PJCW-KABUM-01-KA-005

From Khyentse Lineage - A Tsadra Foundation Project
Revision as of 08:55, 2 June 2024 by Jeremi (talk | contribs)
Wylie title
Location dpal sprul bka' 'bum
Volume 1, Text 5, Pages (Folios to )
Author དཔལ་སྤྲུལ་རིན་པོ་ཆེ་
Less details More details
Citation
Genre
[edit]
༄༅། །སྙན་ངག་རྩོམ་དཔེ།


མི་སྡུག་པའི་ཉམས། རུལ་ཞིང་མྱག་པ་གཤང་ལྕིའི་ཁྲོད། །དྲི་ངའི་ནང་དུ་ལུས་བྱིང་ཞིང་། ། རྟག་པར་མི་གཙང་ཉིད་སྤྱོད་དེ། །ཐུབ་འོད་ཀྱིས་རེག་ལྷ་ཡུལ་འགྲོ། །བཞད་གད་ནི། ཐུབ་པ་དངོས་པོར་སྟོན་བཞེད་པས། །དང་པོར་བྱང་ཆུབ་གཉེར་བ་ན། །ཟབ་པ་ཞི་བ་སྤྲོས་བྲལ་བ། །གསུང་དེས་ཅིའི་སླད་གསང་མི་མཛད། །རྨད་བྱུང་ནི། ཐུབ་པའི་བྱིན་རླབས་འོད་སྣང་གིས། །རེགས་པའི་ལྗོན་ཤིང་ཁང་བཟང་དང་། །མེ་ཏོག་ལས་ཀྱང་དོན་ཟབ་པས། །ཡིད་འོང་ཆོས་སྒྲ་སྒྲོགས་འདི་མཚར། །འཇིགས་རུང་གི་ཉམས། རིང་ནས་ཐུབ་པའི་རྗེས་འབྲང་བ། །གསང་བའི་བདག་པོ་ལྷས་བཟུངས་པའི། །འབར་བའི་རྡོ་རྗེ་མི་བཟད་པ། །དྲན་ན་བདུད་སྡེའི་མགོ་ཡང་འགེམས། །རྣམ་གྲངས་བརྗོད་པ་ནི། མི་སྲུན་སྨོན་ལོག་མཐུ་རྫོགས་པ། །ལྷས་བྱིན་བསམ་པ་ལ་གཟིགས་ནས། །ཐུབ་པ་སོ་སྐྱེས་འཁོར་དང་བཅས། །མི་གསུངས་མཉམ་བཞག་ཁོ་ནས་བཞུགས། །བཟློག་པའི་དཔེ། ཐུབ་ཁྱོད་བསྐལ་པ་གྲངས་མེད་དུ། །ཚོགས་གཉིས་མ་གོམས་དེ་མིན་པས། །སྲིད་མཐར་བྱམས་པའི་ཏིང་འཛིན་ལ། །བདུད་སྡེའི་རྒོལ་བའི་ནུས་པ་བྲལ། ། ཡང་། ཐུབ་ཁྱོད་ལམ་དུ་རང་དོན་ལ། །ཞེན་པ་མ་སྤངས་མ་ཡིན་ན། །སྔ་ནས་དམན་པའི་ལམ་དག་ལས། །ཆགས་བྲལ་མངོན་དུ་བྱེད་པ་ཞིག །རིང་འབྲས་ནི། ཐུབ་གསུངས་ལེགས་བཤད་མི་ཡུལ་དུ། །སྐལ་བཟང་ལྡན་ལ་སྒྲོགས་པས་ན། །ཟུར་གྱིས་ངན་འགྲོའི་རྨོངས་པ་རྣམས། །ཐར་པའི་ས་བོན་འདེབས་ལ་ལྟོས། །ལྷན་ཅིག་གི་རྒྱུ་ནི། ཁྱོད་གསུངས་བདུད་རྩི་ཆོས་འཁོར་གྱིས། ། ཐར་ལམ་ངོ་བོར་སྟོན་པ་དང་། །ལྷན་ཅིག་སྐལ་བ་མཉམ་པའི་འཁོར། །སྲིད་མཐར་ཕྱིན་པ་ངོ་མཚར་རྨད། །འབྲས་བུ་སྔ་བ། གྲངས་མེད་གོང་ནས་འོག་མིན་དུ། །མངོན་རྫོགས་བྱང་ཆུབ་ཐོབ་བྱས་ཤིང་། །ཕྱིས་ནས་སྲིད་འདིར་བྱང་ཆུབ་ལམ། །སྦྱོང་བ་ཐུབ་པའི་ཐབས་མཁས་ཡིན། ། རིགས་མིན་གྱིས་བཟློག་པ། ཐུབ་གསུངས་འཇམ་པ་རྣར་སྙན་ལ། །ཅི་ནས་དགའ་བ་བསྐྱེད་བྱེད་པ། ། བདུད་སྡེའི་སྙིང་ལ་ཟུག་རྔུའི་དཔལ། །ཚད་པས་གདུང་བ་སྐྱེས་ལ་ལྟོས། །རིགས་པའི་བཟློག་པ། ཐུབ་པའི་ཚེམ་དཀར་ཡིད་འོང་ལ། །རེག་པའི་གསུང་གི་ཟླ་ཟེར་གྱིས། །སྐལ་བཟང་བློ་ཡི་ཀུ་མུད་ད། འབྱེད་འདིར་ངོ་མཚར་གནས་གཅིག་ཡིན། །ཟུར་གྱིས་ཕྲ་མོ་ནི། མཚན་གཞི་མེད་པའི་མཚན་ཉིད་ལ། །འདྲི་བའི་མུར་སྟུག་གཞན་དག་ལ། །བདག་མེད་འཇིག་རྟེན་མེད་སྟོན་ཕྱིར། །

ཐུབ་པ་ཅི་མི་གསུངས་པར་བཞུགས། །རྣམ་པའི་ཕྲ་མོ་ནི། སྐུ་ཚེ་འོད་དང་སྐུ་བོང་གིས། །མཆོག་དམན་བལྟ་བའི་གང་ཟག་ལ། །ཞིང་འདི་དག་ནི་ཞིང་གཞན་གྱི། །རྒྱལ་ཀུན་ངོ་བོ་གཅིག་ཏུ་སྟོན། །ཆེས་སྨད། ཁྱོད་ཀྱི་བསྟན་ལས་ཕྱིར་གྱུར་བ། །ལམ་འདི་འགྲོ་བས་ཆས་སྨད་དེ། །འདི་མེད་ན་ཡང་ཐུབ་ཁྱོད་ཀྱི། །བསྟན་པའི་ཁྱད་ཆོས་སུ་ཡིས་ཤེས། །ཆས་བསྟོད། གཅིག་ཏུ་ཐུབ་བསྟན་ལ་སྡང་བདུད། ཁྱོད་ཀྱི་བྱང་ཆུབ་སྤྱོད་མཆོག་གི །གྲོགས་སུ་ངེས་ཀྱང་ཡུན་རིང་དུ། །ངལ་བ་འབྲས་མེད་བགྱིད་འདིས་ཅི། །ཞེས་པ་ལྟ་བུའོ། །