལོག་རྟོག་མ་རིག་རུ་ཏྲའི་གདོན་ཚོགས་ཀྱིས༔ སངས་རྒྱས་བསྟན་པ་གཉན་ལ་འཚེ་བྱེད་ན༔ ཁྱོད་ཀྱི་དམ་བཅས་ཡལ་བར་འདོར་རམ་ཅི༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་དུས་ལ་བབ༔ «ཅེས་བརྗོད་ཆད་ཐོ་བསྒྲག་པ་ནི༔» ཧཱུྃ་བྷྱོཿ སྔོན་ཚེ་འདས་དུས་བསྐལ་པའི་དང་པོ་ལ༔ ནུབ་ཕྱོགས་ཟླ་གམ་དབང་གི་གཞལ་ཡས་སུ༔ དབང་ཆེན་ཡི་དམ་ལྷ་ཚོགས་སྤྱན་སྔ་རུ༔ ཁས་བླངས་དམ་བཅས་བཞིན་དུ་ཕྲིན་ལས་མཛོད༔ དེ་འོག་ཨ་སུ་ར་ཡི་བྲག་ཕུག་ཏུ༔ སློབ་དཔོན་ཆེན་པོ་པདྨ་བཛྲ་གྱིས༔ ཡི་དམ་དབང་ཆེན་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ ཇི་ལྟར་ཞལ་བཞེས་ཐུགས་དམ་དྲན་པར་མཛོད༔ དེ་རྗེས་དཔལ་གྱི་བསམ་ཡས་མཆིམས་ཕུ་རུ༔ མངའ་བདག་རྗེ་དང་རིགས་སྲས་རྣམ་གཉིས་ལ༔ བཀའ་རྒྱ་ལུང་རྫོགས་གཏད་རྒྱ་མཛད་པའི་ཚེ༔ གཏེར་སྲུང་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀྱིས༔ ཐུགས་དམ་ཞལ་བཞེས་གཉན་པོ་དྲན་མཛོད༔ལ༔ ཇི་ལྟར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ «རྗེས་ལ་བསྟན་མ་སྐྱོང་བ་ནི༔ »ཧཱུྃ་ཧྲཱིཿ འཛམ་གླིང་གངས་ཅན་བོད་ཀྱི་གནས་མཆོག་ཀུན༔ སྐྱོང་མཛད་མ་སྲིང་བསྟན་མ་བཅུ་གཉིས་པོ༔ དགྱེས་ཕྱིར་མཆོད་གཏོར་གཉེན་པོ་འདི་བཞེས་ལ༔ ད་བཅོལ་ཕྲིན་ལས་གཉན་པོ་འགྲུབ་པར་མཛོད༔« དེ་ནས་རྟ་བྲོ་བྱ་བ་ནི༔ འགུགས་གཞུགས་དྲག་ཏུ་བྱས་ནས་སུ༔» ཧཱུྃ་སྔོན་ལས་ཕྲལ་རྐྱེན་ངན་པའི་དམ་སྲིའི་དཔུང༔ སྒྲུབ་ལ་བར་གཅོད་སྨོན་ལམ་ལོག་པའི་རིགས༔ མནན་ནོ་རི་རབ་ཆེན་པོའི་འོག་ཏུ་མནན༔ གཏད་དོ་ཐར་མེད་གཤིན་རྗེའི་བཙོན་རར་གཏད༔ དབང་ཕྱུག་མ་ཐོབ་བར་དུ་མི་བཏང་ངོ༔ ཨོཾ་བཛྲ་སྟྭཾ་བྷ་ཡ་རཀྴ་ནན༔ «མཆོད་བསྟོད་རྩེ་གཅིག་གསོལ་བ་གདབ༔ དངོས་གྲུབ་ལེན་པའི་རིམ་པ་ནི༔ རྒྱས་པར་བདག་འཇུག་ནང་ལྟར་བྱ༔» ཧཱུྃ་དབྱིངས་བཞུགས་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས༔ ཁྱད་པར་ཡི་དམ་དབང་ཆེན་ལྷ་ཚོགས་རྣམས༔ ཐུགས་དམ་བསྐུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ༔ ཞི་རྒྱས་དབང་དང་དྲག་པོའི་ཕྲིན་ལས་བཞི༔ ཚེ་དཔལ་ལོངས་སྤྱོད་སྙན་གྲགས་སྟོབས་འབྱོར་དང༔ གྲུབ་པ་བརྒྱད་སོགས་རབ་འབྱམས་ལས་ཀུན་དང༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི༔ དབང་དང་བྱིན་རླབས་དུས་འདིར་སྩལ་དུ་གསོལ༔ «རྩ་སྔགས་ཤམ་བུར»ཿ ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་ས་མ་ཡ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ «ཅེས་བརྗོད་དངོས་གྲུབ་བླངས་ནས་སུ༔ འགྱོད་ཚངས་ཆེན་པོའི་ནོངས་བཤགས་ནི༔» ཧཱུྃ་པདྨ་དབང་ཆེན་ལྷ་ཚོགས་དཀྱིལ་འཁོར་དུ༔ བསྙེན་བསྒྲུབ་གཡེལ་ཞིང་བཟླས་གྲངས་ཉུང་བ་དང༔ སྐུ་གསུང་ཐུགས་དང་རྩ་བ་ཡན་ལག་གི༔ དམ་ཚིག་ཆག་ཉམས་འགལ་འཁྲུལ་ནོངས་པ་ཀུན༔ མི་འཆབ་མི་སྦེད་སྙིང་ནས་བཤགས་པར་བགྱི༔ ཚངས་པ་དོན་གྱི་དངོས་གྲུབ་སྩལ་དུ་གསོལ༔ «ཡི་གེ་བརྒྱ་པས་ནོངས་པ་བཤགས༔ བསྡུ་རིམ་བྱ་བ་འདི་ལྟར་རོ༔ »ཧཱུྃ་མཁའ་ལ་དབང་པོའི་གཞུ་ཉིད་ཐིམ་པ་དང༔ ཆུ་ཉིད་ལ་ནི་ཆུ་བུར་ཐིམ་པ་ལྟར༔ ཡི་དམ་དབང་ཆེན་དཀྱིལ་འཁོར་ལྷ་ཚོགས་རྣམས༔ གཙོ་བོ་ལ་ཐིམ་དེ་ཡང་ཧཱུྃ་དུ་གྱུར༔ ཞབས་ཀྱུ་ནས་བཟུང་ན་དའི་བར་དུ་ཐིམ༔ དེ་ཡང་སྤྲོས་བྲལ་དེ་བཞིན་ཉིད་ཀྱི་དབྱིངས༔ དུ་མ་རོ་གཅིག་ངོ་བོར་ལྷུན་རྫོགས་གྱུར༔ ཨ་ཨ་ཨཱ༔« དེ་ནས་བསྔོ་བ་སྨོན་ལམ་ནི༔» བདག་གཞན་དུས་གསུམ་བསགས་པའི་དགེ་བ་ཀུན༔ མཁའ་ཁྱབ་འགྲོ་རྣམས་ཡི་དམ་དབང་ཆེན་གྱི༔ གོ་འཕངས་མཆོག་ལ་མྱུར་དུ་འགོད་ནས་ཀྱང༔ གདོད་མའི་ས་ལ་མངོན་པར་འཚང་རྒྱ་ཤོག༔ «རྗེས་ལ་བཀྲ་ཤིས་རིམ་པ་ནི༔ »ཧོ༔ དྲུག་པའི་བདག་ཉིད་རྒྱལ་བ་ཀུན་དུ་བཟང༔ ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས་པའི་སྐུ༔ གང་འདུལ་དེར་སྟོན་པདྨ་བཛྲ་སོགས༔ སྐུ་གསུམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག༔ དམར་ནག་ཟླ་གམ་དབང་གི་གཞལ་ཡས་ནས༔ ཡི་དམ་དབང་ཆེན་ལྷ་ཚོགས་འཁོར་འདས་དང༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག༔ གནས་འདིར་ཉིན་མོ་བདེ་ལེགས་«སོགས་བརྗོད༔ ཨེ་མ་རྒྱལ་དབང་པདྨ་ཐོད་ཕྲེང་གི༔ ཐུགས་བཅུད་ཤིན་ཏུ་གབ་པའི་གནད༔ གདུལ་དཀའ་འདུལ་ཕྱིར་རབ་བསྔགས་པ༔ ཐུགས་སྒྲུབ་པདྨ་སྙིང་པོ་ལས༔ ཡང་གསང་དབང་ཆེན་སྒྲུབ་པ་འདི༔ ཀློང་གསལ་དབྱིངས་ཀྱི་བརྡ་རིས་ལས༔ ནོར་འཁྲུལ་མེད་པར་ཕབ་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞེས་པ་འདི་ཡང་རིག་འཛིན་མཐུ་སྟོབས་བདུད་འདུལ་རྩལ་གྱིས་ཕབ་པའི་ཡི་གེ་པ་ནི་སྔགས་ཀྱི་རྣལ་འབྱོར་པ་ཤྲྀའི་མིང་གིས༔ དགེའོ༔