DKYD-KABUM-08-NYA-011

From Khyentse Lineage - A Tsadra Foundation Project
Revision as of 09:52, 20 June 2024 by Mort (talk | contribs)
Wylie title
Location mdo mkhyen brtse bka' 'bum
Volume 8, Text 11, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre
Cycle ཨ་ཏི་སྙིང་གི་ཐིག་ལེ་ (a ti snying gi thig le)
[edit]
༄༅། །དུས་གསུམ་ཀུན་མཁྱེན་པདྨ་རྒྱལ་པོ་ལཿ བཏུད་དེ་རྫོགས་རིམ་དམར་ཁྲིད་འདིར་འགོད་བྱཿ རྫོགས་པ་ཆེན་པོ་ལམ་གྱི་རིམ་པ་ལཿ མཐའ་ཡས་གསུངས་ཀྱང་འབྲས་བུའི་ཐུས་ཀ་ནིཿ སྨྲ་རུ་མེད་པའི་རང་རིག་དེ་བཞིན་ཉིདཿ བསམ་དུ་མེད་ཅིང་བློ་ཡི་ཡུལ་ལས་འདསཿ བརྗོད་མེད་ཡུལ་ཅན་འཛིན་པའི་སྒྲོག་ལས་གྲོལཿ སྐུ་དང་ཡེ་ཤེས་མ་འགགས་དོན་གྱི་གདངསཿ ཀུན་ཁྱབ་ཆོས་དབྱིངས་འཕོ་འགྱུར་བྲལ་བ་ཡིཿ རང་གྲོལ་གཉུག་མ་མཐའ་བརྒྱད་སྤྲོས་དང་བྲལཿ འཛིན་པས་མ་བཅོས་རྒྱ་ཡན་རང་ཁ་མཿ འཁྲུལ་པའི་མིང་དང་མཁན་པོ་བདག་འཛིན་སྙོམསཿ རང་བབ་བཞག་དང་འཇོག་བྱའི་བློ་ལས་འདསཿ ཆེད་དུ་འཛིན་དང་བསྒོམ་བྱའི་འཛིན་སྟངས་ཞིགཿ འདི་དོན་རྟོགས་ན་རྒྱལ་བའི་དགོངས་པར་འདོདཿ དེ་ལས་མཆེད་པའི་རིག་ཤེས་ངོ་བོ་ནིཿ ཚོགས་བརྒྱད་དང་ནི་ཀུན་གཞི་ལུང་མ་བསྟནཿ ཐམས་ཅད་མཆེད་གཞི་མ་འགགས་མ་ཤར་ཞིངཿ འཐིམ་པོའི་ཡིད་ཤེས་ཀུན་ཏུ་མཆེད་པའི་གཞིཿ དེ་ལས་གསལ་ཆའི་གདངས་རྩལ་ཕྲ་མོ་ཡིཿ རྟོག་པ་འཆར་ལ་ཀུན་གཞིའི་རྣམ་ཤེས་ཞེསཿ གཟུང་རྟོག་ཤར་ཞིང་འཛིན་རྟོག་ཉམ་ཕྲ་བཿ དོན་དམ་རང་ངོ་ཇི་བཞིན་ཤར་གྱུར་ནཿ འཁྲུལ་པར་མ་མཆེད་དོན་གྱི་འབྲས་བུ་ཐོབཿ ཤིན་ཏུ་རགས་པའི་རྟོག་པ་ཤར་གྱུར་ཚེཿ བཟང་ངན་རེ་དོགས་ཤར་བ་ཉོན་མོངས་ཅནཿ སྒོ་ལྔའི་རྣམ་ཤེས་ཀུན་ཀྱི་སྒོ་ཡིན་ཕྱིརཿ དེ་དག་ལས་བྱུང་ཉོན་མོངས་རྟོག་པའི་ཚོགསཿ སྣ་ཚོགས་ཤར་བ་ཆུ་ལ་རི་མོ་བཞིནཿ དམིགས་མེད་ངང་ལ་ཅི་བདེར་གནས་པར་གྱིསཿ ངོ་བོ་སྟོང་ཡང་རང་བཞིན་གསལ་མི་སྟོངཿ རྣམ་པ་མ་གྲུབ་དམིགས་མེད་ངང་ལ་ཞོགཿ བག་ཆགས་དང་བཅས་སེམས་ཀྱི་འཕོ་འགྱུར་ཅནཿ མ་རིག་པ་ཡི་རྐྱེན་གྱི་སྣ་ཚོགས་གཞིཿ ཀུན་ཏུ་མི་གནས་རྒྱུ་བ་ལོངས་སྤྱོད་དངཿ གཟུང་འཛིན་ཕྲ་རགས་ཤེས་པའི་གོ་མ་འགགསཿ དེ་ཡི་གཞི་དབྱིངས་ཀུན་ཁྱབ་ཆོས་ཀྱི་སྐུཿ རིག་གདངས་སྟོང་གསལ་ཡེ་ནས་མ་བཅོས་གཞིཿ བསམ་མཐའ་བསྒོམ་བྱ་རྟག་ཆད་མཐའ་བྲལ་བའིཿ དབུ་མའི་དགོངས་དོན་མ་ནོར་ལམ་བཟང་མཆོགཿ འདི་ཡི་རྗོད་བྱེད་མདོ་སྔགས་དམ་པའི་ཆོསཿ བགྲངས་ལས་འདས་ཀྱང་མཐར་ཐུག་ངོ་བོ་ནིཿ སྨྲ་བསམ་བརྗོད་མེད་དོན་གྱི་རིག་པའོཿ ཁྱབ་གདལ་བྲལ་ཐོབ་སྤང་བ་དོན་རྡོ་རྗེཿ འཕོ་འགྱུར་བགྲེས་རྒུད་བྲལ་བ་འོད་སྣང་ཆེཿ མཐའ་བརྗོད་བྲལ་བའི་དོན་ལ་གནས་ཙམ་ནཿ ངོ་བོ་ལྷག་མཐོང་བཞག་དང་འཛིན་སྟངས་ཞིགཿ དེ་ཡང་བདེ་གཤེགས་སྙིང་པོ་དྲི་བཅས་ཁམསཿ ཀུན་ཏུ་གནས་ཀྱང་དེ་དོན་བསྒྲིབས་པ་ཉིདཿ གཞི་དབྱིངས་ཁྱབ་གདལ་གཞོན་ནུ་བུམ་པའི་སྐུཿ ཐིམ་ལ་མ་རྨུགས་དང་གསལ་སྒྲིབ་གཡོག་བྲལཿ དེ་ཡང་གློ་བུར་དྲི་མ་བདུན་གྱིས་གོསཿ ང་མེད་ངར་འཛིན་བདག་གཞན་གཉིས་སྣང་དངཿ ཡུལ་དང་ཡུལ་ཅན་རྟག་ཆད་མཐར་ལྷུང་དངཿ ཇི་བཞིན་མ་ཡིན་ཀུན་ཏུ་སྣ་ཚོགས་གཟུགསཿ དེ་ལ་དེར་འཛིན་བདུན་གྱིས་བསྒྲིབས་བྱས་ཤིངཿ གང་ཡང་མི་གནས་དེ་དང་མཐར་གནས་པསཿ ཀུན་ཁྱབ་དེ་བཞིན་ཉིད་ཀྱི་ངོ་བོ་ནིཿ སྤྲོས་པའི་མཐའ་བྲལ་ནམ་མཁའི་ངོ་བོ་བཞིནཿ འཕོ་འགྱུར་བྲལ་བ་གང་དུ་གནས་ཕྱིར་ཡངཿ མེད་དང་ཡོད་པའི་མཐའ་བཞིའི་སྤྲོས་པ་ཆོདཿ སྟོང་ཡང་རིག་པའི་རང་བཞིན་རྒྱུན་ཆད་མེདཿ འདི་དོན་རྟོགས་ན་འཁོར་བའི་རྒྱ་མཚོ་སྟོངསཿ ཐོག་མེད་དུས་ནས་མ་རིག་རྐྱེན་དབང་གིསཿ འདི་ཡི་ངོ་བོ་ཇི་བཞིན་རྟོགས་དཀའ་བསཿ ཤེལ་སྒོང་འདམ་དུ་ཚུད་བཞིན་བསྒྲིབས་པ་སྟེཿ དེ་ཡང་མངོན་དུ་འགྱུར་ཕྱིར་ལམ་གྱིས་དུབཿ མཐའ་གཏུག་ཟད་པའི་སྣང་བ་ཤར་གྱུར་ཚེཿ དང་པོ་པ་ཡི་རྟོགས་པ་རྒྱུད་ལ་སྐྱེཿ དེ་ཡང་ལམ་དུས་སྦྱང་བའི་ཡོན་ཏན་ཏེཿ མཐར་ཐུག་འབྲས་བུའི་གྲོལ་ས་མ་ཡིན་ཞིངཿ ཁམས་ལྔ་མ་དག་ལུས་རྒྱའི་འཛིན་སྟངས་དངཿ གཟུང་འཛིན་རགས་པ་ཆ་དང་བཅས་པའི་ཕྱིརཿ སླར་ཡང་ཀུན་ལ་འཛིན་པའི་བློ་ཡི་ནིཿ ཐོལ་ཐོལ་སྐྱེ་ཞིང་ཤུགས་ལ་དེངས་གྱུར་ཚེཿ གནས་ལུགས་ངོ་བོ་ཉིད་ལ་ཐག་མི་རིངཿ དེ་རྗེས་འདུས་བྱས་ཆོས་ཀུན་དོན་དམ་ངོརཿ རོ་གཅིག་གྱུར་ནས་ཀུན་ལ་འཛིན་སྟངས་ཞིགཿ མ་འདྲེས་ཡོངས་ཟླུམ་སོ་སོ་ཡང་དག་རིགཿ འདི་ནི་གདོད་མའི་གཞི་དབྱིངས་ཆེན་པོ་སྟེཿ དེ་མཐོང་དུས་ན་བག་ཆགས་གློ་བུར་ཚོགསཿ རང་དག་དགུ་སྤྲུགས་ཆེན་པོར་ཉམས་སུ་ལོངསཿ དེ་ནི་མཐར་ཐུག་འབྲས་བུའི་དོན་ཡིན་ཏེཿ གཞི་དབྱིངས་གཞོན་ནུ་བུམ་སྐུར་གྲོལ་བར་འགྱུརཿ ནང་གསལ་སྐུ་གསུམ་མ་བཅོས་དོན་ངོ་བོཿ ཤེལ་གོང་ནང་དུ་འཇའ་འོད་འཁྱིལ་པ་བཞིནཿ རྐྱེན་དང་འཕྲད་ཚེ་ཕྱི་རུ་གསལ་བ་ནིཿ ཉི་མའི་རྐྱེན་ལ་ཤེལ་འོད་ཕྱིར་གསལ་ལྟརཿ སྐུ་དང་ཡེ་ཤེས་མ་འགགས་མཆེད་པའི་གཞིཿ དེ་ཡང་སྣང་ཆ་ཐབས་དང་སྟོང་ཤེས་རབཿ ཀུན་ལ་མ་འགགས་གདངས་ཕྱིར་ནང་གསལ་ལོཿ སྐུ་གསུམ་ལྷུན་གྲུབ་ཆེན་པོར་མངོན་བྱང་ཆུབཿ དེ་ལྟར་གདམས་པའི་གནད་འགག་མ་ལུས་བཅུདཿ གཞི་དབྱིངས་ཁྱབ་གདལ་ཆེན་པོར་བགྲོད་པའི་ལམཿ ཐེག་པ་ཀུན་ཀྱི་རྩེ་མོ་བླ་ན་མེདཿ མཁའ་འགྲོའི་ཁ་རླངས་མ་ཡལ་ཆོས་ཀྱི་བཅུདཿ འབྲེལ་ཚད་དོན་ལྡན་གདམས་པའི་སྙིང་པོ་སྟེཿ ཀློག་དང་འཆང་བའི་སྐྱེས་བུ་གང་ལ་ལཿ པདྨ་མཆོག་དང་འདུ་འབྲལ་མེད་པར་འགྱུརཿ དམ་ལྡན་སྐྱེས་བུ་དམ་པ་འགའ་ཞིག་ལསཿ སྣོད་མིན་དག་ལ་སྲོག་ཕྱིར་ཤོར་ར་རེཿ སྔགས་ཀྱི་སྲུང་མས་གཡེལ་བ་མེད་པར་སྲུངསཿ མ་མ་ཁ་ཐཾཿ རྒྱ་རྒྱ་རྒྱཿ ཟབ་རྒྱཿ གསང་རྒྱཿ སྦས་རྒྱཿ རིག་འཛིན་མཐུ་སྟོབས་བདུད་འདུལ་རྩལ་གྱིས་ཕབ་པའོཿ ཿ«༄༅། །ཨ་ཏི་སྙིང་གི་ཐིག་ལེའི་ངོ་སྤྲོད་ཨི་ཐིཿ རྒྱཿ དྷྱཾཿ ྅྅྅ »ཨེ་མ་ཧོཿ སྔོན་ནས་འབྲེལ་བའི་རིགས་ཀྱི་བུ་ཁྱོདཿ མ་ཡེངས་བདག་ལ་ལེགས་པར་ཉོན་དངཿ མདོ་རྒྱུད་མན་ངག་རྒྱ་ཆེན་ཆོས་ཀྱིཿ སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསུངས་ཀྱངཿ ཀུན་ཀྱི་རྩ་བ་རང་སེམས་འདི་ཉིདཿ འདུལ་ཐབས་གཅིག་པུ་མ་གཏོགས་གཞན་མེདཿ སྨིན་བྱེད་དབང་གི་རྣམ་གྲངས་མང་པོཿ བརྡ་ཐབས་རྟེན་འབྲེལ་སྣ་ཚོགས་དུ་མསཿ བསྐུལ་ཡང་རང་རིག་ཡེ་ཤེས་ངོ་བོཿ འདི་ཉིད་དབང་དོན་དངོས་གཞི་ཡིན་ནོཿ གྲོལ་བྱེད་གདམས་པའི་ཁྲིད་རིམ་ཀུན་ཀྱིཿ ཕྱག་བཞེས་མན་ངག་ཟབ་ཟབ་མང་ཡངཿ སེམས་ཉིད་རྗེན་པ་བཟོ་བཅོས་མེད་འདིཿ རང་ལ་རང་ངོ་འཕྲོད་ཐབས་ཁོ་ནརཿ ཐམས་ཅད་མཐུན་ཡང་འཕྲོད་མཁན་དཀོན་ནོཿ གཤིས་ཀྱི་ངོ་བོ་སྤྲོས་བྲལ་ཆོས་སྐུཿ དེ་ཡི་རང་གདངས་འོད་གསལ་ལོངས་སྐུཿ འགགས་མེད་ཅིར་ཡང་འཆར་གྲོལ་སྤྲུལ་སྐུཿ དེ་གསུམ་དོན་ལ་དབྱེར་མེད་རོ་གཅིགཿ ད་ལྟའི་ཐ་མལ་ཤེས་པ་འདི་ཡིནཿ གནས་པའི་སེམས་ལ་བཟང་དུ་མ་ཞེནཿ འགྱུ་བའི་སེམས་ལ་ངན་དུ་མ་འཛིནཿ གཉིས་ཀའི་རང་ངོ་ཅེར་གྱིས་ལྟོས་དངཿ ལྟ་ས་ལྟ་མཁན་གཉིས་སུ་མེད་དོཿ མེད་ཀྱང་འཆར་ཚུལ་ཅིར་ཡང་མ་ངེསཿ ནམ་མཁའི་སྤྲིན་དང་ཆུ་ཡི་རྦ་རླབསཿ ཤར་དང་ཐིམ་ཀུན་རང་ལས་མ་གཡོསཿ དེ་བཞིན་རྣམ་རྟོག་བྱུང་ཚོར་ཐམས་ཅདཿ རང་ལས་བྱུང་ཞིང་རང་སར་རང་གྲོལཿ དེ་ཉིད་མིང་གིས་བཏགས་ཚུལ་ཙམ་ཡིནཿ དོན་ལ་སེམས་ཉིད་དངོས་པོ་མེད་ཕྱིརཿ ཤར་དང་གྲོལ་བའི་དངོས་པོ་ཅི་བྱུངཿ མེད་བཞིན་སྣང་བའི་སྒྱུ་འཕྲུལ་འདི་ལཿ ཨ་འཐས་ཞེན་འཛིན་དགག་སྒྲུབ་མ་བྱེདཿ གུ་ཡངས་ཁྲོལ་ལེ་ལྷོད་དེ་ཞོག་དངཿ རིག་སྟོང་ཆོས་སྐུའི་རང་ཞལ་མཇལ་ལོཿ ཙབ་ཙུབ་བན་བུན་བློ་སྣ་མང་པོའིཿ རང་སེམས་རང་གིས་འཁྲུལ་དུ་མ་འཇུགཿ ཝ་ལེར་ཁྱུག་གེ་ཅི་དགར་ཐོང་དངཿ རྣམ་རྟོག་ལས་ལྷག་སྒོམ་རྒྱུ་མི་དགོསཿ ཁོ་རང་བླ་མའི་མཆོག་ཏུ་འཆར་རོཿ ངེས་ཤེས་ཟབ་མོ་ནང་ནས་སྐྱེས་འོངཿ སྐྱེས་ཀྱང་སྐྱེ་མཁན་ཁོ་རང་ཡིན་གྱིཿ གང་ཤར་རང་ངོ་རིག་ལས་ལྷག་པའིཿ སྒོམ་འདོད་སྒོམ་བློས་ལྷན་པ་མ་རྒྱགསཿ སྒོམ་མོ་སྙམས་པའི་ཤེས་པ་དེ་ལསཿ གཞན་པའི་སྒོམ་རྒྱུ་སྒོམ་མཁན་གར་འདུགཿ ཡེངས་སོ་འཕྲོས་སོ་འཁྲུལ་ལོ་སྙམ་མཁནཿ དེ་ཉིད་ལས་ལྷག་ཡེངས་མཁན་སུ་འདུགཿ དེ་ཕྱིར་སེམས་ཉིད་གཅིག་གི་རོལ་བརཿ གང་ཡང་ཤར་མོད་ཤར་ཡང་སྟོང་ཉིདཿ ཅི་ཙམ་ཤར་ཡང་དགགས་སྒྲུབ་རྗེས་འབྲངཿ ཅི་ཡང་མི་བྱ་རང་སར་ལྷོད་ལཿ མི་སྤྲོ་མི་བསྡུ་སྐྱུར་ལ་ཞོག་ཅིགཿ ཡང་དག་དོན་ཞིག་འདི་ལས་འབྱུང་ངོཿ ལོ་བརྒྱའི་བར་དུ་ནན་གྱིས་བསྒོམ་པའིཿ སྒོམ་ཆེན་སྒོམ་གྱིས་འཆིང་བ་མང་ངོཿ མི་སྒོམ་སྐྱུར་བའི་ཉམས་ལེན་འདི་ཡིསཿ གཏན་དུ་བྱང་ཆུབ་ཐོབ་པར་འགྱུར་རོཿ དེ་སྐད་གདམས་ངག་རྗེན་པར་བྱུང་འདིཿ ཚིག་ལ་མ་འབྱམས་རྒྱུད་ཐོག་ཁེལ་མཛོདཿ རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོརཿ བདུད་འདུལ་དཔལ་གྱི་སྙིང་ཁྲག་ཡིན་ནོཿ «གཞན་ལ་མིག་ཟུར་མ་སྟོན་སྙིང་གི་བུ་མཆོགཿ མ་གཟའ་དམ་གསུམ་མེལ་ཚེ་གྱིས་ཤིགཿ ྅྅྅ཿ ཿ