ཡང་གསང་འཛིན་པ་རང་གྲོལ་གྱི་ཆོ་གའི་ཟིན་བྲིས་ཀུན་གསལ་མེ་ལོང་།

From Khyentse Lineage - A Tsadra Foundation Project
Revision as of 15:01, 14 June 2024 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)
Wylie title yang gsang 'dzin pa rang grol gyi cho ga'i zin bris kun gsal me long DKYD-DZINDROL-062.pdf
Location mdo mkhyen brtse 'dzin grol
Volume 1, Text 62, Pages 703-721 (Folios 1a1 to 10a6)
Author འཇིགས་མེད་ཡོན་ཏན་མགོན་པོ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation 'jigs med yon tan mgon po. Yang gsang 'dzin pa rang grol gyi cho ga'i zin bris kun gsal me long. In Mdo mkhyen brtse ye shes rdo rje'i dgongs gter gcod 'dzin pa rang grol gyi 'don chog gi skor, (The Natural Liberation of Grasping, The Chod Teaching of Do Khyentse Yeshe Dorje): 703-721. Delhi: Shechen Publications, 2020.
Genre Notes - zin bris  ·  Practical Instructions - lag len - len thabs
Cycle གཅོད་འཛིན་པ་རང་གྲོལ་ (gcod 'dzin pa rang grol)
Karchag page DKYD-DZINDROL-Karchag
Colophon

།དེ་ལྟའི་ཚུལ་འདིར་ཉམས་བཞེས་ལྷུར་མཛད་པའི། །མཆོག་གི་ནིརྨཱ་ཀཱ་དེའི་བཞེད་སྐོང་དུ། །རྨོངས་རྟུལ་གདོལ་སྤྱོད་མཁན་པོ་ནཱ་ཐའི་མིང་། །གང་དེས་ས་བཅད་མ་སྟོང་ཙམ་དུ་བྲིས། །དེ་ལས་ཐོབ་པའི་རྣམ་དཀར་མཆིས་སྲིད་ན། །འགྲོ་ཀུན་སངས་རྒྱས་འཐོབ་པའི་རྒྱུ་རུ་བསྔོ། །གཞན་དུ་རྨོངས་བློའི་ནོངས་པ་མཆིས་སོ་ཅོག །ཡེ་ཤེས་སྤྱན་ལྡན་རྣམས་ལ་བཟོད་པར་གསོལ། །དགེའོ། །བཀྲ་ཤིས།།

/de lta'i tshul 'dir nyams bzhes lhur mdzad pa'i/_/mchog gi nirmA kA de'i bzhed skong du/_/rmongs rtul gdol spyod mkhan po nA tha'i ming /_/gang des sa bcad ma stong tsam du bris/_/de las thob pa'i rnam dkar mchis srid na/_/'gro kun sangs rgyas 'thob pa'i rgyu ru bsngo/_/gzhan du rmongs blo'i nongs pa mchis so cog_/ye shes spyan ldan rnams la bzod par gsol/_/dge'o/_/bkra shis//

[edit]

༄༅། །ཡང་གསང་འཛིན་པ་རང་གྲོལ་གྱི་ཆོ་གའི་ཟིན་བྲིས་ཀུན་གསལ་མེ་ལོང་བཞུགས།།

རྒྱལ་ཀུན་མཁྱེན་བརྩེའི་སྤྱི་གཟུགས་མཚོ་སྐྱེས་རྗེ། །སླར་ཡང་འདི་ན་གྲུབ་པའི་རིག་འཛིན་གྱི། །རྫུ་ལ་ཆགས་པ་འཇའ་ལུས་རྡོ་རྗེའི་ཞབས། །ཚེ་རབས་ཀུན་ཏུ་རིགས་ཀྱི་བདག་པོར་བསྟེན། །གྲུབ་བརྒྱའི་གཙུག་རྒྱན་ཧེ་རུ་ཀཿདཔལ་དེའི། །གསུང་གི་གསང་ཟབ་ཡང་གསང་ཐིག་ལེའི་ཆོས། །འཛིན་པ་རང་སར་གྲོལ་བའི་མན་ངག་གི། །ཆོག་ཁྲིགས་ཟིན་བྲིས་ཀུན་གསལ་མེ་ལོང་སྤེལ། །དེ་ལ་འདིར་སྔ་འགྱུར་བཀའ་གཏེར་གྱི་ཆོས་བཀའ་ཟབ་ཅིང་རྒྱ་ཆེ་བའི་མཛོད་ཇི་སྙེད་པའི་སྙིང་པོ་ཡང་ཞུན་རྫོགས་པ་ཆེན་པོ་ཐིག་ལེ་གསང་བའི་སྐོར་གྱི་མཁའ་འགྲོ་གསང་བའི་སྙན་བརྒྱུད་ཨ་ཏི་ཐུགས་ཀྱི་ཐིག་ལེའི་ཆོ་ག་འདི་ལ། སྨིན་བྱེད་དབང་གི་རིམ་པ། གྲོལ་བྱེད་བསྐྱེད་རྫོགས་ཀྱི་མན་ངག །བོགས་འབྱིན་བརྟུལ་ཞུགས་ཀྱི་ལམ་ཁྱེར། །རྐྱེན་སེལ་འཕྲལ་དགོས་ཀྱི་ཆ་ལག །ལོག་འདྲེན་ཕུང་བྱེད་ཀྱི་གཏད་སེར་སོགས་སྐོར་ཚོ་འགའ་ཞིག་བཞུགས་པ་ལས། བསྐྱེད་རྫོགས་བསྙེན་པའི་ལས་རིམ་ལ་ཇི་ལྟར་འཇུག་པའི་དང་པོ་བཅའ་གཤོམ་གྱི་རིམ་པ་ནི། ཡིད་མཐུན་གྱི་གནས་སུ་ཡུལ་དུས་དང་བསྟུན་པའི་དཀྱིལ་འཁོར་སྟེག་བུ་གྲུ་བཞིའམ་བང་རིམ་ཅན་སོགས་ཅི་བདེར་བཀོད་པའི་དབུས་སམ་སྟེགས་གོང་མར། བྷནྡྷ་བམ་རིལ་སོགས་མཚན་ལྡན་གྱི་ནང་མར་གྱིས་བྱུགས་ཏེ་རུས་པ་རྗེན་པར་མི་མངོན་པར་བྱས་པའི་ནང་ཆང་བཟང་པོར་སེལ་མེད་ཆོས་སྨན་བཏབ་པས་སུམ་གཉིས་ལེགས་པར་བཀང་བའི་ཁ་མར་ཁུས་བཅད་དེ་སྟེང་དར་དམར་བརྒྱད་ལྟེབས་ཀྱིས་བཀབ་ལ་བཞག །ཐོད་པའི་སྟེང་ངམ་རྒྱབ་ཏུ་ཁྲོས་མ་ལྷ་ལྔའི་གཏོར་མ་ཆོས་འབྱུང་བསྣོལ་མའི་སྟེང་དམར་གཏོར་འཁོར་བཞི་མཚམས་སུ་མཐེབ་རིལ་ཅན། གཡོན་ཕྱོགས་སུ་བཀའ་གཏེར་སྤྱི་བསྡུས་ལ་དམར་གཏོར་ཟུར་གསུམ་ལྔ་རྒྱབ་ཏུ་དཀར་གཏོར་འདབ་བཞི་མཚམས་སུ་མཐེབ་རིལ་ཅན། དེ་དག་གི་གཡས་གཡོན་དུ་ཆད་ཐོ་བརྟན་མ་རྙིང་ལུགས་སྤྱི་འགྲོ་ལྟར་གྱི་གཡས་གཡོན་དུ་སྨན་རཀ་ཀྱང་བཤམས། མདུན་དུ་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་མཆོད་མགོ་སྨན་ནས་བརྩམ་སྟེ་གཤམས། མདུན་སྟེགས་ལ་ནང་མཆོད་རྡོར་དྲིལ་ཌཱ་རུ་རྣམས་ཀྱང་བཞག །ཉེ་ལོགས་གང་བདེར་གསེར་སྐྱེམས་དཀར་བགེགས་བཅས་བཤམས། ཚོགས་མཆོད་ཕྲིན་གློག་སྐབས་བསྐང་གཏོར་བམ་བསྐང་ཞེས་པ། ཕྱེ་གཙང་མར་དང་མངར་གསུམ་གྱིས་སྦྲུས་པའི་དཀར་ཟླུམ་བླ་གཏོར་རྩེ་བཅད་ལྟ་བུའི་རྒྱབ་མ་ཉམས་པའི་མདུན་ངོས་བམ་རོའི་རྣམ་པར་བཅོས་པ་ཙོག་བུའི་པུས་སྟེང་ལག་གཉིས་ཐལ་མོ་གྱེན་བཟེད་ཀྱི་མགོ་སྟེང་དང་ཕྲག་གོང་གཉིས་ཐལ་མོ་གཉིས་ཏེ་ལྔར་དམར་གཏོར་ཟླུམ་པོ་ལྔ་ཡང་བཞག་པ་ཞིག་བཅས་ཏེ་དཀྱིལ་འཁོར་གྱི་སྟེགས་གང་བདེར་བཞག །ཚོགས་རྒྱས་པར་མ་གཏོགས་བམ་བསྐང་མི་དགོས། བསྙེན་པ་སོགས་ཀྱི་ཚེ་ལས་བྱང་ལ་ཉིན་བཞིན་ཚོགས་རྫས་བཅས་སྣེ་ཚང་རེ་དགོས། རྒྱུན་མཆོད་ཆད་བརྟན་གསོལ་ཀ་རྣམས་བ་ལིང་རེ་ཡོད་དགོས། རྒྱུན་པར་བགེགས་གཏོར་མི་དགོས། དེ་ནས་ཆོ་ག་དངོས་ལ་ཐོག་མར་ཚིག་བདུན་མ་དང་བསམ་ལྷུན་རྒྱས་བསྡུས་སྔོན་དུ་བཏང་ནས་རང་གཞུང་སྔོན་འགྲོ་རྒྱས་པའམ། བསྡུ་ན་ཚིག་བདུན་མའི་མཇུག་ཏུ་ཀུན་བཟང་ཡབ་ཡུམ་སོགས་བརྒྱུད་འདེབས་དང་སྐྱབས་ཡུལ་མདུན་མཁར་སད་སྐྱབས་འགྲོ་ནས་མཆོད་བརླབ་བར་གཏོང་། བླ་རྣལ་བཟླས་པ་ག་ཏེ་རྒྱུན་དུ་བརྒྱ་རྩ་བརྒྱད་རེ་དང་། བསྙེན་པར་ཞི་བསྙེན་ཚུལ་བྱེ་བ་གཅིག་གམ། སྙིང་ཐིག་བླ་རྣལ་ལྟར་བྱེ་བ་བཅུ་སྟེ་འབུམ་ཕྲག་བརྒྱ་གཏོང་བའི་ཕྱག་ལེན་དང་ལུགས་གཉིས་འདུག །དེ་ནས་ཐུགས་ཐིག་སྤྱི་འགྲོའི་ཟུར་རྒྱན་ལྟར་མཐར་ཆགས་སུ་གཏོང་། མཆོད་བརླབ་ནས་བཟླས་པའི་བར་དཀྱུས་བཞིན་དང་། བསྙེན་ཚད་ལས་རུང་ཙམ་ལ་འབུམ་ལྔ་ཁ་སྐོང་བཅས་དང་དུས་ཀྱིས་བཞི་འགྱུར་གཏོང་ན་འབུམ་ཕྲག་ཉི་ཤུའོ། །རྩ་བསྙེན་ཐེམ་ནས་ལས་བཞིའི་བསྙེན་པ་ཞག་བདུན་ནམ་ལྔའམ་གསུམ་སོགས་གང་རུང་ལ་ཅི་འགྲུབ་གཏོང་། དེ་ཡང་ཐོག་མར་རྩ་བསྙེན་བརྒྱ་རྩ་བརྒྱད་བཟླས་ཏེ་འཇུག་གོ །བསྙེན་མཇུག་ཏུ་དབྱངས་གསལ་ཡིག་བརྒྱ་ཡེ་དྷར་བཅས་དང་། རང་གཞུང་མཆོད་བསྟོད་ཀྱིས་མཇུག་བསྡུས་ཏེ་ཡིག་བརྒྱ་གཏོང་། ཐུན་མཚམས་སུ་དངོས་གྲུབ་བསྐུལ་ཚིག །ཧོཿ མ་ཅིག་ཡུམ་ཆེན་སོགས་ནས་ཤིས་བརྗོད་བར་ཆ་ཚང་གཏོང་། རང་གཞུང་སྨོན་ལམ་དང་། མཐའ་གཏད་དྲག་གཅོད་སོགས་གང་དགོས། གདན་གཅིག་མའམ་ལུས་སྦྱིན་གང་རུང་གི་མཐར། གདན་གཅིག་མའི་གདུལ་བྱར་འགྱུར་བར་ཤོགཿ ཕཊཿཀྱི་འཕྲོས་དང་། ལུས་སྦྱིན་གྱི་ཕཊཿབདག་ཉིད་ཡེ་ནས་སོགས་ཀྱི་མགོར་སྦྱར་དགོས། དུར་གཅོད་ཀྱང་འདྲ། གཉན་ཁྲོད་ལྟ་བུར་འགྲོ་ཚེ། བླ་མར་གསོལ་འདེབས་དང་། འཛིན་གྲོལ་གདམས་པ་དང་ལུས་སྦྱིན་བཏང་སྟེ། སྙིང་རྗེ་བྱང་སེམས་མོས་གུས་ཀྱི་རྩི་དང་མ་བྲལ་བའི་མཉམ་ཉིད་ཀྱི་ལྟ་བ་དང་རོ་སྙོམ་གྱི་བརྟུལ་ཞུགས་ཟུང་དུ་འབྲེལ་བས་གང་ལ་ཡང་ལམ་དུ་འཁྱེར། ཡུལ་རྐྱེན་ལ་རང་དབང་བསྒྱུར་ཅིང་ལྟ་སྒོམ་གྱི་བོགས་ཐོན་པར་བྱའོ། །དེ་ལྟར་ཟབ་གསང་མཁའ་འགྲོའི་སྙན་བརྒྱུད་ཀྱི། །ཟབ་དོན་མན་ངག་འཛིན་པ་རང་གྲོལ་ཆོས། །ཉམས་སུ་ལེན་པའི་ཆ་ལག་ཟིན་བྲིས་འདི། །ཉུང་ངུར་བསྡུས་ཏེ་ལེགས་པར་བཀོད་པ་ལགས། །ཟིན་བྲིས་འདི་ཉིད་མཛད་པོ་རྫོགས་ཆེན་གཅོད་ཀྱི་རྣལ་འབྱོར་པ་སྨན་ལྷ་ལ་རིགས་གསུམ་སྤྲུལ་པའི་སྲས་གསུམ་འཁྲུངས་པའི་བར་མ་མཁན་ཆེན་རྡོ་རྗེ་འཆང་འཇིགས་མེད་ཡོན་ཏན་མགོན་པོའི་རྡོ་རྗེའི་གསུང་བྱིན་ཆེན་ལགས་སོ།། ༈ །།ཡང་རྫོགས་ལུགས་འཛིན་གྲོལ་བཅའ་གཤོམ་རྒྱས་པར། དབུས་སུ་བླ་མ་སྤྱི་འགྲོའི་གཡས་སུ་ཡི་དམ་དཔལ་གཏོར་རིན་ཆེན་འབར་བའི་དབྱིབས་ཅན། གཡོན་དུ་མཁའ་འགྲོའི་གཏོར་མ་གྲི་གུག་གི་དབྱིབས་ཅན། གསུམ་ཀ་པད་འདབ་མཐེབ་རིལ་ཅན་བཀོད། སྤྲོས་མེད་སྤྱི་བསྡུས་བླ་མའི་ཟླུམ་གཏོར་འདབ་བཞི་འཁོར་བཞི་པ། བཀའ་གཏེར་ལ་དམར་གཏོར་མཐེབ་ཀྱུ་བཞི་པ་དང་། བསྙེན་པའི་ཁ་སྐོང་ཁྲི་ལྔ་ཡིན་ཞེས་གསུངས། ཟངས་མདོག་དཔལ་རིའི་སྨོན་ལམ་ཡང་རང་གཏེར་གྱི་ལུགས་ཡིན།། །། ༄༅། །ཡང་ཟབ་འཛིན་པ་རང་གྲོལ་གྱི་ཟིན་བྲིས་ཤེལ་དཀར་མེ་ལོང་བཞུགས། དབུས་མཐའ་བྲལ་བའི་ཆོས་དབྱིངས་ཆེན་པོ་རུ། །མངོན་པར་བྱང་ཆུབ་འོད་མི་འགྱུར་བའི་དཔལ། །རྒྱལ་ཚབ་རིགས་ལྔ་བཙུན་མོར་བཅས་རྣམས་དང་། །གཉེར་འཛིན་ཌཱཀྐིའི་ཚོགས་ཀྱིས་ཤིས་པ་སྩོལ། །ཟབ་ལས་ཆེས་ཟབ་གསང་ཆེན་ཨ་ཏིའི་ཆོས། །བརྒྱུད་གསུམ་ཌཱཀྐིའི་ཐུགས་ཐིག་བཅུད་དྲིལ་བ། །གྲུབ་བརྒྱའི་གཙུག་རྒྱན་པད་འབྱུང་ཡབ་ཡུམ་དང་། །དབྱེར་མེད་འཇའ་ལུས་རྡོ་རྗེའི་དགོངས་པའི་གཏེར། །ཐུགས་ཐིག་རྣམ་གསུམ་དྲི་མ་མེད་པའི་བཀའ། །འཕུར་འགྲོའི་བསྟན་པའི་སྙིང་པོ་ཟབ་པའི་ཐིག །བླ་མ་མཁའ་འགྲོའི་བཀའ་རྒྱས་བཏབ་པའི་ཆོས། །ཡང་ཟབ་སྐལ་བཟང་ཁོ་ནའི་སྤྱོད་ཡུལ་ལས། །ཚེ་འདི་དོན་གཉེར་ལེ་ལོ་རང་ཆེ་འབྱིན། །གསང་སྒོ་འཆོལ་དང་ཐེ་ཚོམ་ཟོལ་ཟོག་ཅན། །སྤྲོས་མེད་ཉམས་ལེན་དམིགས་པ་གཙོ་ཆེ་བས། །སྣོད་མིན་དམ་འགལ་ལོག་པའི་གང་ཟག་ལ། །རླུང་ཕྱོགས་ཙམ་དུའང་མི་སྤེལ་གསང་རྒྱས་གདབ། །སྙིང་ནས་ཆོས་དོན་གཉེར་བའི་ལས་འཕྲོ་ཅན། །ཐུགས་ཐིག་གསང་བའི་མན་ངག་ཉམས་བླང་བས། །ལྟ་སྒོམ་དྲོད་ཐོབ་ཉམས་མྱོང་གདེངས་ལྡན་པའི། །ལམ་གྱི་བོགས་འབྱིན་འཛིན་གྲོལ་གདམས་པ་སྟེ། །སྤྲོས་བཅས་ཆོག་ཁྲིགས་གདངས་དབྱངས་ལ་སོགས་ཀྱི། །རྣམ་གཞག་རྒྱ་ཆེ་གང་ཡང་དགོས་མིན་ཞེས། །བརྒྱུད་པ་གོང་མའི་གསུང་རྒྱུན་བཞུགས་མོད་ཀྱང་། །ཐུན་མོང་སྤྲོས་ལ་དགའ་བའི་རིགས་ཅན་ལ། །བརྒྱུད་པའི་ཕྱག་བཞེས་མ་ནོར་ཇི་བཞིན་དུ། །རང་བློར་ངེས་པ་གང་ཡོད་མདོར་བསྡུས་སུ། །འགོད་ལ་བླ་མ་མཁའ་འགྲོས་གནང་བ་སྩོལ། །དེ་ལ་འདིར་བདག་ཅག་གི་སྟོན་པ་འོད་མི་འགྱུར་བ་འདི་ཉིད་ནང་གསལ་སྤྲོས་པ་དང་བྲལ་བའི་རྣམ་ཀུན་མཆོག་ལྡན་གྱི་ཆོས་དབྱིངས་ཆེན་པོར། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་བདག་ཉིད་དུ་ཡེ་ཐོག་དང་པོར་མངོན་པར་རྫོགས་པ་བྱང་ཆུབ་པའི་གོ་འཕང་མངོན་དུ་མཛད་དེ། དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ་ལས་མ་གཡོས་བཞིན་དུ། ཡེ་ཤེས་རང་སྣང་བའི་ཞིང་ཁམས་ལྔ་ལྡན་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོ་ཚད་མེད་པ་རྣམ་པར་བཀོད་པ་ལ། རང་བཞིན་ཡེ་ཤེས་ཀྱི་སྣང་ཆ་འབྱམས་ཀླས་པའི་ཐུགས་རྗེའི་རྩལ་སྣང་འགགས་པ་མེད་པའི་ཆོ་འཕྲུལ་ཕྱོགས་བཅུ་རང་བཞིན་སྤྲུལ་པའི་ཞིང་ཁམས་གདུལ་བྱ་དག་པའི་སྤྱོད་ཡུལ་དང་འཚམ་པར་སྣང་ཞིང་། དེ་ལས་བཟོ་དང་སྐྱེ་བ་བྱང་ཆུབ་མཆོག་གི་རོལ་པ་མུ་མེད་པའི་ཚུལ་རྒྱ་མཚོས། སྣང་བ་གསུམ་གྱིས་གདུལ་བར་བྱ་བའི་འགྲོ་ཁམས་མ་ལུས་པ་རང་བཞིན་གྱིས་གྲོལ་བར་མཛད་པ་ལས། རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་མན་ངག་གི་ཆ་ལག་དབང་ཁྲིད་ལམ་གྱི་ཆ་རྐྱེན་ལུས་མེད་མཁའ་འགྲོའི་ཐུགས་ཐིག་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དུ་མཁའ་འགྲོ་མ་གསང་བ་ཡེ་ཤེས་ཀྱི་ཡབ་ཀྱི་ཚུལ་དང་། བཀོད་པ་ལྷུན་གྱིས་གྲུབ་པའི་ཞིང་ན་རིག་འཛིན་གྱི་རྒྱལ་པོ་རྡོ་རྗེ་ཆོས་དང་། གཞན་རིག་འཛིན་ཐོད་པ་རྩལ་དང་རྡོ་རྗེ་སྙིང་པོ་སོགས་མཚན་དང་སྐུའི་བཀོད་པ་དུ་མ་དང་ལྡན་པའི་རིགས་ཀྱི་བདག་པོ་བླ་མ་དྲི་མ་མེད་པའི་དགོངས་བཅུད་ཟབ་པའི་མཐར་ཐུག་མན་ངག་གི་ཉིང་ཁུ་འདི་ཉིད། བླ་མ་དྲི་མ་མེད་པ་ཉིད་གང་འདུལ་སྤྲུལ་པའི་རོལ་པ་ཅིར་ཡང་བསྒྱུར་པ་ཨོ་རྒྱན་ཐོད་ཕྲེང་རྩལ་དང་། བརྟུལ་ཞུགས་ཨ་ཙརྻ་དམར་པོ། ཕ་གཅིག་དམ་པ་ནག་པོ་སོགས། རྒྱ་གར་འཕགས་པའི་ཡུལ་ཁོ་ནར་ཡང་གྲུབ་ཐོབ་ལྔ་བསྐོར་ཙམ་དུ་སྣང་བར་མཛད་ཅིང་། སླར་ཡང་སྙིགས་མའི་དུས་འདིར་གྲུབ་པའི་རིག་འཛིན་གྱི་ཚུལ་དུ་ཕེབས་པ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེའམ་གཏེར་ཆེན་འཇའ་ལུས་རྡོ་རྗེ། བརྟུལ་ཞུགས་ཁྲག་འཐུང་དཔའ་བོ་སོགས་མཚན་གྱི་རྣམ་གྲངས་དུ་མ་དང་ལྡན་པའི་གྲུབ་པའི་དབང་ཕྱུག་ཆེན་པོ་དེ་ཉིད་སྐུ་གསུམ་གྱི་སྟོན་པ་རྣམས་དང་མཉམ་གཞག་ཆོས་སྐུའི་དགོངས་ཀློང་གཅིག་ཏུ་འདྲེས་ཤིང་། རྗེས་ཐོབ་དུ་དག་ཆེན་ཡེ་ཤེས་ཀྱི་གཟིགས་པ་འབྱམས་སུ་ཀླས་པའི་འོད་གསལ་གྱི་སྣང་ཆར་བླ་མ་མཁའ་འགྲོ་འདུ་འབྲལ་མེད་པའི་བྱིན་རླབས་དོན་བརྒྱུད་ཀྱི་དབང་བསྐུར་ཞིང་། རང་བྱུང་གསང་བ་ཆེན་པོའི་བརྡའི་རི་མོ་འགྱུར་མེད་དགོངས་པའི་དབྱིངས་སུ་སྤར་བཏབ་པ་བཞིན་མངོན་སུམ་སྣང་བར་མཛད་དེ། ལས་ཅན་གྱི་ཆོས་བདག་དང་གཉེར་འཛིན་ཌཱཀྐིའི་བཀས་གནང་ཞིང་ཆེད་དུ་བསྐུལ་མ་མཛད་པ་ལ་བརྟེན། བསྟན་ལ་ཕན་པའི་ཆོས་སྡེ་ཨ་ཏི་འཛིན་པ་རང་གྲོལ་ཞེས་ཡོངས་སུ་གྲགས་པའི་གདམས་པ་ཟབ་མོ་འདི་ཉིད་ལ་ཉམས་བཞེས་གཅིག་ཏུ་གཞོལ་བའི་སྐལ་ལྡན་རྣམས་ཀྱིས། བརྒྱུད་པ་བར་མ་ཆད་པའི་ཕྱག་བཞེས་བཞིན་བཅའ་བཤམས་དང་འདོན་འགྲིགས་ཀྱི་རིམ་པ་རགས་རིམ་ཙམ་འགོད་པ་ལ། ཐོག་མར་ལོ་རྒྱུས་གཉིས་དང་ལྡན་ཞིང་གངས་ཁྲོད་སོགས་མཚན་ཉིད་ཚང་བའི་གནས་སུ་དབང་གིས་སྨིན་ཅིང་དམ་ཚིག་དང་ལྡན་པའི་རྣལ་འབྱོར་པ་ལམ་འདི་ལ་ཞུགས་ཏེ་མཆོག་ཐུན་གྱི་དངོས་གྲུབ་ཚེ་འདིར་སྒྲུབ་པར་འདོད་པ་རྣམས་ཀྱིས། རང་གཞུང་གསེར་ཡིག་ཅན་གྱི་ཁྲིད་རིམ་ལྟར་རྒྱུད་སྦྱོང་བའི་མན་ངག་བླ་མའི་ཞལ་ཁྲིད་ཇི་ལྟ་བར་བརྒྱུད་པ་བར་མ་ཆད་པའི་ཕྱག་བཞེས་བཞིན་དང་། དངོས་གཞིའི་ངོ་སྤྲོད་ཐུན་མིན་གྱི་རང་ལུགས་ཉམས་ཁྲིད་ཀྱི་ཚུལ་དུ་གནད་དུ་སྨིན་ངེས་དགོས་ཀྱང་། དེང་སང་ཐུགས་ཐིག་རྣམ་གསུམ་གྱི་ཁྲིད་རྒྱུན་ཆེར་མི་བཞུགས་པས། ཀློང་ཆེན་སྙིང་ཐིག་གི་ཐུན་མོང་ཕྱི་ནང་དང་། ཁྱད་པར་གྱི་སྔོན་འགྲོ་དངོས་གཞི་བཅས་ཀྱི་ལམ་ལ་གོམས་པའི་སྐལ་ལྡན་རྣམས་ཀྱིས་ལམ་གྱི་བོགས་འབྱིན་པ་དང་། ལྟ་སྒོམ་རྩལ་སྦྱང་བའི་ཆ་རྐྱེན་དུ་ཟབ་དོན་གཅོད་ཀྱི་གདམས་པ་འདི་ཉིད། རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་དང་འོད་གསལ་སྤྱོད་པའི་གནད་ཡིག་སོགས་དང་མན་ངག་གནད་གཅིག་པས་དེ་ཀའི་ཆ་ལག་ཏུ་བྱས་ཀྱང་མི་འགལ་ཞིང་འཐད་ཆེ་བར་གསུངས་པས། དེའི་ལུགས་ལྟར་བྱ་བ་འཇུག་པ་བདེ་ཞིང་སྐབས་སུ་བབས་ལ། སྤྱིར་གདམས་པ་འདི། ཨ་ཏི་ཐུགས་ཀྱི་ཐིག་ལེ་ཞེས་རྫོགས་པ་ཆེན་པོའི་མན་ངག་ཁོ་ནར་ངེས་པ་ལས། རྒྱུད་སྡེ་འོག་མ་ལྟར་སྤྲོས་བཅས་ཀྱི་བསྐྱེད་རྫོགས་ལ་ལྟོས་པ་ཅན་མིན་ཡང་། ཨ་ཏི་རང་ལུགས་ཀྱི་ལྷུན་གྲུབ་སྣང་སྟོང་དུ་ཤར་བ་ཟབ་མོའི་བསྐྱེད་རིམ་ལྟར་རིམ་གཉིས་ཟུང་འཇུག་སྤྲོས་མེད་ཀྱི་བསྐྱེད་རྫོགས་ཁོ་ནར་རྩལ་དུ་བཏོན་ཏེ། དྲིལ་སྒྲུབ་སྙིང་པོ་བཅུད་དྲིལ་གྱི་གཞི་བསྙེན་ལས་རུང་ཙམ་ཐ་ནའང་སྔོན་དུ་འགྲོ་དགོས་པས། དེའི་བཅའ་གཤོམ་གྱི་རིམ་པ་ལ། དཀྱིལ་འཁོར་རྒྱས་བསྡུས་སྐབས་བསྟུན་ལ། བསྡུས་པ་གཞུང་གི་དངོས་བསྟན་ལྟར་འབྲུའི་ཚོམ་བུ་ལྔའི་ཁར། དབུས་སུ་བྷནྡྷ་བམ་རིལ་ལམ་མིན་ཡང་དུམ་གསུམ་མཚན་ལྡན་གྱི་ནང་དུ་འབྲུ་བཅུད་ཆང་ངམ། རྩི་བཅུད་འོ་མ་བུར་སྦྲང་སོགས་ཀྱིས་གཏམས་པ་ལ། སེལ་མེད་ཀྱི་ཆོས་སྨན་བཏབ་པ་དར་དམར་བརྒྱད་ལྟེབ་ཀྱིས་ཁ་དགབ། དེའི་ཤར་དུ་ཕྱི་ནང་གི་མཆོད་པ་དང་། ལྷོ་རུ་སྨན། ནུབ་ཏུ་ཁྲོས་མ་ལྷ་ལྔའི་གཏོར་མ་ཆོས་འབྱུང་བསྣོལ་མ་གདན་ཐབས་ཀྱི་སྟེང་དུ་ཞིང་ལྤགས་གན་རྐྱལ་མགོ་བོ་མདུན་དུ་བསྟན་པའི་དབུས། དམར་གཏོར་གྲི་རིས་ཅན་འཁོར་རང་འདྲ་བཞི། མཚམས་སུ་མཐེབ་རིལ་ཁྲོས་མའི་སྐུ་ཙཀ་གམ་མིན་ཡང་མདའ་སྒྲོ་ལྡན་ལ་དར་མཐིང་གའི་གཏོར་གདུགས་ཀྱིས་སྤྲས་པ་རྒྱབ་ཏུ་གཟུགས། བྱང་དུ་རཀྟ། མཚམས་བཞིར་རྙིང་ལུགས་སྤྱི་འགྲོས་ཆད་ཐོ་དང་། འཛིན་གྲོལ་བཀའ་དང་གཏེར་སྲུང་གི་མཆོད་གཏོར་གཏོར་སྤུངས་སུ་འཁོར་གཏོར་ཆུང་ལྔ་རྒྱབ་ཏུ་དཀར་གཏོར་པད་འདབ་བཞི་ལྡན་མཚམས་སུ་མཐེབ་རིལ་ཅན་དང་། ཚོགས་དང་རྒྱུན་གཏོར་མཆོད་པ་བ་ལིང་བཅས་དང་། སྔོན་གཏོར་གཏོར་ཆུང་ཆངས་བུ་མཐེབ་རིལ་བཅས་པ་དང་གསེར་སྐྱེམས་བཅས་འདུ་བྱ་ཞིང་། མཚམས་ཀྱི་སྔོན་འགྲོ་རྒྱལ་ཆེན་ཐོ་འཛུགས་སོགས་བསྙེན་ཡིག་སྤྱི་འགྲོས་ལྟར་བྱ། གཞུང་ལ་འཇུག་པའི་དང་པོར། ཚིག་བདུན་གསོལ་འདེབས་དང་བསམ་པ་ལྷུན་གྲུབ་སོགས་གུ་རུའི་གསོལ་འདེབས་རྒྱས་བསྡུས་ཅི་རིགས་དང་། ཀུན་བཟང་རྡོར་སེམས་སོགས། འཛམ་གླིང་མཛེས་པའི་སོགས། ཤེས་བྱ་ཀུན་མཁྱེན་སོགས། དུས་གསུམ་ཀུན་མཁྱེན་སོགས། ཨོ་རྒྱན་པད་འབྱུང་སོགས་ལེ་ཚན་གསུམ། རང་གཞུང་ཨེ་མ་ཧོ། སངས་རྒྱས་ཀུན་འདུས་སོགས་ལན་གསུམ་མཐར་རང་གཞུང་སྐྱབས་སེམས་ཡན་ལག་བདུན་པ་བཅས་སོང་མཚམས། འབྲུ་གསུམ་དང་སྔགས་དྲུག་ཕྱག་དྲུག་གསེར་སྐྱེམས་རྒྱས་བསྡུས་ཅི་རིགས་དང་། བགེགས་གཏོར་ལྡེབ་གཅིག་ཟུར་དུ་ཡོད་པ་སྦྱར། དེ་ནས་བླ་མའི་རྣལ་འབྱོར་ཡུམ་ཆེན་སྒོམ་བཟླས་ལ། སྤྱི་ཁྱབ་ལས་རུང་ཙམ་ལ་བསྙེན་པ་ག་ཏེ་བརྒྱ་སྐོར་ཙམ་རེ་བསགས་མཐར་གཞུང་ལ་འཇུག་ནས་ཁྲོས་མའི་བསྙེན་པ་གྲངས་གསག་ཡིན་ཡང་། ཞི་བསྙེན་ལྟ་བུའི་དོད་དུ་མ་མཐའ་འབུམ་ཕྲག་བཅུ་རེ་དང་། རབ་ན་འབུམ་ཕྲག་བརྒྱ་རེ་གསག་དགོས་གསུང་སྲོལ་ཡོད་པས་དེ་ལྟར་བྱེད་ཚེ། ཐོག་མར་ཐུན་དངོས་གཞིའི་གྲངས་གསག་རྒྱུ་ག་ཏེ་མ་ལ་བྱེད། ཐུན་མཇུག་ལས་གཞུང་གྲངས་སྐབས་བསྟུན་ནས། གྲུབ་མཚམས་གཏང་རག་མཆོད་བསྟོད་སོགས་མཐར་ཆགས་སུ་བཏང་ནས་ཐུན་བཞི་བྱེད། ཕྱི་ཐུན་ལ་ཚོགས་དང་བཀའ་སྲུང་རྒྱུན་གཏོར་ཆགས་མེད་བྱ། ཐུན་གཞན་ལ་བསྙེན་བསྟོད་མཇུག་དངོས་གྲུབ་ལེན་པ་ནས་བརྩམ་སྟེ་དེ་མན་ཆད་ཚང་བར་བཏོན་པས་འཐུས། བགེགས་གཏོར་ཡང་སྔ་ཐུན་ལ་མ་གཏོགས་མ་བཏོན་ཡང་ཆད་སྐྱོན་མེད་ཀྱང་། ཐུན་རེ་རེ་བཞིན་འདོན་གྲུབ་ནའང་ཐུན་མཚམས་ཀྱི་ཉུལ་ལེ་འདུལ་བའི་ཚུལ་དུ་ཕུན་སུམ་ཚོགས་པའི་ཡན་ལག་ཡིན་གསུངས། རྒྱུན་དུ་ཚོགས་རྫས་སྣེ་ཚང་རེ་དགོས་ཤིང་། རྒྱུན་གཏོར་ཆད་བརྟན་སོགས་སྤྱི་འཐུས་བ་ལིང་ཁོ་ནས་ཆོག །ཁྲོས་མའི་བསྙེན་པ་ལ་ལས་རུང་ཙམ་ལ་འབུམ་ཕྲག་ལྔ་ཁ་སྐོང་བཅས་དང་། རྒྱས་པར་བྱེད་ན་དུས་ཀྱི་དབང་གིས་དེ་ཉིད་བཞི་འགྱུར་བྱེད་དགོས་པར་གསུངས་པས་འབུམ་ཕྲག་ཉེར་གཉིས་བྱ་བ་ལགས། བསྙེན་པ་ཁ་སྐོང་གི་སྦྱིན་སྲེག་ནི་བསྙེན་པའི་བཅུ་ཆ་ངེས་པར་དགོས་ལ་མཁའ་འགྲོ་སྒྲུབ་པའི་སྒེར་ཆོས་སུ། མེ་དང་ཚོགས་དང་གཏོར་མའི་མཆོད་པ་གལ་ཆེ་བར་གསུངས་པས་སོ། །དེ་ཡང་རང་གཞུང་དྲག་སྲེག་ཁོ་ན་ལས་འཇུག་བདེ་མེད་ཀྱང་། ཡུམ་ཀ་བདེ་ཆེན་རྒྱལ་མོ་ནི་དབྱིངས་ཀྱི་ཌཱཀྐིའི་རྗེ་མོར་ཞུགས་པས། སྐུ་གསུམ་གྱི་རྣམ་རོལ་ཞི་ཆགས་ཁྲོ་མོའི་སྣང་ཆ་ཅིར་ཡང་བསྒྱུར་པའི་ནང་ཚན་སྤྲུལ་སྐུའི་མཁའ་འགྲོ་བདུད་འདུལ་ཁྲོས་མའི་ལྷ་ཡིན་ཕྱིར། ཡུམ་ཀའི་མེ་མཆོད་ལ་མཆོད་བསྟོད་སོགས་འཛིན་གྲོལ་གཞུང་ལྟར་སྦྱར་ཞིང་ཁྲོས་མའི་བསྙེན་པས་རྫས་འབུལ་བ་ཙམ་ཁྱད་པར་ལས་གཞན་དཀྱུས་ལྟར་བྱས་པས་གྲུབ་པ་ལགས་སོ། །བསྙེན་མཇུག་དངོས་གྲུབ་ལེན་པ་ཆོ་ག་སྤྱི་འགྲེ་ལྟར་ལས་དམིགས་བསལ་གང་ཡང་མེད་དོ། ༈ །དུས་རྒྱུན་གཅོད་གཞུང་ལ་ཚོགས་སྦྱར་ཏེ་ཉིན་ཆོག་ལྟ་བུ་བྱེད་ན། ཐོག་མར་གནས་ཁང་དེར་སླེབ་མ་ཐག །ཨེ་མ་ཧོ། སངས་རྒྱས་ཀུན་འདུས་སོགས་རང་གཞུང་གསོལ་འདེབས་སྔོན་དུ་འགྲོ་བས་དབང་སྡུད་ཟིལ་གནོན་རྡོ་རྗེའི་གད་མོ་ལྟར་བྱ། དེ་ནས་བཅའ་གཤོམ་ལ། དབུས་སུ་ཁྲོས་མའི་གཏོར་མ་དང་བཀའ་དང་གཏེར་གྱི་སྲུང་མ་ཆད་བརྟན་རྣམས་ལས་བྱང་ལྟར་དང་། ཚོགས་ཀྱི་སྐོང་གཏོར་བམ་བསྐང་ཞེས་པ་དཀར་ཟླུམ་རྩེ་བཅད་རྒྱབ་མ་ཉམས་པ་མདུན་ངོས་བམ་གཟུགས་ཙོག་པུའི་པུས་སྟེང་ཐལ་མོ་གྱེན་ལ་བསྟན་ཅིང་། མགོ་དང་ཕྲག་པ་གཉིས་དང་ལག་གཉིས་བཅས་ལྔ་ལ་དམར་ཟླུམ་ཚོགས་ཀྱི་དབྱིབས་འདྲ་བ་ལྔ་ཡོད་པ་དང་། ཚོགས་ཀྱང་བམ་གཟུགས་ཚོགས་ཟླུམ་སོགས་ཅི་རིགས་ཤ་ཆང་སོགས་ཚོགས་རྫས་བཟའ་བཏུང་གི་བྱེ་བྲག་ཚང་བར་འདུ་བྱ། ཐོག་མར་ཆོས་སྤྱོད་རྒྱས་བསྡུས་སྐབས་དང་བསྟུན། གཞུང་དངོས་ཀྱི་དང་པོ། ཨེ་མ་ཧོ། སངས་རྒྱས་ཀུན་འདུས་བླ་མ་ཆོས་ཀྱི་སྐུ། །སོགས་ལན་གསུམ། འཛིན་པ་རང་གྲོལ་གདམས་པ་སྐྱབས་སེམས་གསོལ་འདེབས་བསྙེན་པའི་བར་གཞུང་ལྟར་ལ། ན་མོཿ གཏན་གྱི་སྐྱབས་གནས་སོགས་གསོལ་འདེབས་ཤྭ་ལོ་ཀ་གཅིག་པོ་གསུམ་མམ་བདུན་བརྗོད། ག་ཏེ་བརྒྱ་སྐོར་ཙམ་བཟླ། བླ་མ་ཡབ་ཡུམ་སོགས་ནས། མངོན་ཞེན་སྦྱངསཿ ཞེས་པའི་མཐར་ཡང་ག་ཏེ་ཅུང་ཟད་བཟླས་མཐར། ཌཱ་དྲིལ་བཅས། ཕཊཿ ཨ་འཐས་འཁྲུལ་སྣང་སོགས་ནས། རོ་གཅིག་ཆེན་པོའི་ངངཿབར་འདོན་ལ་ཌཱ་བཅད་དེ། ཕཊཿ གཙོ་མོའི་ཐུགས་ཀར་སོགས་བཟླས་དམིགས་སྔ་ཕྱི་གཉིས་ཀའི་མཐར་བསྙེན་སྒྲུབ་སྔགས་བཟླ། དེ་ནས་གཞུང་ལྟར་མཐར་ཆགས་སུ་མཇུག་རྫོགས་ཀྱི་བར་བཏང་། དེ་ནས་ཉམས་ལེན་གཞུང་ཤིང་ཆེན་མོ་ཚང་བར་འདོན། དེ་ནས་ཚོགས་མཆོད་ཕྲིན་ལས་གློག་ཞགས་དཀྱུས་ལྟར་ལྷག་མ་བསྔོ་ཞིང་སྨོན་ལམ་བཅས་སྲུང་མ་ལ་གཏོར་མ་སྦྱིན་པའི་བར་ཆ་ཚང་མཐར་འདི་མཚམས་བཀའ་དང་གཏེར་སྲུང་གི་རྒྱུན་གཏོར་སྦྱར་དགོས། ཆད་བརྟན་སོགས་ཚོགས་མཆོད་ཀྱི་མཇུག་ཏུ་མཐའ་སྡུད་རྗེས་ཆོག་སྦྱར་བས་རྒྱས་པའི་ལུགས་ལྟར་གྲུབ་པ་ལགས། ༈ འབྲིང་པོར་སྤྱིར་དེ་ལྟར་ལ་ཉམས་ལེན་གཞུང་ཤིང་ཚབ་ཏུ་གདན་ཐོག་གཅིག་མ་དང་། ༈ བསྡུས་པ་ལ་འཛིན་གྲོལ་གདམས་པ་ཡང་མི་དགོས་ཤིང་། ཉམས་ལེན་སྤར་བཅང་ཁོ་ནའི་མཇུག་ཏུ་ཚོགས་མཆོད་སྦྱར་བ་ཙམ་གྱི་ཁྱད་པར་ལས་མེད། ༈ དྲག་གཅོད་མཐའ་གཏད་སོགས་ལ། འཛིན་གྲོལ་གདམས་པ་སྔོན་དུ་འགྲོ་བས། གདན་གཅིག་གམ་ཉམས་ལེན་སྤར་བཅང་མ་གང་ཡིན་གྱི་དམར་འགྱེད་ཀྱི་ལྷག་མའི་མཇུག་ཏུ་སྦྱར་དགོས། རྗེས་ལ་དེ་མན་རྗེས་ཆོག་ཚུལ་དུ་བྱའོ། ༈ །དྲག་སྲེག་ཀྱང་གཞུང་རྒྱས་འབྲིང་བསྡུས་གསུམ་གང་རུང་མཇུག་ཏུ་སྦྱར་བ་ལགས། ༈ གཤིན་པོ་རྗེས་འཛིན་སྐབས་ཚོགས་རྒྱས་པ་ཉིན་ཆོག་བྱེད་ན་གོང་དུ་བཤད་པ་ལྟར་ཆ་ཚང་བའི་མཇུག་ཏུ་སྦྱར་བའམ། བསྡུས་པ་བྱེད་ན་ཉམས་ལེན་སྤར་བཅང་ལ་སྦྱར་བས་ཆོག །ལར་ཕྱག་བཞེས་རྗེས་བཅད་ཁྲིགས་ཆགས་ཁོ་ན་དགོས་པའི་ཆོ་ག་གཞན་འགྲེ་ལྟར་བྱ་མི་དགོས་མོད། ཀུ་སུ་ལུའི་ཉམས་ལེན་ལྟ་དགོངས་དང་དམིགས་པ་གཙོ་ཆེ་བའི་ལུགས་གཉན་ཁྲོད་སོགས་སུ་གཏད་མེད་བྱུང་རྒྱལ་སྨྱོན་པ་ལྟ་བུའི་ཚུལ་གྱིས་ཉམས་སུ་ལེན་རུང་ཡིན་ཞེས་གསུང་སྲོལ་ཡོད་པས་གྲོང་ཆོག་སོགས་ལ་ཧ་ཅང་ཁྱབ་བདལ་དུ་འདོན་སྲོལ་ཡང་མེད། སླར་སྨྲས་པ། གསང་ཆེན་གསང་བའི་མཐར་ཐུག་བླ་ན་མེད། །ཌཱཀྐིའི་ཐུགས་ཐིག་འཛིན་གྲོལ་གདམས་པ་འདི། །ལས་སྐལ་ལྡན་པའི་ལམ་གྱི་བོགས་འབྱིན་ལས། །གྲོང་གཅོད་ཕལ་གྱི་སྤྱོད་ཡུལ་མ་ལགས་ཀྱང་། །དེང་སང་གདུལ་བྱ་དུས་བབས་རྟེན་འབྲེལ་གྱིས། །ཐོས་གྲོལ་གདམས་པ་འདི་ཀོ་རླུང་ལྟར་དུ། །ཡོངས་ལ་གྲགས་པ་རྒྱལ་བའི་ཕྲིན་ལས་ཕྱིར། །འབྲེལ་ཚད་དོན་ལྡན་གྱུར་རྣམས་ཡི་རང་སྐྱེས། །དེ་ལྟའི་ཚུལ་འདིར་ཉམས་བཞེས་ལྷུར་མཛད་པའི། །མཆོག་གི་ནིརྨཱ་ཀཱ་དེའི་བཞེད་སྐོང་དུ། །རྨོངས་རྟུལ་གདོལ་སྤྱོད་མཁན་པོ་ནཱ་ཐའི་མིང་། །གང་དེས་ས་བཅད་མ་སྟོང་ཙམ་དུ་བྲིས། །དེ་ལས་ཐོབ་པའི་རྣམ་དཀར་མཆིས་སྲིད་ན། །འགྲོ་ཀུན་སངས་རྒྱས་འཐོབ་པའི་རྒྱུ་རུ་བསྔོ། །གཞན་དུ་རྨོངས་བློའི་ནོངས་པ་མཆིས་སོ་ཅོག །ཡེ་ཤེས་སྤྱན་ལྡན་རྣམས་ལ་བཟོད་པར་གསོལ། །དགེའོ། །བཀྲ་ཤིས།། །།