PJCW-KABUM-02-KHA-021

From Khyentse Lineage - A Tsadra Foundation Project
Revision as of 16:18, 4 June 2024 by Mort (talk | contribs)
Wylie title
Location dpal sprul bka' 'bum
Volume 2, Text 21, Pages (Folios to )
Author དཔལ་སྤྲུལ་རིན་པོ་ཆེ་
Less details More details
Citation
Genre
[edit]
༄༅། །རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱི་གསན་ཡིག་གི་མགོ་རྒྱན།


གང་གི་རང་བཞིན་སྤྲོས་པ་ཀུན་བྲལ་གཉུག་མའི་གཤིས། །སྤངས་དང་རྟོགས་པའི་ཡོན་ཏན་ཆ་རྫོགས་ལམ་མཐར་ཕྱིན། །མཁྱེན་བརྩེའི་ཉི་མ་གདུལ་བྱའི་དཔྱིད་གྱུར་ཐུགས་རྗེའི་བདག །ཐུབ་པ་བདུད་བཞིའི་གཡུལ་ལས་རྒྱལ་དེས་རིང་དུ་སྐྱོངས། །རྒྱལ་བསྟན་རིན་ཆེན་ལུང་དང་རྟོགས་པའི་མཛོད། །གང་ཐུགས་དཔལ་བེར་ཡོངས་སུ་འཁྱིལ་བ་ལས། ། བཤད་དང་སྒྲུབ་པའི་རླབས་ཕྲེང་ཆེར་གཡོ་བས། །སྲིད་ཞིའི་ལེགས་ལམ་སྤེལ་མཛད་བླ་མར་འདུད། །ཡིད་འོང་སྨོན་པ་གཅིག་གིས་ཕྱོགས་དུས་ཀྱི། །རྒྱལ་བའི་སྲས་སུ་བསྐྱེད་པའི་དེ་མ་ཐག །གཞན༵་ཕན༵་ཁུར་ཆེན་མཐའ༵་ཡས༵་འགྲོ་མང་གི །ཐར་ལམ་སྒྲོན་མེར་ངེས་དེ་དམ་པའི་གཤིས། །གང་གི་ཐུགས་བསྐྱེད་ལྷག་བསམ་སྟོན་ཟླ་ལྟར། །དཀར་བ་ཁོ་ན་སྲིད་པའི་ཚ་གདུང་གིས། །དུབ་པའི་ལུས་ཅན་སྙིང་ལ་བསིལ་སྦྱིན་པའི། །སེམས་མཆོག་ག་བུར་ཐིག་པ་འབུམ་དུ་འཛགས། །ཡིད་འོང་རྒྱལ་སྲས་སྤྱོད་པ་རྨད་བྱུང་གིས། །ཚེ་རབས་ཕྲེང་བར་སྦྱང་བའི་ལེགས་མཛད་གསེར། །རྣམ་དཔྱོད་བི་ཤྭ་ཀརྨས་བརྡར་བའི་རྒྱན། །ཐུན་བསྟན་མཛེས་པའི་རྒྱན་གཅིག་ཁོ་ནར་ངེས། །བསྐལ་མང་བསླབ་གསུམ་དཀའ་ཐུབ་བཟུང་བཟུང་བས། ། ལུང་རྟོགས་གངས་རིའི་སྲས་མོ་འཁྱུད་འཁྱུད་དེས། །བདེ་ཆེན་སྙིང་པོའི་ཉམས་བརྒྱ་རྒྱས་རྒྱས་པའི། །སྔོན་མེད་བདེ་འབྱུང་དབང་པོར་ངེས་མིན་ནམ། །ཐུགས་བསྐྱེད་རལ་ཚོགས་སྡུག་པོར་འཛིང་པའི་ཁྱོན། །རྒྱལ་བསྟན་གངྒཱའི་ལྷ་མོ་རོལ་གནས་སུ། །སྔོན་མེད་བྱེད་པོས་བྱས་སམ་རྡུལ་སྙེད་ཀྱི། །རྒྱལ་བའི་ཕྲིན་ལས་མཛད་པ་ཆ་མ་འཚལ། །རྒྱལ་བསྟན་ལང་ཚོ་གསར་བའི་སྐེད་མེད་ལ། །ཉམས་ལེན་རོལ་སྒེག་ངོམ་པ་སྔོན་མང་ཡང་། །སྙིགས་མའི་རྒུད་པས་བགྲེས་པ་ད་ལྟའི་དུས། །བཤད་སྒྲུབ་རྩེ་དགའ་སྦྱིན་པ་མགོན་ཁྱོད་ཙམ། །འཇིག་རྟེན་སངས་རྒྱས་བྱོན་ཞིང་གྲགས་སྙན་རྔ། །ལྡིར་བའི་དོན་འབྲས་གཞི་གསུམ་ཕྱག་བཞེས་ཀྱི། །འབྲེལ་བའི་བསླབ་པ་གསུམ་ལྡན་འདུས་སྡེ་ཙམ། །ལྷ་མའི་མཆོད་སྡོང་བསྐྲུན་ལས་གཞན་ཡོད་མིན། ། ཆོས་འདུལ་མེ་ཏོག་སྐྱེད་ཚལ་གསར་བའི་གཟི། །མ་རྙིང་ཡུལ་དང་དུས་ཀྱི་མཐར་བསྐྱེད་པའི། ། བསྟན་པའི་བཞུགས་སུ་བྱོན་པའི་སངས་རྒྱས་ཞིག །སྲིད་ན་མགོན་པོ་འདི་ལས་གཞན་སུ་ཞིག །སྦས་ཚུལ་སྔགས་སྤྱོད་ཟབ་མོའི་ཉམས་ལེན་གྱིས། །རང་རྒྱུད་ལྐོག་ཏུ་འདུལ་བ་ཡོད་མཆི་ཡང་། །བསླབ་གསུམ་འབྲས་བཟང་དར་བའི་དཔག་བསམ་ཤིང་། །སྙིགས་འགྲོའི་བགོ་སྐལ་བསྐྱེད་པ་དཀའ་བའི་གནས། །སྔོན་བྱོན་དམ་པའི་མིང་དང་རིགས་རུས་ཀྱི། །དབང་བསྐུར་གསེར་རྒྱན་འཛིན་པའི་ཆེ་འགྱིང་འགྲོས། ངོམས་ཡང་རྨོངས་པའི་ཤ་ཚུགས་མ་བཏང་ཕལ། །ལོག་འཚོའི་སྣ་ཞག་སྐྱོང་དང་འདི་མི་འདྲ། །དམ་པའི་ཚུལ་དགུས་བཤེས་པའི་མཛད་བཟང་གསེར། །བསླང་མེད་རང་ཚུགས་བཟང་པོ་དེས་བསྔགས་ལས། །སྔོན་བྱོན་སྐྱེས་རབ་ཕྲེང་བའི་ལེགས་བྱས་ཀྱི། །ངོ་བསྟོད་ལྷན་པ་འདེབས་པ་གཅམ་བུ་ཙམ། །དང་པོ་བཤེས་གཉེན་མཆོག་བརྟེན་ཐོས་པ་བཙལ། །བར་དུ་ཐོས་དོན་བསམ་དང་བསམ་དོན་སྒོམ། །ཐ་མ་གྲུབ་འབྲས་བསྟན་འགྲོའི་དཔལ་གྱུར་པའི། །ལམ་དེ་དམ་པ་མཆོག་འདིའི་རྣམ་ཐར་ཡིན། །

དེ་ཕྱིར་ཐོས་པ་རྒྱ་མཚོའི་མཛོད་བསགས་པའི། །དམ་པའི་རྣམ་ཐར་ཇི་ལྟར་བསྐྱང་པའི་ཚུལ། །རྗེས་འཇུག་ཆོས་ཀྱི་ཁུངས་དང་སྐལ་བཟང་གཞན། །ཡི་རང་དད་སྤྲོའི་ཕུལ་དུ་སྤྲོ་བ་འོས། །མཁས་གྲུབ་གདེང་ཅན་རོལ་གནས་དམ་ཆོས་མཛོད། །ཐོས་བརྩོན་རྔ་ཡབ་རྩེ་མོས་མ་བླངས་ཏེ། །སྙོམས་ལས་གཉིད་དུ་ཡུར་བའི་སྐལ་དམན་ཅན། །བདག་དང་བདག་འདྲ་འགྱོད་དང་ངོ་ཚའི་གསོས། །དེ་ལྟ་ནའང་དད་གསུམ་མེ་ཏོག་ཕྲེང་། །སྤྱི་བོའི་རྒྱན་དུ་འཛིན་པའི་རྣམ་དཔྱོད་བཅས། །བཀའ་གཏེར་ཆོས་ཚུལ་རྒྱ་མཚོ་འཐུང་བའི་ཧུབ། །བགྲངས་པའི་ངལ་བ་དོན་ཡོད་ཡིན་པར་ངེས། །ཞེས་ཤིས་བརྗོད་ཕྱག་བྱ་དངོས་པོ་ངེས་པར་བསྟན་པའི་ཚིག་གིས་བརྗོད་པའི་ལམ་ཡངས་པོར་བྱས་ནས་འདིར་གང་གླེང་བར་བྱ་བ་ནི། སྤྱིར་གངས་རིའི་ཕྲེང་བས་བསྐོར་བའི་ལྗོངས་འདིར་ཆོས་ཀྱི་རྒྱལ་པོ་མེས་དབོན་གསུམ་དང་མཁན་སློབ་ཉི་ཟླ་ཟུང་གཅིག་ལ་སོགས་བསྟན་པའི་གསལ་བྱེད་ཆེན་པོ་རིམ་པར་བྱོན་པ་དག་གིས་བཀའ་དྲིན་ལས། རྒྱལ་བསྟན་རིན་པོ་ཆེ་ལུང་དང་རྟོགས་པའི་བདག་ཉིད་ཅན་སྐྱེ་དགུའི་བསོད་ནམས་ཀྱི་ཞིང་དུ་མངོན་པར་འབར་ཞིང་བཞུགས་པ་ལ། སྔོན་གྱི་དུས་སུ་ཐོས་བསམ་སྒོམ་པའི་ནན་ཏན་དར་དྲག་པའི་སྒོ་ནས་རྒྱལ་བསྟན་མ་ཚང་བ་མེད་པ་རང་རྒྱུད་ལ་འཛིན་པའི་མཛད་པ་བཟང་པོས་རྒྱལ་བ་དགྱེས་པའི་ལམ་མཆོག་མངོན་དུ་མཛད་པ་དུ་མ་ཞིག་བྱོན་པ་ཡིན་མོད་ཀྱང་། སྙིགས་མ་ལས་ཀྱང་ཆེས་སྙིགས་མར་གྱུར་པ་དེང་སང་གི་དུས་འདིར་རྒྱལ་བའི་བསྟན་པ་ཅི་ཡིན་ཙམ་ཡང་མི་ཤེས་པའི་བསྟན་འཛིན་དུ་རློམ་པ་མང་དག་ཅིག །འདུན་ཕུག་ཚེ་འདིའི་ཆེད་དུ་གཏད་དེ་ཕྱོགས་ཞེན་ཆགས་སྡང་གི་འཁོར་ལོ་དལ་མེད་དུ་བསྐོར་བས། བཤད་སྒྲུབ་འཁོར་ལོ་གཉིས་ཀྱི་མཛད་བཟང་མིང་གི་ལྷག་མ་ཙམ་དུ་གྱུར་པའི་སྐབས་སུ་རིང་ནས་གོམས་པའི་ཐུགས་བསྐྱེད་ཀྱི་མཛད་བཟང་དུས་སུ་སྨིན་ཏེ་ཐོག་མཐའ་བར་གྱི་མཛད་པ་མཐའ་དག་སྔོན་བྱོན་དམ་པའི་རྣམ་ཐར་གྱི་རྗེས་སུ་སྙེགས་ངེས་པའི་སྒོ་ནས་རྒྱལ་བསྟན་རིན་པོ་ཆེ་འབའ་ཞིག་ཐུགས་ལ་བཅིང་བའི་རྣམ་དཔྱོད་ཁྱད་པར་འཕགས་པ། རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་ཞེས་གྲགས་པའི་གསུམ་ལྡན་རྡོ་རྗེ་འཛིན་པ་ཆེན་པོ་དེ་ཉིད་ཀྱིས་གསར་རྙིང་བཀའ་གཏེར་གྱི་ཆོས་ཚུལ་དུ་མ་ཞིག་ལ་གསན་བསམ་ཇི་ལྟར་མཛད་པའི་རྣམ་ཐར་གསན་ཡིག་གི་ཚུལ་དུ་འགོད་པ་ལ། བསྟན་པར་འཇུག་པའི་སྒོ་སོ་བྱང་གི་སྡོམ་རྒྱུན། ཞུགས་ནས་ཐོས་བསམ་བྱ་བ་མདོ་སྔགས་ཀྱི་གཞུང་ལུགས་དང་གཉིས། དང་པོ་སོ་ཐར་གྱི་སྡོམ་རྒྱུན་ནི་མཁན་རིན་པོ་ཆེ་པདྨ་བཀྲ་ཤིས་དཔལ་བཟང་པོ་དེས་རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་གཙུག་ལག་ཁང་དུ་ལས་སློབ་དང་གསང་སྟོན་སོགས་དད་པའི་དགེ་འདུན་གྲངས་ངེས་དང་བཅས་ཡོངས་སུ་རྫོགས་པ་དགེ་སློང་གི་དངོས་པོར་བསྒྲུབ་སྟེ་ཐུབ་བསྟན་པདྨ་རྒྱས་པའི་ཉིན་བྱེད་དཔལ་བཟང་པོ་ཞེས་མཚན་གྱི་ཅོད་པཎ་དཔྱང་བར་མཛད་དོ། །གཉིས་པ་བྱང་སེམས་སྡོམ་རྒྱུན་ལ་ཟབ་མོ་ལྟ་བ། རྒྱ་ཆེན་སྤྱོད་པ། ཟབ་ཅིང་རྒྱ་ཆེའི་བརྒྱུད་པ་དང་གསུམ་ལས། དང་པོ་ནི་སོགས། རིག་འཛིན་གཏེར་བདག་གླིང་པ་དེའི་སྲས་འགྱུར་མེད་འོད་གསལ་སོགས། བྱང་སེམས་ཀུན་བཟང་གཞན་ཕན། རྗེ་དེ་ཉིད་ཀྱིས་བྱང་ཆུབ་སེམས་ཀྱི་བརྒྱུད་པ་འཛིན་པའི་སློབ་མའི་མཆོག་ཏུ་གསུང་གིས་དབུགས་དབྱུང་ཞིང་གཞན་ཕན་མཐའ་ཡས་འོད་ཟེར་དུ་མཚན་གྱི་མངའ་གསོལ་བར་མཛད་དོ། །ཡང་ན་སོགས། བྱང་སེམས་པདྨ་མངྒ་རྗེ་དེ་ཉིད་ཀྱིས་རྒྱལ་སྲས་གཞན་ཕན་མཐའ་ཡས་ལའོ། །གཉིས་པ་ཞུགས་པས་ཐོས་བསམ་བྱ་བ་མདོ་སྔགས་ཀྱི་གཞུང་ལུགས་ལ། རྒྱུ་མཚན་ཉིད་ཀྱི་ཐེག་པ། འབྲས་བུ་སྔགས་ཀྱི་ཐེག་པ། དེ་དག་ཀུན་གྱི་རྩ་བར་གྱུར་པ་ཐུབ་པ་ཆེན་པོའི་བཀའ་འགྱུར་རོ་ཅོག་དང་གསུམ། དང་པོ་རྒྱུ་མཚན་ཉིད་ཀྱི་ཐེག་པ་ལ་རྒྱ་གར་མཁས་པའི་བསྟན་བཅོས་དུ་མ་ཞིག་བཞུགས་པ་ལས་ད་ལྟ་ལུང་རྒྱུན་ཡོད་པ་ཕལ་མོ་ཆེ་ཞིག་གསན་པ་ལས། མཚན་ཐོ་དང་བརྒྱུད་པ་གཉིས་ལས། དང་པོ་ནི། སོགས། དགེའོ། །