རྒྱལ་སྲས་རིན་པོ་ཆེ་གཞན་ཕན་མཐའ་ཡས་ཀྱི་ཞབས་བརྟན་གྱི་འགྲེལ་བ་རྡོ་རྗེའི་ཚིག་གི་ཁ་འབྱེད།

From Khyentse Lineage - A Tsadra Foundation Project
Revision as of 14:03, 6 June 2024 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)
Wylie title rgyal sras rin po che gzhan phan mtha' yas kyi zhabs brtan gyi 'grel ba rdo rje'i tshig gi kha 'byed
Location dpal sprul bka' 'bum
Volume 4, Text 30, Pages (Folios to )
Author དཔལ་སྤྲུལ་རིན་པོ་ཆེ་
Less details More details
Associated People རྒྱལ་སྲས་གཞན་ཕན་མཐའ་ཡས་ (rgyal sras gzhan phan mtha' yas)
Citation
Genre Commentary on Words - tshig 'grel
Colophon

།ཞེས་ཞབས་བརྟན་སྨོན་ཚིག་གི་དོན་འགྲེལ་ཉུང་ངུ་འདི་ཉིད་གདོལ་སྤྱོད་དཔལ་དགེ་ཧྲལ་པོས་རྡོལ་ཐབས་ཁོ་ནར་བྲིས་པ་སྟེ་འདིས་ཀྱང་བཀའ་དྲིན་གཞལ་དུ་མེད་པའི་སྐྱབས་མགོན་རྒྱལ་སྲ ས་དམ་པ་ཉིད་ཞབས་པད་ཡུན་དུ་བརྟན་པའི་རྒྱུར་གྱུར་ཅིག ། དགེའོ། །

/zhes zhabs brtan smon tshig gi don 'grel nyung ngu 'di nyid gdol spyod dpal dge hral pos rdol thabs kho nar bris pa ste 'dis kyang bka' drin gzhal du med pa'i skyabs mgon rgyal sra_sa dam pa nyid zhabs pad yun du brtan pa'i rgyur gyur cig_/_dge'o/_/

[edit]
༄༅། །རྒྱལ་སྲས་རིན་པོ་ཆེ་གཞན་ཕན་མཐའ་ཡས་ཀྱི་ཞབས་བརྟན་གྱི་འགྲེལ་བ་རྡོ་རྗེའི་ཚིག་གི་ཁ་འབྱེད་ཅེས་བྱ་བ་བཞུགས་སོ། །


བཀའ་དྲིན་སུམ་ལྡན་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །འདིར་སྐྱབས་མགོན་དམ་པའི་ཞབས་བརྟན་ཤོ་ལོ་ཀ་གསུམ་པོ་འདིའི་དོན་ཅུང་ཟད་དཀྲོལ་ན། དང་པོ་ཨོཾ་སྭ་སྟི་ཞེས་བདེ་ལེགས་སུ་བྱེད་པའི་ཚིག་གིས་མདུན་བསུ་བ་སྟེ། དེ་ཡང་ཨོཾ་ནི་ཨ་ཨུ་མ་གསུམ་ཚོགས་པའི་ཡི་གེ་ཡིན་པས། འདིས་ནི་གང་བདེ་ལེགས་སུ་བྱ་བ་སེམས་ཅན་རྣམས་ཀྱི་ལུས་ངག་ཡིད་ཀྱི་ཚོགས་པ་དང་། གང་གིས་བདེ་ལེགས་སུ་བྱེད་པ་སངས་རྒྱས་རྣམས་ཀྱི་རྡོ་རྗེ་གསུམ་གྱི་རང་བཞིན་མཚོན་པར་བྱས་ནས། གང་ཡང་གནས་སྐབས་སུ་བདེ་བ་དང་མཐར་ཐུག་ལེགས་པའི་དོན་ལ་སྨོན་པས་བཀྲ་ཤིས་པར་བྱེད་དོ། །གཞུང་དངོས་ལ་གཉིས་ཏེ། འཆི་བའི་རྒྱུ་གཉིས་སྤོང་བར་གསོལ་བ་འདེབས་པ་དང་། འཆི་མེད་རྟག་པའི་ངོ་བོར་བཞུགས་པར་གསོལ་བ་འདེབས་པའོ། །དང་པོ་ནི། སྤྱིར་འཁོར་བའི་སྡུག་བསྔལ་ཐམས་ཅད་ནི་འཁོར་བར་སྐྱེ་བ་བླང་བ་ལས་བྱུང་ལ། མ་ཤི་བར་སྐྱེ་བ་མེད་ཕྱིར་སྐྱེ་བ་དེ་ཡང་འཆི་བ་སྔོན་དུ་འགྲོ་བ་ཅན་ཡིན་པས་འདི་གཉིས་ཀྱི་ཐོག་མ་གང་ཡིན་པ་ནི་ཤེས་པར་མི་ནུས་ཤིང་འཁོར་བ་ཐོག་མ་མེད་པ་ཞེས་བྱའོ། །དབང་ཐོབ་པའི་སེམས་དཔའ་ཆེན་པོ་རྣམས་ནི་སྐྱེ་འཆིའི་སྡུག་བསྔལ་རང་མཚན་པ་སྤང་བ་ཡིན་ཡང་གདུལ་བྱའི་དབང་གིས་སྐྱེ་འཆིར་སྟོན་པ་ནི་ཡོད་དོ། ། དེས་ན་འཕགས་པའི་གང་ཟག་ལ་ནི་མོས་པས་གསོལ་བ་བཏབ་ན་ཐུགས་རྗེའི་དབང་གིས་འདོད་དགུར་བཞུགས་ལ། ཕལ་བ་ནི་དད་པ་དང་དམ་ཚིག་རྣམ་པར་དག་པའི་སྨོན་པའི་དབང་གིས་བར་ཆད་ཀྱི་གཡུལ་ལས་རྒྱལ་བར་བྱེད་པ་ཡིན་ཞིང་། འདིར་ནི་སྨོན་པ་དང་གསོལ་བ་འདེབས་པ་གཉིས་ཀའི་དོན་ཡིན་ནོ། །དེ་ལ་ལུས་ཅན་རྣམས་འཆི་བར་འགྱུར་བ་ནི་རྒྱུ་གཉིས་ཏེ། རྣམ་རྟོག་དང་རླུང་ངོ་། །དང་པོ་ནི་རྒྱུད་ལས། འཆི་བ་ཞེས་བྱ་རྣམ་རྟོག་སྟེ། །མཁའ་སྤྱོད་གནས་སུ་འཁྲིད་པར་བྱེད། །ཅེས་པས་འཆི་བ་ནི་རྣམ་པར་རྟོག་པ་བསྐྱེད་སྡུད་ཀྱི་དབང་གིས་བཞག་ལ། རྣམ་པར་རྟོག་པ་ཐམས་ཅད་རྣམ་པར་མི་རྟོག་པའི་འོད་གསལ་གྱི་ངང་དུ་ནུབ་པའི་ཆོས་ཉིད་དོན་དམ་པའི་བདེན་པ་མངོན་དུ་བྱས་ན་ནི་འཆི་བའི་སྡུག་བསྔལ་རང་མཚན་པ་མེད་དོ། །དེ་ལྟ་བུའི་འོད་གསལ་དེ་ཡང་གང་ཞེ་ན། འདའ་ཀ་ཡེ་ཤེས་ལས། སེམས་ལ་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་འོད་གསལ་བའོ། །ཞེས་གསུངས་པས། སེམས་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་ནས་སེམས་རང་གི་རང་བཞིན་ནམ། གནས་ལུགས་ཅི་ཡིན་པ་མངོན་དུ་གྱུར་པ་ནི་འོད་གསལ་བའོ། །རྣམ་པར་རྟོག་པ་རྣམས་ནི་ཡུལ་དང་བཅས་པ་ཡིན་ལ། ཡུལ་མེད་པའི་རྣམ་པར་རྟོག་པ་ནི་མི་སྲིད་པས་ཡུལ་དང་ཡུལ་ཅན་གཉིས་སུ་སྣང་བ་དང་། དེ་ལ་ཞེན་པའི་དབང་གིས་མཚན་མར་བཟུང་ནས་སྒྲོ་བཏགས་པའི་ཆ་གཉིས་ཀ་ཡང་རྣམ་པར་རྟོག་པ་ཡིན་ནོ། །རྣམ་པར་རྟོག་པ་དེ་དག་ཀྱང་རང་གི་རང་བཞིན་གྱིས་བདེན་པར་གྲུབ་པ་ནི་མེད་དེ། དེ་ཡང་སེམས་ལ་སེམས་མ་མཆིས་ཞེས་པའི་དོན་སེམས་ཉིད་སྣང་སྟོང་དབྱེར་མེད་འདིའི་རང་བཞིན་ལ་འཁྲུལ་པའི་གཉིས་སྣང་གི་སེམས་འདིས་ཇི་ལྟར་བཟུང་བ་ལྟར་མ་གྲུབ་པ་ནི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་དམ་གནས་ལུགས་སམ་སྟོང་པ་ཉིད་ཅེས་བྱའོ། །དེ་ལྟ་བུའི་སྟོང་པ་ཉིད་དེ་གཟུང་འཛིན་གཉིས་སྣང་གིས་བར་མ་ཆོད་པར་རིག་པ་ཡེ་ཤེས་ཀྱིས་མངོན་སུམ་དུ་རྟོགས་པ་ནི་འོད་གསལ་མཆོག་གི་རྡོ་རྗེ་སེམས་དཔའི་རང་བཞིན་ནོ། །དེ་ལྟ་བུའི་བདེན་སྟོང་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གང་ཡིན་པ་དང་། སེམས་འོད་གསལ་བའི་ཡེ་ཤེས་ཇི་ལྟར་མཉམ་པར་སྦྱོར་ན། ཇི་སྲིད་འཕགས་པའི་ས་མ་ཐོབ་པར་དེ་སྲིད་དུ་ནི་གཉིས་སུ་སྣང་བ་དང་བཅས་པས་ཡུལ་དང་ཡུལ་ཅན་དུ་མཉམ་པར་སྦྱོར་ལ། འཕགས་པའི་མཉམ་བཞག་རྣམ་པར་མི་རྟོག་པའི་དུས་ན་གཉིས་སྣང་གི་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་ཏེ་གཉིས་མེད་ཟུང་འཇུག་བློ་འདས་སྤྲོས་བྲལ་གྱི་ངང་དུ་ལན་ཚྭ་ཆུ་ལ་ཐིམ་པ་ལྟར་དབྱེར་མེད་དམ་རོ་གཅིག་ཏུ་མཉམ་པར་སྦྱོར་རོ། །དེ་ཉིད་རྡོ་རྗེ་སེམས་དཔའི་རང་བཞིན་ཇི་ལྟར་ཡིན་ན། ཇི་སྐད་དུ། རྡོ་རྗེ་སྟོང་པ་ཉིད་ལ་བཤད། །སེམས་དཔའ་ཡེ་ཤེས་ཆེན་པོ་སྟེ། །ཞེས་པས་དབྱིངས་སྟོང་པ་ཉིད་ནི་རྡོ་རྗེ་དང་། རིག་པ་ཡེ་ཤེས་ནི་སེམས་དཔའོ། །དེ་གཉིས་ཟུང་དུ་འཇུག་པའི་རྡོ་རྗེ་སེམས་དཔའོ། །དེ་ལྟ་བུའི་ཡེ་ཤེས་ནི་ཀུན་ཏུ་བཟང་པོ་ཡང་ཡིན་ཏེ། ཇི་སྐད་དུ། རྟོག་པའི་དྲ་བ་རྣམ་བསལ་ཞིང་། །ཟབ་དང་རྒྱ་ཆེའི་སྐུ་མངའ་བ། །ཀུན་ཏུ་བཟང་པོའི་འོད་ཟེར་ནི། །ཀུན་ནས་འཕྲོ་ལ་ཕྱག་འཚལ་ལོ། །ཞེས་པས་སེམས་རྣམ་པར་རྟོག་པའི་གཡོ་བ་ཐམས་ཅད་དང་བྲལ་བའི་འོད་གསལ་བ་ནི་རྣམ་པ་ཀུན་ཏུ་འགྱུར་བ་མེད་ཅིང་ཕན་བདེའི་འོད་ཟེར་སྤྲོ་བའི་རང་བཞིན་ཡིན་པས་ན་ཀུན་ཏུ་བཟང་པོའོ། །དེ་ཉིད་རང་གི་དོན་གྱི་བླ་མ་ཡང་ཡིན་ཏེ། ཇི་སྐད་དུ། རང་སེམས་བླ་མར་རྟོགས་ཙ་ན། །དུས་གསུམ་རྒྱལ་བའི་དབང་བསྐུར་རྫོགས། །བརྒྱུད་པ་འཛིན་པ་རྣམ་རྟོག་ཡིན། །ཞེས་པས་སེམས་ཉིད་འོད་གསལ་བའི་དགོངས་པ་ནི་རྒྱུ་རང་གི་ཡེ་ཤེས་ཡིན་པས་གཞན་བྱུང་གི་རྐྱེན་ལ་བརྟེན་ན་རྟོགས་མི་ནུས་པས་ན་ནང་རང་རིག་གི་བླ་མས་མཚོན་དུ་མེད་པའི་ཚུལ་གྱིས་བླ་མ་དང་གདམས་ངག་གཉིས་སུ་མེད་པར་མཚོན་པར་བྱེད་པས་ན་བླ་མ་ཡིན་ནོ། །ཡེ་ཀུན་ཏུ་བཟང་པོ་ནི་ཆོས་སྐུ་ཀུན་ཏུ་བཟང་པོ་ཞེས་ཡོངས་ལ་གྲགས་ཤིང་གྲུབ་ལ། རྡོ་རྗེ་སེམས་དཔའ་ནི་མཚན་དཔེ་ཞལ་ཕྱག་གི་རྣམ་པར་སྣང་བའི་ལོངས་སྤྱོད་རྫོགས་པའི་ལྷ་དེ་ཡིན་ཞིང་། བླ་མ་ནི་མ་དག་གདུལ་བྱའི་ངོར་སྣང་བའི་སྤྲུལ་པའི་སྐུ་ཡིན་ན། དེ་གསུམ་ཀ་རྣལ་འབྱོར་པའི་མཉམ་བཞག་གི་ཡེ་ཤེས་གཅིག་ཇི་ལྟར་ཡིན་ཞེ་ན། དེ་ནི་ངེས་པར་ཡིན་ཏེ། རྣལ་འབྱོར་པའི་མཉམ་བཞག་གི་ཡེ་ཤེས་སྤྲོས་པ་དང་བྲལ་བ་གཅིག་ཉིད་འབྲས་བུའི་ཆོས་རྒྱ་མཚོ་ལྟ་བུའི་རྟེན་དུ་གྱུར་པ་ཉིད་ཀྱིས་ན་ཆོས་ཀྱི་སྐུ་ཞེས་བྱ་བ་ལ། ཡོན་ཏན་ལྷུན་གྱིས་གྲུབ་པའི་ཆ་ནས་ནི་ལོངས་སྤྱོད་རྫོགས་པ། ཐུགས་རྗེ་འགགས་པ་མེད་པའི་རྩལ་ནི་སྤྲུལ་པའི་སྐུ་སྟེ། དེ་གསུམ་ཡང་རིག་པ་ཡེ་ཤེས་ཀྱི་ཐིག་ལེ་གཅིག་ཏུ་འདུམ་པས་ན་སྙིང་པོའི་དོན་གྱི་རྣལ་འབྱོར་བ་ལ་ལྷ་དང་བླ་མ་ཕྱི་རོལ་ན་མེད་དོ། །དེའི་ཕྱིར་རྒྱུ་རང་གི་ཡེ་ཤེས་ཞལ་ཕྱག་གི་མཚན་མ་དང་བྲལ་བ་ཉིད་མཚན་དཔེ་ཞལ་ཕྱག་གི་རྣམ་པ་ལྟར་བསྒྱུར་ནས་སྒོམ་པ་ནི་གསང་སྔགས་རྡོ་རྗེ་ཐེག་པའི་ཐབས་མཁས་པ་ཡིན་ཏེ། རྒྱུད་ལས། ཐབས་ནི་བདེ་བའི་སྡོམ་པ་སྟེ། །དེ་ཕྱིར་དཀྱིལ་འཁོར་འཁོར་ལོ་ཞེས། །རྡོ་རྗེ་འཆང་གིས་བཤད་པ་ཡིན། །ཞེས་སོ། །དོན་དུ་ལྷ་དང་བླ་མ་རང་སེམས་ལས་ལོག་ན་མེད་པར་ཤེས་པ་འདི་ནི་རྟོགས་པའི་དུས་ན་དེ་ལྟར་ཡིན་པ་ཙམ་དུ་མ་ཟད། ལམ་ཉམས་སུ་ལེན་པ་དག་གི་སྔོན་དུའང་ངེས་པར་ཤེས་དགོས་པའི་གནད་གལ་པོ་ཆེ་ཡིན་ཏེ། བླ་མ་ཕྱི་རོལ་ཏུ་བཟུང་ན་ཆགས་སྡང་གི་སྤྲིན་གྱིས་སྒྲིབ། ཡི་དམ་ཕྱི་རོལ་ཏུ་བཟུང་ན་རེ་དོགས་ཀྱི་བདུད་ཀྱིས་བསླུས་ནས་རྡོ་རྗེ་ཐེག་པའི་ལམ་ཉམས་སུ་བླང་པ་ཐམས་ཅད་ལམ་མ་ཡིན་པར་འགྱུར་རོ། །གང་གི་ཚེ་ལྷ་དང་བླ་མ་དབྱེར་མེད་རིག་པའི་ཐིག་ལེ་གཅིག་ལ་རྫོགས་པའི་ཡེ་ཤེས་འོད་གསལ་གྱི་དགོངས་པའི་ངང་དུ་འཆི་བ་ལ་སོགས་པའི་རྣམ་པར་རྟོག་པ་ཐམས་ཅད་དབྱིངས་སུ་ནུབ་པ་ཉིད་མངོན་དུ་བྱས་པའི་དུས་ན་ནི་འཆི་བའི་རྒྱུ་སྤངས་ཏེ་འཆི་མེད་གཉུག་མའི་རྒྱལ་ས་ལ་དབང་བསྒྱུར་བ་ཡིན་པས་དེ་ལྟ་བུའི་ངང་དུ་བཞུགས་པར་གསོལ་བ་འདེབས་པ་ནི། སྣང་བཏགས་ཆོས་ཀུན་བདེན་པས་སྟོང་པ་དང་། །མཉམ་སྦྱོར་འོད་གསལ་མཆོག་གི་རྡོ་རྗེ་སེམས། །ཀུན་བཟང་བླ་མའི་ངོ་བོར་རང་རིག་པས། །རྒྱལ་བའི་སྲས་ཁྱོད་ཞབས་པད་བརྟན་གྱུར་ཅིག །ཅེས་སོ། །གཉིས་པ་ནི། ཇི་སྐད་དུ། བླུན་པོ་གང་གིས་འཆི་འགྱུར་བ། །དེ་ཡིས་མཁས་པ་འཆི་མེད་བྱེད། །ཅེས་པའི་བླུན་པོ་འཆི་བར་བྱེད་པ་ནི་སྲོག་གི་རླུང་གནས་འཕོ་བ་ཙམ་ཡིན་ལ། དེ་ཉིད་ཐབས་ཀྱིས་བཅིངས་བའི་མཁས་པའི་མཁས་པ་དག་གིས་འཆི་བ་མེད་པའི་དཔལ་ཡང་སྒྲུབ་པར་བྱེད་དོ། །སྲོག་གི་རླུང་ཞེས་བྱ་བ་དེ་ཡང་གང་ཞེ་ན། ཐོག་མ་མེད་པའི་དུས་ནས་འཁྲུལ་པའི་སེམས་དང་འབྲལ་མི་ཤེས་པར་གནས་ཤིང་རྣམ་པར་རྟོག་པ་ཇི་སྙེད་པ་ཐམས་ཅད་ཀྱི་བཞོན་པར་གྱུར་པ་མདོར་ན་ལུས་དང་ཡུལ་དུ་སྣང་བ་ཇི་སྙེད་པ་ཉིད་ཀྱི་ས་བོན་ནོ། །དེ་ཡང་རིག་པ་ཡེ་ཤེས་ཀྱི་གདངས་རླུང་གིས་བསྐྱོད་པའི་བྱེད་ལས་ལས། དཔེར་ན་ཆུའི་རང་བཞིན་མཉེན་པར་སྣང་བ་ཉིད་རླུང་གིས་བསྡམ་པས་ཆབ་རོམ་སྲ་བར་སྨིན་པ་ལྟར་སེམས་ལ་བེམ་ཆོས་ལས་འདས་པའི་དཀར་དམར་གྱི་ཆ་ཤིན་ཏུ་ཕྲ་བར་ཡོད་པ་ཉིད་རླུང་གིས་དཀྲུགས་པས་འགྲོ་བ་རྣམས་ཀྱི་ལུས་ངག་ཡིད་ཀྱི་སྨིན་སོ་གསུམ་དུ་ཤར་ཏེ། དེའི་དབང་གིས་ཡུལ་གྱི་སྣང་བ་ཡང་རིགས་དྲུག་རང་རང་གི་རྣམ་པར་རྟོག་པ་དང་མཐུན་པར་སྣང་ནས་བདེ་སྡུག་སོ་སོ་ལ་སྤྱོད་དོ། །དེའི་ཕྱིར་ན་སྐྱེ་བའི་རྩ་བ་འཆི་བའི་རྒྱུ། འཁོར་བའི་ས་བོན་ནི་སྣང་གསུམ་འཕོ་བའི་བག་ཆགས་ཞེས་བྱ་བ་སྟེ། ཀུན་གཞིའི་སེམས་དང་ལྷན་ཅིག་པའི་དཀར་དམར་གྱི་ཆ་དང་དེ་དག་གཡོ་བར་བྱེད་པའི་རླུང་ངོ་། །དེ་དག་ཀྱང་རླུང་གི་རྒྱུ་བ་ཕྲ་རགས་ཀྱི་དབང་གིས་ལུས་ཀྱི་སྣང་བ་ཡང་ཕྲ་རགས་སོ་སོར་སྨིན་ཏེ། རང་རེ་འདོད་ཁམས་པའི་མི་ཁམས་དྲུག་ལྡན་གྱི་ལུས་ལ་བརྟེན་པ་དག་ནི་རྡོ་རྗེ་ཐེག་པའི་ལམ་གྱི་གདུལ་བྱའི་གཙོ་བོ་ཡིན་ལ། ད་ལྟ་རགས་པའི་ལུས་སུ་སྣང་བ་འདི་ཡང་དོན་དུ་དཀར་དམར་རླུང་གསུམ་ལས་གཞན་དུ་མེད་མོད། དཀར་དམར་རླུང་གསུམ་པོ་དེ་ཡང་དག་པ་ཡེ་ཤེས་ཀྱི་ཆ་དང་མ་དག་པ་འཁོར་བའི་ཆ་གཉིས་ཆུ་དང་ཆབ་རོམ་ལྟར་ངོ་བོ་དབྱེར་མེད་པའི་ཚུལ་དང་། ཏིལ་དང་ཏིལ་མར་ལྟར་ཁྱབ་བྱ་དང་ཁྱད་བྱེད་དུ་བཞུགས། མ་དག་པ་འཁོར་བའི་ཆ་ལ་ཡང་དངས་མ་སྙིགས་མ་ཕྲ་རགས་ཀྱི་ཆ་རྟེན་དང་བརྟེན་པའམ་རྒྱུ་དང་འབྲས་བུའི་ཚུལ་ས་བོན་དང་སྦུབས་ཤུན་ལྟར་རིམ་པར་བཞུགས། དེ་ཡང་དངས་མའི་ཆ་ལ་གནད་དུ་བསྣུན་པས་སྙིགས་མའི་ཆ་རང་ཤུགས་ཀྱིས་དག་པར་བྱེད་པ་རྡོ་རྗེ་ཐེག་པའི་ལམ་ཐམས་ཅད་ཀྱི་ཁྱད་ཆོས་ཏེ་རྟེན་འབྲེལ་ལུས་ལ་བསྒྲིགས་པས། རྟོགས་པ་སེམས་ལ་འཆར་བ་ཞེས་བྱ། དོན་དེས་ན་ལམ་ཐབས་ལམ་རང་ལུས་དང་གཞན་ལུས་གང་ལ་བརྟེན་ཡང་འདྲ་སྟེ། མ་དག་པའི་རླུང་སེམས་ཀྱི་ཆ་དག་པ་ཡེ་ཤེས་ཀྱི་དྷཱུ་ཏིར་བཙུད་དེ་རྟོག་བྲལ་དབུ་མའི་གཞན་དབང་དུ་གྱུར་པ་ན་ཆབ་རོམ་ཆུར་ཞུ་བ་ལྟར། སྙིགས་མའི་ཆ་དྭངས་མ་དང་། མ་དག་པའི་ཆ་དག་པར་གནས་གྱུར་ནས་ནང་གི་ཉི་ཟླ་དཀར་དམར་ཆ་གཉིས་ཀྱང་འཁོར་ལོ་ལྔར་ལུགས་འབྱུང་དུ་འབར་བ་དང་འཛགས་པའི་བྱེད་པས་བདེ་སྟོང་མཆོག་གི་ཡེ་ཤེས་བསྐྱེད་དེ་མཐར་ལུགས་ལྡོག་ཏུ་དག་པས་ས་བཅུ་རིམ་པ་བཞིན་དུ་བགྲོད་ནས་ས་བཅུ་རྒྱུན་གྱི་མཐའ་མར་ཁུ་རྡུལ་སྟེང་འོག་ཏུ་ཐིམ་པའི་སྐད་ཅིག་ལ་དྭངས་མའི་དྭངས་མ་མི་ཤིགས་པའི་རྡོ་རྗེ་གསུམ་གྱི་རང་བཞིན་མངོན་དུ་བྱས་ནས་རྒྱལ་བའི་དཀྱིལ་འཁོར་གྲངས་མེད་པ་སྤྲོ་བ་དང་བསྡུ་བའི་བྱེད་པོར་གྱུར་པ་དེའི་ཚེ་འཆི་བདུད་རྩ་བ་ནས་སྤངས་ཏེ་བདུད་བཞིའི་གཡུལ་ལས་རྒྱལ་བ་ཡིན་ནོ། །དེ་ཡང་ཞིབ་ཏུ་བཤད་ན་ནང་གི་ཉི་མ་ཞེས་ཁམས་དམར་ཆའམ། ཐིག་ལེར་གྲགས་པ་ཉིད་ནི་ཤེས་རབ་ཡུམ་གྱི་རང་བཞིན་བྱ་བའི་ཡུལ་དུ་བཞུགས་པ་ཉིད་ལ། ཁམས་དཀར་ཆ་ཆུ་ཁམས་དཔྱིད་ཀྱི་གོང་བུ་ཉིད་ནི་བདེ་ཆེན་ཡབ་ཀྱི་རང་བཞིན་བྱེད་པོ་ཐབས་ཀྱི་ཆར་གནས་པ་ཉིད་ཡིན་པས་དཔྱིད་དང་ཐིག་ལེ་ཟུང་དུ་འཇུག་པའི་བྱེད་ལས་ལས་སྣང་བ་གསུམ་གྱིས་དྲངས་པའི་བདེ་ཆེན་གྱི་ཡེ་ཤེས་ནི་རང་ངོ་མ་ཤེས་པ་དང་ཤེས་པའི་བྱེ་བྲག་གིས་འཁོར་འདས་གཉིས་ཀའི་སྣང་བ་སྣ་ཚོགས་འཆར་བའི་ཕྱི་མོ་ཡིན་ནོ། །དེ་ཡང་ཕྱི་ཡུལ་གྱི་རེག་བྱ་དོན་དུ་གཉེར་བའི་བྱེད་པ་དཔྱིད་དང་ཐིག་ལེ་ཕྱི་རོལ་ཏུ་ཞལ་མཇལ་བ་ནི་འཛགས་པའི་བདེ་བ་དང་། ནང་རླུང་གི་རེག་བྱ་གནས་སུ་བསྐྱོད་པའི་བྱེད་པས་དཔྱིད་དང་ཐིག་ལེ་ནང་དུ་ཞལ་མཇལ་བ་ནི་འཕོ་བའི་བདེ་བ་དང་། དྭངས་མ་གཡོ་བྱེད་དང་བྲལ་བ་ཉིད་ཀྱིས་དཀར་དམར་ཡེ་ཤེས་ཀྱི་ཐིག་ལེ་སྙིང་དབུས་མི་ཤིགས་པའི་ཐིག་ལེར་འདུས་པ་ནི་མི་འགྱུར་བའི་བདེ་བ་ཆེན་པོ་ཞེས་བྱའོ། །དེས་ན་ཇི་སྲིད་འཛགས་པའི་བདེ་བ་ཉམས་སུ་མྱོང་བ་དེ་སྲིད་དུ་ཤ་ཁྲག་རྡོས་བཅས་ཀྱི་ལུས་རགས་པ་ཡང་ཡོད་ལ་དེའི་དབང་གིས་དུས་མ་ཡིན་པར་འཆི་བའམ་ཕྱི་ནང་འབྱུང་བའི་རྐྱེན་གྱིས་འཆི་བའང་ཡོད་དོ། །ཇི་སྲིད་འཕོ་བའི་བདེ་བ་ཉམས་སུ་མྱོང་བ་དེ་སྲིད་དུ་ཕྲ་བ་ཡིད་ཀྱི་ལུས་དང་། སྟོང་རིག་ཏིང་འཛིན་གྱི་ལུས་དང་སྒྱུ་མ་རླུང་སེམས་ཀྱི་ལུས་ལ་སོགས་པ་ཡོད་ལ་དེའི་ཕྱིར་ལས་ཀྱི་དབང་གིས་འཆི་བའང་ཡོད་དོ། །མི་འགྱུར་བའི་བདེ་བ་མངོན་དུ་བྱས་ནས་ཀྱང་ཇི་སྲིད་སྣང་བ་གསུམ་ཕྲ་བའི་བག་ཆགས་དབྱིངས་སུ་མ་དག་པ་དེ་སྲིད་དུ་དག་པ་ཡིད་ཀྱི་ལུས་ཡོད་ལ་བསམ་གྱིས་མི་ཁྱབ་པའི་འཆི་འཕོ་བའང་ཡོད་པར་བཤད་དོ། །

དེས་ན་དྭངས་མ་འཛགས་མེད་དུ་བཅིང་ནས་མི་འགྱུར་མཆོག་གི་བདེ་ཆེན་སྒྲུབ་པ་ཉིད་ཀྱིས་ནི་འབྱུང་བ་སྙིགས་མའི་ལུས་རྡུལ་ཕྲ་རབ་ཀྱི་རང་བཞིན་ཐམས་ཅད་ལྕགས་ལ་གསེར་འགྱུར་གྱི་རྩིས་བཏབ་པ་བཞིན་དུ་དྭངས་མ་ཡེ་ཤེས་ཀྱི་རང་བཞིན་དུ་གནས་འགྱུར་ཏེ་ཟུང་འཇུག་རྡོ་རྗེ་ལྟ་བུའི་སྐུ་འགྲུབ་ནས་འཆི་བའི་རྒྱུ་སྲོག་རླུང་གིས་འཕོ་བ་སྤངས་ཏེ་སྐྱེ་འཆི་བགྲེས་རྒུད་བྲལ་བའི་རང་བཞིན་མངོན་དུ་མཛད་པ་ཡིན་པས་དེ་ལྟར་གསོལ་བ་འདེབས་པ་ནི། མ་དག་རླུང་སེམས་དྷཱུ་ཏིའི་གཞན་དབང་དུ། །གྱུར་ནས་ནང་གི་ཉི་མར་ཕན་བདེའི་དཔྱིད། །སྦྱིན་མཛད་ཟླ་བའི་བཏུང་བ་རྒྱུན་མཐའི་བར། །འཛགས་མེད་བགྲང་ཡས་འཁོར་ལོར་རྟག་བརྟན་ཤོག །ཅེས་སོ། །ད་ནི་དེ་དག་གི་དོན་ཧྲིལ་གྱིས་དྲིལ་ན་འཆི་བའི་རྒྱུ་ནི་རླུང་སེམས་གཉིས་ཡིན་ལ། འཆི་བའི་རྒྱུ་གང་ཡིན་པ་དེ་སྐྱེ་བའི་རྒྱུ་ཡང་ཡིན་པས་སྐྱེ་ཤི་འཁོར་བར་སྣང་བའི་རྩ་བ་ནི་གཉིས་པོ་འདི་ཡིན་ནོ། །དེ་ལའང་ཆས་དབྱེ་ན་འཆི་བ་ནི་སེམས་རྣམ་པར་རྟོག་པ་ནང་དུ་སྡུད་པ་ཡིན་ལ། སྐྱེ་བ་ནི་སེམས་འཁྲུལ་བའི་རྩལ་སྣང་ཕྱིར་རླུང་གིས་བསྐྱོད་དེ་སྣང་བ་རགས་པར་འཆར་བའི་ཆ་ཡིན་ནོ། །དེས་ན་ཇི་སྐད་དུ། འཆི་བ་ཞེས་བྱ་དོན་དམ་བདེན་པ་སྟེ། །སྐྱེ་བ་ཡང་ནི་ཀུན་རྫོབ་བདེན་པ་ཡིན། །རིམ་གཉིས་འདི་དག་བླ་མའི་དྲིན་གྱིས་ནི། །རྟོགས་པ་གང་དེ་མ་འོངས་སངས་རྒྱས་ཡིན། །ཞེས་གསུངས་སོ། །གཞན་འཆི་བ་ནི་སེམས་འཕོ་བ་ཡིན་ལ། སྐྱེ་བ་ནི་ལུས་འཛིན་པ་ཡིན་པའང་ལུས་སེམས་གཉིས་སམ་རླུང་སེམས་གཉིས་ཀྱང་འདྲ་ལ་སྐྱེ་ཤི་གཉིས་ཀྱང་འདི་ལ་བརྟེན་ནོ། །དེས་ན་སྦྱང་བྱ་སྐྱེ་ཤི་གཉིས་སམ་ལུས་སེམས་གཉིས་སམ། རླུང་སེམས་གཉིས་སམ་འཆི་བའི་རྒྱུ་གཉིས་པོ་འདི་སྦྱོང་བའི་ཕྱིར་དུ་སྦྱོང་བྱེད་ཐབས་གཉིས་སམ། བསྐྱེད་རྫོགས་གཉིས་སམ། ཐབས་གྲོལ་གཉིས་སམ། སྣང་སྟོང་གཉིས་ལ་སོགས་པར་བཞག་པ་དག་སྦྱང་བྱ་དང་སྦྱོང་བྱེད། ལམ་དང་འབྲས་བུ་ལྟོ་སྦྱར་ནས་དཔྱིས་ཕྱིན་པར་ཤེས་པ་ནི་གནད་དུ་ཆེའོ། །འདིར་ཡང་འཆི་བའི་རྒྱུ་སེམས་དང་ལུས་གཉིས་པོ་དེ་ལས། སེམས་རྣམ་པར་རྟོག་པའི་ཆ་སྟོང་ཆ་ཆོས་སྐུའི་འོད་གསལ་གྱིས་སྦྱོང་ལ། ལུས་རླུང་ཕྲ་རགས་ཀྱི་ཆ་སྣང་ཆ་གཟུགས་སྐུའི་འོད་གསལ་གྱིས་སྦྱོང་བ་ཡིན་ཏེ། གཉིས་པོ་འདི་ནི་ཐབས་དང་ཤེས་རབ་བསོད་ནམས་དང་ཡེ་ཤེས་ཐབས་ལམ་དང་གྲོལ་ལམ་ལ་སོགས་པར་སོ་སོར་འདུའོ། །ད་ནི་དེ་ལྟར་སྦྱང་བའི་འབྲས་བུ་སྐུ་དག་པ་ཡེ་ཤེས་ཀྱི་སྣང་ཆ་དང་། ཐུགས་རྟོག་བྲལ་ཡེ་ཤེས་གཉིས་ཟུང་དུ་འཇུག་པ་ཡེ་ཤེས་ཀྱི་སྐུ་ནི་འཆི་མེད་རྟག་པའི་ངོ་བོ་ཡིན་པས་དེའི་རང་བཞིན་དུ་བཞུགས་སུ་གསོལ་བ་འདེབས་པའི་རྩ་བའི་ས་བཅད་གཉིས་པའི་དོན་ཅུང་ཟད་བཤད་ན། དབྱིངས་སྤྲོས་པ་དང་བྲལ་བ་དོན་དམ་ཀ་ནས་དག་པའི་ཆོས་ཉིད་ནི་གཞི་སྟོང་ཉིད་གཤིས་ཀྱི་གནས་ལུགས་ཡིན་ལ། རྟེན་ཅིང་འབྲེལ་འབྱུང་སྒྱུ་མའི་སྣང་བ་མ་འགག་ཅིར་ཡང་འཆར་བ་ནི་ཀུན་རྫོབ་གཞི་སྣང་ལྷུན་གྲུབ་ཀྱི་སྣང་བ་ཡིན་ནོ། །དེ་གཉིས་དབྱེར་མེད་པའི་ཆོས་ཉིད་རིག་པ་བདེ་གཤེགས་སྙིང་པོ་ནི་གཞི་ལམ་འབྲས་བུའི་གནས་སྐབས་གསུམ་ཆར་ཡང་རང་ངོ་དབྱེར་མེད་པའི་ཆ་ལ་ལྡོག་པས་ཕྱེ་སྟེ་གཞི་ལམ་འབྲས་བུའི་རྒྱུད་དུ་བཞག་ལ་ཆོས་ཉིད་རང་བཞིན་རྫོགས་པ་ཆེན་པོ་ཞེས་ཀྱང་བྱའོ། །དེ་ཡང་འདི་ཡིན་ཏེ་ད་ལྟ་རང་གི་སེམས་བཟོ་བཅོས་དང་བྲལ་བའི་ཡིན་ལུགས་ངོ་བོ་ཅིར་ཡང་མ་གྲུབ་ཅིང་། རང་བཞིན་ཅིར་ཡང་འཆར་དུ་རུང་བའི་གནས་ལུགས་བདེན་སྟོང་སྤྲོས་པ་དང་བྲལ་བའི་ཆོས་ཉིད་འདི་ཁོ་ན་ལ་ཀ་དག་ཅེས་བྱ་སྟོང་ཉིད་ཅེས་བྱ་བདེ་གཤེགས་སྙིང་པོ་ཞེས་བྱ། གདོད་མའི་གཞི་ཞེས་བྱ། འཁོར་འདས་ཀྱི་གཞི་ཞེས་བྱ་སྟེ་འདི་ལས་ལོག་ན་རྟོགས་བྱ་མཐར་ཐུག་གི་དོན་དམ་བདེན་པའམ། འཕགས་པའི་ཡེ་ཤེས་སམ། ཆོས་སྐུའི་འོད་གསལ་ཞེས་བྱ་བ་ཅི་ཡང་མེད་ལ། འདི་ལས་ལོགས་སུ་དུས་གསུམ་གྱི་ཟླས་ཕྱེ་སྟེ་འཁོར་འདས་ཀྱི་སྔ་རོལ་ཏུ་བྱུང་བའི་གདོད་མའི་སྤྱི་གཞི་ཞེས་བྱ་བ་ཅུང་ཟད་ཀྱང་མེད་དོ། །འོན་ཀྱང་རླུང་སེམས་འཁྲུལ་པའི་རྣམ་རྟོག་གིས་བསླད་མ་བསླད་ཀྱི་ཆ་དང་། བསླད་མེད་མངོན་སུམ་རྟོགས་མ་རྟོགས་ཀྱི་གནས་སྐབས་ཀྱི་དབྱེ་བ་ནི་ཡོད་དོ། །དེ་བཞིན་ཏུ་ད་ལྟ་ཕྱི་ནང་སྣོད་བཅུད་རང་ལུས་དང་བཅས་པའི་སྣང་བ་སྣ་ཚོགས་པ་མ་བརྟགས་གཅིག་པུ་ཉམས་དགའ་བ་ལྟར་སྣང་ཞིང་བརྟགས་ན་ཡོད་མེད་ཡིན་མིན་གང་དུའང་མ་གྲུབ་ཅིང་རྟེན་ཅིང་འབྲེལ་འབྱུང་སྒྱུ་མ་ལྟ་བུའི་སྣང་བ་འདི་ལ་ཀུན་རྫོབ་ཀྱི་བདེན་པ་དང་། རྟེན་ཅིང་འབྲེལ་འབྱུང་དང་། སྣང་བའི་ཡེ་ཤེས་དང་། གཞི་སྣང་ལྷུན་གྲུབ་ཀྱི་སྣང་བ་ཞེས་བྱ་བ་སྟེ། ད་ལྟ་རང་རེ་ལ་སྣང་བཞིན་པའི་ཡུལ་སེམས་གཉིས་པོ་འདི་ལས་ལོག་ན་གཞི་སྣང་ལྷུན་གྲུབ་ཀྱི་སྣང་བ་ཞེས་བྱ་བ་ཅི་ཡང་མེད་ལ་འབྲས་བུ་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་ཞེས་བྱ་བའང་ཅི་ཡང་མེད་དོ། །འོན་ཀྱང་དངོས་འཛིན་བདེན་ཞེན་གྱི་དབང་གིས་སྣང་བ་བརྟན་པར་བྱས་མ་བྱས་དང་། འཁྲུལ་སྣང་གཉིས་འཛིན་གྱི་ཆ་དབྱིངས་སུ་དག་མ་དག་གི་ཁྱད་པར་ནི་ཡོད་དོ། །དོན་དེའི་ཕྱིར་ཡུལ་སེམས་གཉིས་པོ་འདིའི་སྟེང་དུ་བདེན་གཉིས་ཐ་དད་དུ་འཛིན་པའི་ཡུལ་དང་ཡུལ་ཅན་གཉིས་འཛིན་གྱི་མཐའ་སྤངས་ཏེ་གཉིས་མེད་ཟུང་འཇུག་རྟོགས་པའི་རང་བཞིན་རྫོགས་པ་ཆེན་པོའི་ཡེ་ཤེས་སྤྲོས་པ་དང་བྲལ་བ་འདིའི་ངང་དུ་རྟག་བརྟན་ལྷུན་གྲུབ་ཆེན་པོར་བཞུགས་པར་གསོལ་བ་འདེབས་པ་ནི། དོན་དམ་ཀ་ནས་དག་པའི་སྟོང་ཉིད་དང་། །རྟེན་ཅིང་འབྲེལ་བ་ལྷུན་གྱིས་གྲུབ་པའི་ཆོས། །གང་ཞིག་གཉིས་སུ་འཛིན་པའི་མཐའ་སྤངས་པའི། །རང་བཞིན་རྫོགས་པ་ཆེན་པོར་བཞུགས་གྱུར་ཅིག །ཅེས་སོ། །མཇུག་སྦྱར་བྱང་ནི་གོ་སླའོ། །དོན་འདི་དག་ནི་ཤིན་ཏུ་བསྡུས་ཏེ་རྣམ་པར་དཔྱད་པའི་སྒོ་ཙམ་དུ་བྱས་པ་ཉིད་ཡིན་གྱིས་རྒྱས་པར་ནི་ཡི་གེས་ཀྱང་འཇིགས་ལ་སྤྲོས་པའང་བསྐྱུང་ངོ་། །འོན་ཀྱང་དོན་འདི་དག་འཆད་པ་ལ་འོས་སུ་ཆེ་བའི་སྐྱབས་མགོན་རྗེ་བཙུན་མཆོག་གི་ཞལ་སློབ་གསེར་རིའི་ཕྲེང་བ་ལྟར་ཚར་དུ་དངར་བར་གྱུར་མོད། དེ་ལྟར་ནའང་ཟབ་དོན་རྒྱ་མཚོ་ལྟོ་བར་བསྐྱིལ་ནས་ལེགས་བཤད་ཀྱི་མེ་འོད་གནད་ལ་ཕིག་པར་སྨྲ་ནུས་པ་ནི་བཀའ་འབངས་ཡོངས་ཀྱི་ཐ་ཤལ་འཁོར་ཡུག་གི་ལྕགས་རི་ནག་པོ་ལྟ་བུ་བདག་ཁོ་ནར་བས་པའང་ཤེས་ནས་འབད་དོ། །ཚིག་དོན་གནད་ཀྱི་སྟེང་དུ་ལེགས་འདྲིལ་ཞིང་། །གང་ཤེས་བཤད་ཡམ་སྤྲོས་པ་མ་བྱས་པའི། །ལེགས་བཤད་འདི་ལ་བླུན་པོ་མི་སྤྲོ་ཡང་། །རྣམ་དཔྱོད་རྣམ་པར་ཡངས་པའི་དགའ་སྟོན་ཡིན། །ཞེས་ཞབས་བརྟན་སྨོན་ཚིག་གི་དོན་འགྲེལ་ཉུང་ངུ་འདི་ཉིད་གདོལ་སྤྱོད་དཔལ་དགེ་ཧྲལ་པོས་རྡོལ་ཐབས་ཁོ་ནར་བྲིས་པ་སྟེ་འདིས་ཀྱང་བཀའ་དྲིན་གཞལ་དུ་མེད་པའི་སྐྱབས་མགོན་རྒྱལ་སྲ ས་དམ་པ་ཉིད་ཞབས་པད་ཡུན་དུ་བརྟན་པའི་རྒྱུར་གྱུར་ཅིག ། དགེའོ། །