SPCD-KABUM-01-KA-004

From Khyentse Lineage - A Tsadra Foundation Project
Revision as of 09:30, 3 July 2024 by Mort (talk | contribs)

SPCD-KABUM-01-KA-004
Wylie title SPCD-KABUM-01-KA-004.pdf
Location 'phags mchog bka' 'bum
Volume 1, Text 4, Pages (Folios to )
Author འཕགས་མཆོག་རྡོ་རྗེ་
Less details More details
Citation 'phags mchog rdo rje. '. In Mtshungs med grub sras 'phags mchog rdo rje mchog gi gsung 'bum rin po che , Vol. : . Kathmandu: Khenpo Shedup Tenzin & Lama Thinley Namgyal, 2004.
Genre
[edit]

ཆོས་འཆད་ཉན་གྱི་ས་བཅད་མདོ་ཙམ་བཤད་པ་བཞུགས་སོ།།

སྐུ་ནི་མི་འགྱུར་བདེ་ཆེན་ཟང་ཐལ་སྐུ། །གསུང་ནི་མི་འགག་རང་བྱུང་ཡེ་ཤེས་གསུང་། །ཐུགས་ནི་མི་གཡོ་སྨྲ་བསམ་བརྗོད་ལས་འདས། །ཀུན་བཟང་སྐྱེ་འགག་མེད་ལ་གུས་ཕྱག་འཚལ། །བལྟས་པ་ཙམ་གྱིས་ཁམས་གསུམ་དབང་དུ་བསྡུ། །བསྡིགས་པ་ཙམ་གྱིས་སྡེ་བརྒྱད་བྲན་དུ་བསྐོལ། །བསམ་པ་ཙམ་གྱིས་དངོས་གྲུབ་ཆར་ལྟར་འབེབ། །ཨོ་རྒྱན་བརྒྱུད་པར་བཅས་ལ་གསོལ་བ་འདེབས། །འཛམ་གླིང་མཛེས་པའི་རྒྱན་དྲུག་མཆོག་གཉིས་དང་། །ཐུགས་རྗེ་ལུང་རྟོགས་མཉམ་པའི་མཐུ་མངའ་ཡང་། །ནགས་ཁྲོད་དམ་པར་སྦས་པའི་བརྟུལ་ཞུགས་མཁས། །ཀློང་ཆེན་རབ་འབྱམས་ཞབས་ལ་གསོལ་བ་འདེབས། །སྲས་བཅས་རྒྱལ་བའི་ཡབ་གཅིག་འཇམ་པའི་དབྱངས། །མཁྱེན་བརྩེའི་དབང་པོ་མཆོག་གི་སྐུར་སྣང་བར། །པདྨས་བྱིན་རླབས་འོད་གསལ་མདོ་སྔགས་གླིང་། །སྐྱབས་གནས་ཀུན་འདུས་ངོ་བོར་གསོལ་བ་འདེབས། །གངས་ལྗོངས་མཁས་གྲུབ་རྒྱ་མཚོའི་ཡིད་བཞིན་ནོར། །རླབས་ཆེན་ཕྲིན་ལས་རྒྱ་མཚོའི་འདོད་དགུ་འཇོ། །རིས་མེད་བསྟན་པ་རྒྱ་མཚོའི་དབུགས་འབྱིན་པ། །སི་ཏུ་རྒྱ་མཚོ་སྙིང་གི་དབུས་སུ་རོལ། །ཧྲཱིཿ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །རང་སེམས་ཆོས་སྐུར་མངོན་སུམ་སྟོན་མཛད་པ། །རྩ་བའི་བླ་མའི་ཞབས་ལ་གསོལ་བ་འདེབས། །དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྤྱི་བོར་པད་ཟླའི་གདན་བཞུགས་ལ༑ །བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཁྱབ་བདག་དཔལ་མགོན་རྩ་བའི་བླ་མ་རིན་པོ་ཆེ་མཁྱེན་ནོ། །བདག་དང་སློབ་མའི་རྒྱུད་ཡོངས་སུ་གྲོལ་བར་བྱིན་གྱིས་རློབས། གང་དག་ཕྱོགས་བཅུ་སྟོང་གི་འཇིག་རྟེན་ན། །བདེ་གཤེགས་སློབ་མར་གྱུར་པ་གང་སུ་དག །དེང་འདིར་སྟོན་པའི་ཆོས་ཀྱི་ཆར་འབེབས་པས། །གསན་པར་འདོད་པ་ཐམས་ཅད་འདིར་གཤེགས་ཤིག །ན་མོ། ཨཱརྻ་ཚངས་པ་ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །གྲུལ་བུམ་དག་དང་མི་ཡི་སྐད་རྣམས་ཀྱིས། །འགྲོ་བ་ཀུན་གྱི་སྒྲ་སྐད་ཇི་ཙམ་པར། །ཐམས་ཅད་སྐད་དུ་བདག་གིས་ཆོས་བསྟན་ཏོ། །དེའང་གང་གསན་པར་བྱ་བའི་ཆོས་ཀྱི་རྣམ་གྲངས་དང་མཛད་པ་པོའི་ལོ་རྒྱུས་ཆེ་བ་དེང་མདོ་ཙམ་ཞིག་གིས་མཚོན་འབུལ་བྱེད་ན། གངས་ལྗོངས་གྲུབ་རིགས་རྒྱ་མཚོའི་འཁོར་ལོའི་དབང་ཕྱུག་ཆེན་པོ་དཔལ་ཀུན་ཏུ་བཟང་པོ་མི་ཡི་གཟུགས་སུ་བྱོན་པ། མཚན་བརྗོད་པར་དཀའ་བ་འཇའ་ལུས་རྡོ་རྗེ་རྩལ་ལམ་ཤཱཀྱ་ཤྲཱི་ཛྙཱ་ན་དེ་ཉིད་སྲིད་དང་ཞི་བའི་བདག་ཉིད་ཆོས་ཀྱི་དབྱིངས་ཆེན་པོར་ཡེ་གདོད་མ་ནས་མངོན་པར་བྱང་ཆུབ་ནའང་། མཐའ་ཡས་འགྲོ་བ་རྣམས་ལ་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོས་བསམ་བཞིན་དུ་སྐུ་ཡི་སྐྱེ་བ་ངོ་མཚར་དུ་མ་དང་ལྡན་པར་འཁྲུངས་ཏེ་གདུལ་བྱ་རྣམས་གང་འདུལ་ཐབས་ལ་དྲངས་པའི་ཕྱིར་མཁས་གྲུབ་དུ་མའི་ཞལ་སྔ་ནས་གསན་བསམ་སྒོམ་པའི་ཡོན་ཏན་རྒྱ་མཚོས་ཐུགས་རྒྱུད་ཡོངས་སུ་འགེངས་པར་མཛད་པ་མ་ཟད། སྔོན་གོམས་རིག་པའི་རྩལ་ཆེན་གཅིག་ཆར་དུ་སད་ཅིང་སྐུ་ཚེ་ཧྲིལ་པོར་སྒྲུབ་པའི་རྒྱལ་མཚན་གཅིག་ཏུ་འཛུགས་ནས། གཞན་དོན་ཆོས་ཀྱི་གྲིབ་བསིལ་ཡངས་པོས་གངས་ལྗོངས་མཐའ་དབུས་མེད་པའི་ཚ་གདུང་སེལ་བའི་བདག་ཉིད་ཆེན་པོ་གཅིག་ཏུ་གྱུར་པའི་གསང་བ་གསུམ་གྱི་རྣམ་པར་ཐར་པ་ནི་སོ་སོའི་སྐྱེ་བོའི་བསམ་བརྗོད་ཀྱི་ཡུལ་ལས་འདས་ཤིང་ཉི་ཟླ་ལྟར་ཡོངས་སུ་གྲགས་པ། དེ་ལྟར་མ་ཟད་བཀའ་འབུམ་རིན་པོ་ཆེའི་སྐོར་ཡང་སྒྲུབ་བསྟན་འཛིན་པ་ལ་ལའི་ལུགས་ལྟར་ན་པུསྟ་ཀ་བརྒྱ་ཕྲག་ལོང་བ་ཞིག་བཞུགས་དགོས་ཤག་ཀྱང་། ལར་སྔོན་བྱོན་རྒྱལ་བ་གོང་མ་རྣམས་ཀྱི་བཀའ་གཏེར་གསར་རྙིང་གི་ཆོས་སྐོར་གཅིག་ལས་གཅིག་ལྷག་དུ་མ་ཞིག་བཞུགས་བཞིན་གང་ཟག་སོ་སོའི་ཉམས་སུ་ལོན་པར་དཀའ་བའི་དེང་དུས་རྡུལ་ཁྲོད་དུ་གཟིམ་ཡོལ་དུ་ཉེ་བ་འདི་དག་མཐོང་ཆོས་སུ་ལགས་ན། བདག་ལྟ་བུས་འབྲི་བཀོད་གསར་དུ་བྱ་བའི་དགོས་པ་ཆུང་ཚུལ་སོགས་ཀྱིས་ཤིན་ཏུ་སྦས་པའི་རྣལ་འབྱོར་སྤྲོས་མེད་ཁོ་ནར་མཛད་སྲོལ་ཡོད་དར་ཞིང་། འོན་ཏེ་དགོངས་པ་ཀ་དག་གི་ངང་ནས་འབད་དང་རྩོལ་བའི་དྲི་མ་ཡོངས་སུ་བྲལ་ཞིང་དབྱིངས་རིག་ཁྱབ་བརྡལ་ཆེན་པོའི་སྒྲོམ་བུ་ལས། ཐུགས་རྗེའི་རང་གདངས་སུ་ཤར་བའི་ཟབ་མོ་དགོངས་པའི་ཆོས་གཏེར་རྒྱ་མཚོའི་མཛོད་ལས། ཞུ་རྐྱེན་རྟེན་འབྲེལ་དགོས་ཁྱད་ལ་བསྙད་པའི་སྐད་ཅིག་ཐོལ་བྱུང་གིས་ཕྲན་ཚེག་གཏན་ལ་ཕབ་མཛད་པའི་སྐོར་བཀའ་འབུམ་རིན་པོ་ཆེ་དངོས་བཞུགས་འདི་དག་གི་ལྗགས་ལུང་ནི། བཀའ་དྲིན་སུམ་ལྡན་ཡབ་རྗེ་རྡོ་རྗེ་འཆང་དངོས་དེ་ཉིད་ཀྱི་ཞལ་སྔ་ནས་ཕལ་ཆེར་ཐོབ་པ་དང་། གསུང་ཐོར་བུ་རེ་གཉིས་ཞལ་སློབ་རྒན་པ་རྣམས་པའི་མདུན་ནས་ནོད་ཅིང་དོན་དུ་ལུང་གི་རིམ་པ་ཁྱབ་ཚང་བར་ཡོད་པ་ལྟར། ཀུན་སློང་ལྷག་བསམ་བཟང་པོའི་སྒོ་ནས་ཕུལ་བ་ལ། ལེགས་ཉེས་སྟངས་འཛིན་མཁའ་འགྲོའི་ཚོགས་དང་ཁྱད་པར་བཀའ་འདིའི་སྲུང་མ་རྣམས་ཀྱིས་བཀའ་ཆད་སོགས་མི་གནང་བར་ཕྲིན་ལས་གཉེན་པོས་སྲུང་སྐྱོབ་མེལ་ཚེ་མཛོད་ཅིག །འགྲེལ་བ་འདྲ་ཅུང་ཟད་བཤད་ན་དེ་སྐབས་སྤྱི་ཁྱབ་ཏུ་ཁ་བྱང་གིས། རབ་དབུ་ནས་ཞབས་བསྡུ་བའི་བར་ཤེས། འབྲིང་གིས་ཕྱོགས་ལམ་ཙམ་རྟོགས། ཐ་མས་སྨན་གྱི་ཁ་བྱང་ལྟར་བཙལ་སླ་བའི་དགོསཆེད་ཡོད་པ་ཡིན། མཆོད་བརྗོད་ཀྱིས་བསྟན་བཅོས་རང་བཞིན་རྟོགས་པ་དང་། བློ་གྲོས་མཆོག་ཏུ་རྒྱས། བར་གཅོད་ཞི་ཞིང་རྩོམ་པ་མཐར་ཕྱིན། རང་ཉིད་དམ་པར་རྟོགས་པའི་དགོས་པ་དང་ལྡན་ཞིང་། རྩོམ་པར་དམ་བཅའ་བས་ནི། ཅུང་ཟད་བྱ་དཀའ་བའི་རིགས་ལ་སྒྱིད་མི་ལུག །གཞན་གྱི་འཚེ་བ་དང་བར་ཆད་ཐམས་ཅད་ཞི། སྐྱོ་ངལ་ལ་མི་ལྟོས་པར་མཐར་ཕྱིན་པའི་དགོས་པ་སོགས་ཡོད་པ་ཡིན་པས་གཞུང་གང་རུང་རིམ་གྱིས་འགྲེལ་ནས་བཤད་དོ། དེ་ལྟ་བུ་ལས་བྱུང་བའི་རང་གཞན་དུས་གསུམ་དུ་བསགས་པའི་རྣམ་དཀར་གྱི་དགེ་བའི་རྩ་བ་གང་མཆིས་པ་ཐམས་ཅད་ཡོངས་སུ་བསྡོམས་ཏེ། རྒྱལ་བའི་བསྟན་པ་རིན་པོ་ཆེ་སྤྱི་དང་། ཁྱད་པར་ངེས་གསང་རྡོ་རྗེ་ཐེག་པའི་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་གང་ན་སུ་བཞུགས་ཐམས་ཅད་ཞབས་པད་རྡོ་རྗེའི་ཁྲི་ལ་རྟག་པར་བརྟན་ཅིང་། བཤད་དང་སྒྲུབ་པའི་ཕྲིན་ལས་བཟང་པོས་རྒྱལ་ཁམས་ཡོངས་སུ་སྨིན་པར་བྱེད་ཅིང་ཡུན་དུ་གནས་པའི་བདེན་མཐུ་ཟབ་མོ་ལས། གནས་སྐབས་སུ་སྣོད་བཅུད་ཀྱི་རྒུད་པ་ཐ་དག་རང་སར་ཞི་ཞིང་ཚེ་དང་བསོད་ནམས་བདེ་སྐྱིད་དཔལ་འབྱོར་རྒྱ་མཚོས་མངོན་པར་ཕྱུག་ཅིང་། མཐར་ཐུག་གཏན་བདེ་བླ་ན་མེད་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེར་ཕྱམ་གཅིག་ཏུ་འགོད་པ་བཅས་ཀྱི་ཕྱིར་དུ་བསྔོ་བ་དང་སྨོན་ལམ་གྱི་རིམ་པ་ཐུགས་འདུན་རྣམ་པར་དཀར་བའི་སྒོ་ནས་ཆབས་ཅིག་ཏུ་གསུང་བར་ཞུ། བསོད་ནམས་འདི་ཡིས༴ རིན་ཆེན་དགེ་ཚོགས༴ འཇམ་དཔལ་དཔའ་བོའི༴ རྒྱལ་བ་ཀུན་གྱི༴ བསྟན་པའི་དཔལ་གྱུར༴ བསོད་ནམས་རི་བོ༴ དཔལ་ལྡན་བླ་མའི༴ རྩ་བརྒྱུད་བླ་མའི༴ གོང་མའི་གདན་ས༴ སྐྱབས་གནས་བསླུ་མེད༴ ཨོཾ་ཨཱཿཧཱུྃ། དཀོན་མཆོག༴ སངས་རྒྱས་བསྟན་པ་སོགས་བརྗོད་ནས་ཆོས་ཐུན་གྲོལ་བར་བྱའོ།། །།