DKYD-KABUM-02-KHA-033

From Khyentse Lineage - A Tsadra Foundation Project
Revision as of 08:43, 2 June 2024 by Jeremi (talk | contribs)
Wylie title
Location mdo mkhyen brtse bka' 'bum
Volume 2, Text 33, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Citation
Genre
[edit]
༅། །སཾ གུ ཧྱ མ ངྒ྄ ཧ ཎཾ སྭོ ྅ ཀྵ རཱ ཏྐེ ཊི ཀ སྶ མ རྦི ཏ ཿ ཀྲྀ ཥྞ བནྡུ ཤྩ ཧྲཱ ར ར ཎོ ཛི ན བི ཧར ཏི སྨ། །༄༅། །ཡང་གསང་འཛིན་པ་རང་གྲོལ་ལསཿ མཐའ་གཏད་བདུད་བཞི་གཡུལ་རྒྱལ་བཞུགས་སོཿ ཿ

«༄༅། །ཆུཎཱཉ྄ཏ྅྅྅ཿ མ་གཅིག་ཡུམ་ཆེན་ཁྲོས་མའི་རྒྱལཿ ལོག་འདྲེན་འདུལ་ཕྱིར་གུས་པས་འདུདཿ ཡང་གསང་འཛིན་པ་རང་གྲོལ་གྱིཿ ལས་ཀྱི་མཐའ་སྡུད་རིམ་པ་ནིཿ ལས་ངན་དབང་གྱུར་འགྲོ་བ་ལགསཿ འགྲུལ་སྣང་དྲག་པོའི་མཐུས་སྐྱེད་པའིཿ ལོག་པའི་ལམ་ཞུགས་དམ་ལས་ཉམསཿ བྱང་ཆུབ་སེམས་ཀྱི་མ་ཐུལ་ནཿ གཏད་པ་དྲག་པོ་བྱ་བ་ནིཿ རི་རྩེའམ་ནི་ཐང་ཆེན་དཀྱིལཿ རི་གཉན་བྲག་གཉན་ལམ་འདུས་མདོཿ འཁུ་འཁྲིག་སྐྱེ་པའི་གནས་དག་ཏུཿ གདོན་གྱིས་ཟིན་པའི་ནད་པའམཿ བསྲུང་བྱ་སྲུང་ཀུན་དེར་ཁྲིད་ལཿ ཐོག་མར་ཁྲོས་མའི་ང་རྒྱལ་གྱིསཿ མལ་ནས་དབང་སྡུད་ཟིལ་གནོན་བྱཿ ལམ་དུ་ཐུགས་པའི་དུས་ཉིད་དུཿ བརྟུལ་ཞུགས་སྤྱོད་པའི་རྔམས་འགྲོས་ཀྱིསཿ གདོན་ཆེན་དམིགས་པའི་ཡུལ་གྱུར་གཙོསཿ ཡུལ་དེའི་ལྷ་འདྲེ་གདུག་པ་ཅནཿ སྟོང་གསུམ་འཇིག་རྟེན་ཁམས་འདི་ནཿ གནས་པའམ་མཁའ་དང་ས་ལ་རྒྱུཿ འདྲེ་གདོན་རིགས་གྱུར་ཀུན་འདུས་ཤིང་ཿ གཉན་སར་དབང་མེད་དེད་པར་བསམཿ གནས་དེར་སླེབ་མ་ཐག་ཉིད་དུཿ ཁྲོས་མ་ནག་མོའི་དམ་ཚོགས་ཀྱིསཿ གདོན་རིགས་རྐང་པ་ནས་བཟུང་སྟེཿ ནམ་མཁར་ཕྱར་ཞིང་བར་སྣང་གཡུགསཿ ལྕགས་བསྲེག་གཞི་ལ་བརྡབ་པ་ཡིཿ དྲན་པ་ཉམས་ཞིང་བརྒྱལ་བར་བསམཿ དེ་ནས་གཉན་འབོད་བྱ་བ་ནིཿ» ཕཊཿ བདག་ཉིད་བརྟུལ་ཞུགས་སྤྱོད་པའི་ཧེ་རུ་ཀཿ དམ་པ་ནག་པོ་རི་རབ་ཙམ་དུ་གྱུརཿ སྤྱི་བོར་མ་གཅིག་དབྱིངས་ཀྱི་ཡུམ་ཆེན་མོཿ གསང་བ་ཡེ་ཤེས་ཤིན་ཏུ་ཁྲོས་པའི་ཉམསཿ ཅང་ཏེའུ་འཁྲོལ་ཞིང་མི་རྐང་གླིང་བུ་འབུདཿ དམར་གསལ་གཟི་འོད་འབར་ཞིང་གར་སྟབས་མཛདཿ སྐུ་གསུམ་ཞིང་མནན་ན་རག་དམྱལ་ཁམས་ཡནཿ ཐམས་ཅད་རང་དབང་མེད་པར་མདུན་དུ་བཀུགཿ དབང་དུ་སྡུས་ཤིང་ཟིལ་གྱིས་གནོན་པར་གྱུརཿ ཧཱུྃ་ཧཱུྃ་ཧཱུྃཿ ཕཊ་ཕཊ་ཕཊཿ ང་ནི་ཡེ་ནས་འཁྲུལ་མ་མྱོང་བ་སྟེཿ ཀུན་བཟང་ཧེ་རུ་ཀ་དང་གཉིས་སུ་མེདཿ མངལ་སྐྱེས་ཤ་ཁྲག་འབྱུང་བཞིར་བརྟེན་པའི་ལུསཿ སྣང་སྲིད་ལྷ་འདྲེའི་ཚོགས་ལ་ཟས་སུ་སྦྱིནཿ རང་རིག་ཡེ་ནས་དམ་པ་ནག་པོའི་སྐུཿ ཁམས་གསུམ་དབང་བསྒྱུར་ཆེ་བཙན་འགྲན་ཟླ་བྲལཿ ཧཱུྃ་ཧཱུྃ་ཧཱུྃཿ ཕཊཿཕཊཿཕཊཿ «མི་རྐང་གླིང་བུ་དྲག་ཏུ་འབུད་ཅིང་ཿ »ཀྱཻཿ སྟོང་གསུམ་སྟོང་གི་འཇིག་རྟེན་ཆེན་པོ་ནཿ སྐྱེ་མཆེད་མུ་བཞི་གཟུགས་ཁམས་གནས་བཅུ་བདུནཿ འདོད་ལྷ་རིགས་དྲུག་ཆ་རུ་གཏོགས་པ་ཡིཿ ཚངས་པ་གདོང་བཞི་དབང་ཕྱུག་ཁྱབ་འཇུག་དངཿ བརྒྱ་བྱིན་རྒྱལ་ཆེན་སྡེ་བཞི་ལྷ་ཕྲན་ཡནཿ དྲི་ཟ་གྲུལ་བུམ་མིའམ་ཅི་དང་ནིཿ དྲང་སྲོང་སེམས་དཔའི་ཚོགས་ཀུན་འདིར་འདུས་ཤིགཿ མཐུ་ལྡན་གཉན་ཆེན་གནོད་སྦྱིན་སྡེ་རིགས་བཅུཿ གཟའ་དང་རྒྱུ་སྐར་ལོ་ཟླ་ཞག་དུས་ལྷཿ སྡེ་བརྒྱད་དྲེགས་ལྡན་འབྱུང་བ་ལྔ་ཡི་བདགཿ ལྟོ་འཕྱེ་ས་བདག་ཀླུ་ཆེན་བརྒྱད་དང་ནིཿ རྒྱལ་རིགས་རྗེའུ་རིགས་དམངས་དང་གདོལ་བའི་རིགསཿ མཐུ་སྟོབས་ལྡན་པའི་དམག་ས་ཚོགས་འདིར་འདུས་ཤིགཿ བག་ཆགས་འཁྲུལ་པའི་དབང་གྱུར་བདུད་ཀྱི་རིགསཿ སྟོང་ཕྲག་བརྒྱད་ཅུའི་ཚོགས་དང་འཕྲོག་མའི་ཚོགསཿ གདོན་ཆེན་བཅོ་ལྔ་ཟ་འདྲེ་ཤི་གཤེད་དངཿ སྲོག་གཅོད་དབུགས་ལེན་ཚེ་ལེན་མདངས་འཕྲོག་པཿ གསོན་བདུད་གཤིན་ལྕགས་ཤི་འདྲེ་གདུག་པ་ཅནཿ ཕོ་གདོན་རྒྱལ་པོ་མོ་གདོན་བསེན་མོ་དངཿ དམ་སྲི་ཐེའུ་རང་གྲོང་རྒྱུག་འདྲེ་མོའི་རིགསཿ རང་དབང་མེད་པར་གཉན་ཁྲོད་འདིར་འདུས་ཤིགཿ ཁྱད་པར་སྡུག་བསྔལ་འགྲོ་བ་འདི་དག་ལཿ སྔོན་ལས་འཕྲལ་རྐྱེན་དབང་གིས་གནོད་བྱེད་པའིཿ ཐོག་མར་མི་འདོད་རྐྱེན་གྱིས་སྣ་འདྲེན་ཞིངཿ བར་དུ་བསམ་སྦྱོར་ངན་པའི་གདོན་ཚང་བཅའཿ ཐ་མར་ཚེ་དང་སྲོག་ལ་རློམ་པ་ཀུནཿ མྱུར་དུ་ཁུག་ལ་ཤ་ཁྲག་ལུས་ལ་བསྟིམཿ ཧཱུྃ་ཧཱུྃ་ཧཱུྃཿ ཕཊཿཕཊཿཕཊཿ ཀྱཻཿ མ་མི་མིན་ཡེ་ཤེས་མཁའ་འགྲོ་མཿ མ་གཅིག་གསང་བ་ཡེ་ཤེས་ཐུགས་རྗེའི་གཏེརཿ མ་ཡི་སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྔའིཿ མ་སྤྲུལ་བདུད་འདུལ་ཁྲོས་མ་ལྷ་ལྔ་མཿ མ་ཚོགས་བྱེ་བ་འབུམ་འབུམ་འཁོར་དང་བཅསཿ དབྱིངས་སྣང་ཡེ་ཤེས་ལྔ་ལས་སྤྲུལ་པ་སྟེཿ རབ་འཇིགས་ཨུ་ཙ་ལ་ཡི་དུར་ཁྲོད་ནསཿ རྫུ་འཕྲུལ་ཤུགས་ཀྱིས་གནས་འདིར་གཤེགས་སུ་གསོལཿ སྣང་སྲིད་ལྷ་འདྲེའི་དམག་ཚོགས་མཐའ་བསྐོར་ཞིངཿ བྲོས་ཤིང་འཁྱམས་པའི་དབང་མེད་ཟིལ་གྱིས་གནོནཿ མངོན་སྤྱོད་དྲག་པོའི་ཕྲིན་ལས་དུས་ལ་བབསཿ ཧཱུྃ་ཧཱུྃ་ཧཱུྃཿ ཕཊཿཕཊཿཕཊཿ «བསྲུང་བྱའི་རྣམ་ཤེས་སྤར་བ་ནིཿ »ཕཊཿ བསྲུང་བྱའི་ལུས་དབུས་རྣམ་པར་ཤེས་པ་དང་ཿ ཚེ་བསོད་ངོ་བོ་འོད་ཀྱི་ཐིག་ལེ་ནིཿ དཀར་དམར་འདྲེས་པ་མ་སར་སྒོང་ང་ཙམཿ སྙིང་གར་འདུས་ཤིང་དབུ་མའི་ལམ་བརྒྱུད་དེཿ སྐར་མདའ་ཆད་བཞིན་ནམ་མཁར་བཞུགས་པ་ཡིཿ ཡུམ་ཆེན་གསང་བ་ཡེ་ཤེས་མཁའ་འགྲོ་མའིཿ ཐུགས་ཀློང་འདྲེས་ཤིང་སླར་ཡང་ཁྲོས་མར་གྱུརཿ ཕཊཿ རང་ཉིད་མ་གཅིག་ཁྲོས་མ་ནག་མོ་ཡིསཿ སྟོང་གསུམ་ཁྱབ་པའི་བེམ་པོའི་པགས་པ་བཤུསཿ ས་གཞི་ཁྱབ་བཏིང་སྒྱུ་ལུས་ཤ་དང་ཁྲགཿ རུས་རྐང་ལྷ་ཚིལ་དཔག་མེད་སྤུངས་པ་ལཿ གནས་གདོན་ལུས་གདོན་དམ་ལ་མི་གནས་པའིཿ བཀའ་འགལ་འདུག་པའི་རིགས་གྱུར་དབྱེར་མེད་བསྟིམསཿ ཛཿཧཱུྃ་བྃ་ཧོཿགཉིས་སུ་མེད་པར་གྱུརཿ «མང་དུ་བརྗོད་ཅིང་དམིགས་པ་གཅུནཿ དེ་ནས་གཏད་ཅིང་བལྟ་བས་དངོས་ནིཿ »ཕཊཿ ཨོ་རྒྱན་དུ་མ་བ་ལའི་གྲོང་ཁྱེར་དབུསཿ རབ་འཇིགས་ཨུ་ཙ་ལ་ཡི་དུར་ཁྲོད་ནསཿ མ་གཅིག་བདུད་འདུལ་ཁྲོས་མན་ལ་མོ་ནིཿ མཐིང་ནག་རབ་འཇིགས་ཞལ་གདངས་མཆེ་བ་གཙིགསཿ དུར་ཁྲོད་ཆས་རྫོགས་གྲི་གུག་ཐོད་ཁྲག་འཛིནཿ ཧ་ཧའི་གད་རྒྱངས་སྒྲོགས་ཤིང་གར་སྟབས་བསྒྱུརཿ རང་འདྲའི་མཁའ་འགྲོ་བྱེ་བ་འབུམ་སྡེ་དངཿ དབུས་ཕྱོགས་ལྷ་ཀླུའི་དམག་ཚོགས་འཁོར་དང་བཅསཿ བེམ་པོ་ཤ་ཁྲག་རུས་པ་ནང་རོལ་དངཿ བཀའ་འགལ་དམར་ཉམས་གནས་གདོན་ལུས་གདོན་དངཿ བྱད་མ་སྔོན་ལས་འཕྲལ་རྐྱེན་ལས་བྱུག་གདོནཿ ཞལ་དུ་བསྟབ་པོ་ལྷག་མ་མེད་པར་རོལཿ འདྲེ་གདོན་རྣམ་ཤེས་གཏད་དོ་མ་ཤོར་ཅིགཿ ཇི་སྲིད་གྲོལ་བའི་འབྲས་བུ་མ་ཐོབ་པརཿ གདོན་འདི་འགུགས་འཆིང་སྡོམ་མྱོས་རྨོངས་ཤིང་འཐུམཿ ཐར་མེད་མུན་པ་གླིང་དགུའི་ནང་དུ་ཁྱེརཿ བཅོལ་པའི་རྟགས་དང་མཚན་མ་མཐོང་ནཿ ང་ཉིད་དམ་པ་ནག་པོ་རབ་ཁྲོས་ནསཿ སྣང་སྲིད་ལྷ་འདྲེའི་གནས་རྟེན་བརླག་ཏ་རེཿ ཧཱུྃ་ཧཱུྃ་ཧཱུྃཿ ཕཊཿཕཊཿཕཊཿ «མང་དུ་བརྗོད་ཅིང་སྣང་བ་གཏད་མེད་རང་ གར་སྟབས་མཆོང་རྒྱུག་བརྟུལ་ཞུགས་སྣ་ཚོགས་བྱཿ ཐོ་ཅོར་མ་སོང་རང་གི་ཉམས་དང་སྦྱརཿ »ཕཊཿ ཨོ་རྒྱན་དྷུ་མ་ཐ་པའི་གྲོང་ཁྱེར་གྱིཿ ཤར་ཕྱོགས་མངོན་པར་སྒྲ་སྒྲོགས་དུར་ཁྲོད་ནསཿ མ་གཅིག་བདུད་འདུལ་བདེ་ཆེན་དཀར་མོ་ནིཿ ཁྲོ་མོ་རབ་འཇིགས་ཞལ་གདངས་མཆེ་བ་གཙིགསཿ ལྕགས་ཀྱུ་ཐོད་ཁྲག་འཛིན་ཅིང་ཁྲོ་མོའི་ཆསཿ ཧ་ཧའི་གད་རྒྱངས་སྒྲོགས་ཤིང་གར་སྟབས་བསྒྱུརཿ རང་འདྲའི་མཁའ་འགྲོ་བྱེ་བ་འབུམ་སྡེ་དངཿ ཤར་ཕྱོགས་དྲི་ཟ་མེ་ལྷའི་ཚོགས་དང་བཅསཿ བེམ་པོ་ཤ་ཁྲག་རུས་པ་སོགས་གོང་ལྟར་འགྲེའོཿ ཕཊཿ ཨོ་རྒྱན་དྷུ་མ་ཐ་ལའི་གྲོང་ཁྱེར་གྱིཿ ལྷོ་ཕྱོགས་འོད་རབ་འབར་བའི་དུར་ཁྲོད་ནསཿ མ་གཅིག་བདུད་འདུལ་སེར་མོ་དོན་གྲུབ་ནིཿ སེར་ནག་ར་བ་འཇིགས་ཞལ་གདངས་མཆེ་བ་གཙིགསཿ གྲི་གུག་ཞགས་པ་འཛིན་ཅིང་ཁྲོ་མོའི་ཆསཿ ཧ་ཧའི་གད་རྒྱངས་སྒྲོགས་ཤིང་གར་སྟབས་བསྒྱུརཿ རང་འདྲའི་མཁའ་འགྲོ་བྱེ་བ་འབུམ་སྡེ་དངཿ ལྷོ་ཕྱོགས་གཤིན་རྗེ་སྲིན་པོའི་དམག་ཚོགས་བཅསཿ བེམ་པོ་ཤ་ཁྲག་རུས་«སོགསཿ »ཕཊཿ ཨོ་རྒྱན་དྷུ་མ་ཐ་ལའི་གྲོང་ཁྱེར་གྱིཿ ནུབ་ཕྱོགས་གད་རྒྱངས་སྒྲོགས་པའི་དུར་ཁྲོད་ནསཿ མ་གཅིག་བདུལ་འདུལ་དམར་མོ་སྒྲ་སྒྲོགས་མཿ དམར་ནག་རབ་འཇིགས་ཞལ་གདངས་མཆེ་བ་གཙིགསཿ དགྲ་སྟྭ་ལྕགས་སྒྲོག་འཛིན་ཅིང་ཁྲོ་མོའི་ཆསཿ ཧ་ཧའི་གད་རྒྱངས་སྒྲོགས་ཤིང་གར་སྟབས་བསྒྱུརཿ རང་འདྲའི་མཁའ་འགྲོ་བྱེ་བ་འབུམ་སྡེ་དངཿ ནུབ་ཕྱོགས་ཆུ་ལྷ་རླུང་ལྷའི་དམག་ཚོགས་བཅསཿ བེམ་པོ་རོ་ཤ་ཁྲག་སོགསཿ ཕཊཿ ཨོ་རྒྱན་དྷུ་མ་ཐ་ལའི་གྲོང་ཁྱེར་གྱིཿ བྱང་ཕྱོགས་གཏུམ་དྲག་རོལ་པའི་དུར་ཁྲོད་ནསཿ མ་གཅིག་བདུད་འདུལ་སྣ་ཚོགས་དྲག་མོ་རྒྱལཿ ལྗང་ནག་རབ་འཇིགས་ཞལ་གདེངས་མཆེ་བ་གཙིགསཿ སྤུ་གྲི་དྲིལ་བུ་འཛིན་ཅིང་ཁྲོ་མོའི་ཆསཿ ཧ་ཧའི་གད་རྒྱངས་སྒྲོགས་ཤིང་གར་སྟབས་བསྒྱུརཿ རང་འདྲའི་མཁའ་འགྲོ་བྱེ་བ་འབུམ་སྡེ་དངཿ བྱང་ཕྱོགས་གནོད་སྦྱིན་བདུད་ཀྱི་དམག་ཚོགས་བཅསཿ བེམ་པོ་ཤ་ཁྲག་«སོགས༴ »ཕཊཿ ལས་དང་དམ་ཚིག་ཤ་ཟ་མཁའ་འགྲོའི་ཚོགསཿ དབང་ཕྱུག་འབར་མ་གིང་དང་ལང་ཀའི་སྡེཿ དེད་དཔོན་སུམ་ཅུ་དྲེགས་པའི་དམག་ཚོགས་འཁོརཿ སྣང་ཞིང་སྲིད་པའི་ལྷ་འདྲེའི་ཚོགས་རྣམས་ཀྱིསཿ བེམ་པོ་ཤ་ཁྲག་རུས་པ་ནང་རོལ་དངཿ བཀའ་འགལ་དམ་ཉམས་གནས་གདོན་ལུས་གདོན་དངཿ བྱང་མ་སྔོན་ལས་འཕྲལ་རྐྱེན་ལས་བྱུང་གདོནཿ ཞལ་དུ་བསྟབ་པོ་ལྷག་མ་མེད་པར་རོལཿ འདྲེ་གདོན་རྣམ་ཤེས་གཏད་དོ་མ་ཤོར་ཅིགཿ ཇི་སྲིད་གྲོལ་བའི་འབྲས་བུ་མ་ཐོབ་པརཿ གདོན་འདི་འགུགས་འཆིང་སྡོམ་མྱོས་རྨོངས་ཤིང་འཐུལཿ ཐར་མེད་མུན་པའི་གླིང་དགུའི་ནང་དུ་ཁྱེརཿ བཅོལ་བའི་རྟགས་དང་མཚན་མ་མ་མཐོང་ནཿ ང་ཉིད་དམ་པ་ནག་པོ་རབ་ཁྲོས་ནམཿ སྣང་སྲིད་ལྷ་འདྲེའི་གནས་རྟེན་བརླག་ཏ་རེཿ དེ་བས་ལམ་ལོག་ཞུགས་པའི་དམ་འགལ་རིགསཿ འགྱུར་ལྡོག་འཕར་དང་མགོ་བསྐོར་རྗེས་སྙོགས་མཁནཿ མིང་གི་ལྷག་མ་ཙམ་པར་མེད་པར་རོལཿ ཁྱེད་རྣམས་མཐུ་སྟོབས་ནུས་པའི་རྩལ་ཤུགས་ཕྱུངསཿ གཞན་གྱི་སྡུག་བསྔལ་རང་ཐོག་བླངས་གྱུར་ནཿ མནར་མེད་དམྱལ་བའི་སྡུག་བསྔལ་མྱོང་ཏ་རེཿ འོཿ སྣང་ཞིང་སྲིད་པའི་ལྷ་འདྲེའི་དམག་ཚོགས་སྡེ་བརྒྱད་ལྷ་ཀླུ་གཉན་གསུམ་འཇིག་རྟེན་ཤ་ཟ་ལས་དང་དམ་ཚིག་མཁའ་འགྲོ་ཁྱེད་རྣམས་ཀྱིས་ལུས་གདོན་འབྱུང་པོ་གདུག་པ་ཅན་འདི་རྣམས་གཏད་པ་ཡིན་པས་མ་ཤོར་ཅིགཿ ཟུགས་ཤིག་ཆིངས་ཤིག་སྡོམས་ཤིག་མྱོསཔར་གྱིས་ཤིགཿ ཁྱེད་རྣམས་ཀྱིས་དེ་ལྟར་མ་བྱས་ནཿ ངས་སྲིད་པ་རུ་ལོག་གི་ཕྱག་རྒྱས་ཁྱེད་རྣམས་རྟེན་དང་བརྟེན་པར་ཐལ་བར་བརླག་ཅིང་སྲོག་སྙིང་བཀས་ཤིང་རྣམ་ཤེས་མནར་མེད་ཆེན་པོར་འཕང་ནས་བསྐལ་ཆེན་འབུམ་ཕྲག་ཏུ་སྡུག་བསྔལ་མྱོང་བར་གདོན་མི་ཟ་བས་རང་བརླག་གི་རྒྱུར་མི་འགྲོ་བས་རང་ནུས་ཡོད་པའི་ལས་འཕྲལ་དུ་སྒྲུབ་པར་གྱིས་ཤིགཿ ཕཊཿ «བརྗོད་ཅིང་རོ་སྙོམས་ཆེན་པོའི་ངང་དུ་དར་ཅིག་ཉལཿ སླར་དམིགས་མེ་ཀྱི་ངང་ནས་འཁོར་རྣམས་རང་གནས་སུ་ལྡོགཿ རང་ཉིད་དར་ཅིག་མཉམ་པར་བཞག་ཅིངཿ »ཕཊཿ སླར་ཡང་དམ་པ་ནག་པོ་གྲངས་མེད་བས་ཧཱུྃ་ཕཊ་ཀྱི་གད་རྒྱངས་སྒྲོགས་ཤིང་བྲོ་གར་བསྒྱུར་སྦྱང་བས་སྟོང་གསུམ་འཇིག་རྟེན་གྱི་ཁམས་ཡོམ་ཡོམ་ཤིག་ཤིག་སྟོང་བར་སྦྱངསཿ མཐར་གཅིག་ལ་གཅིག་ཐིམ་གྱིས་རང་ཉིད་ལ་ཐིམ་པར་«བསམཿ »ཡང་མཁའ་འགྲོ་དམར་མོས་འཇིག་རྟེན་ཁམས་ཀྱི་དྭངས་མ་དང་ཚེའི་བཅུད་བསྡུས་ཤིང་བམ་རིལ་ཐོད་པར་བདུད་རྩི་དཀར་དམར་གྱི་རྣམ་པར་བསྐྱིལ་ཞིང་རང་ལ་ཕུལ་བས་འཆི་མེད་ཚེའི་རིག་འཛིན་ཐོབ་«པར་བསམ་ཞིང་ལྟ་བའི་ངར་བསྐྱེད་དེ་རང་གནས་སུ་ལྡོགཿ »བསྲུང་བྱའི་རྣམ་ཤེས་ཀྱི་ངོ་བོ་ཐིག་ལེ་དཀར་དམར་སྤྱི་བོའི་ཡུམ་ཆེན་གསང་བ་ཡེ་ཤེས་ཀྱི་ཐུགས་ཀ་ནས་མར་བྱུང་བསྲུང་བྱའི་སྙིང་དབུས་སུ་ཞུགསཿ དེའི་འོད་ཀྱིས་ཟག་བཅས་ཀྱི་བག་ཆགས་སྦྱངས་ཤིང་ཌཱཀི་དམར་མོ་ལམ་གྱིས་གསལ་བར་གྱུར་«པར་བསམཿ རྗེས་ཀྱི་རིམ་པ་གཞུང་ལྟར་བྱཿ གཉན་ཆེན་མཐའ་གཏད་རྗེས་གཅོད་ཟབ་མོའོཿ རྒྱལ་འགོང་དམ་སྲི་ཤི་འདྲེ་གདུག་པ་ཅནཿ ཤི་གསོན་འདྲེ་མོ་བྱད་མ་ཀླུ་གདོན་སོགསཿ གཉན་ཐོག་གཉན་དབབ་མཚོ་ཆུར་གཏད་པ་ནིཿ ནད་པའམ་ནི་ཁང་ཁྱིམ་འདྲེ་ཡིས་བཟུངཿ དཀྱུས་མའི་མི་ལ་ལྷན་སྐྱིལ་གདོན་དང་བགྲོགསཿ རིགས་ངན་བུད་མེད་གསོན་འདྲེའི་རིགས་གྱུར་པའིཿ འགྲོ་ལ་གནོད་པའི་རིགས་སུ་གྱུར་པ་ཀུནཿ དངོས་སམ་ལུས་ལ་འཕྱང་བའི་རྫས་ཀྱང་རུངཿ ཡང་ན་ཁྱིམ་གྱི་འདྲེ་གདོན་འཁོར་བའི་རྫསཿ མཚོའམ་ཆུ་བོ་ཆེན་པོ་ལུད་པའི་ཁརཿ བརྟུལ་ཞུགས་ངར་མའི་གདེངས་དང་ལྡན་པར་ཕྱིནཿ དམིགས་བྱའི་རྫས་ཀུན་ཞགས་པ་འདོམས་དགུས་བཅིངསཿ »ཕཊཿ བསྒྲུབ་བྱའི་སྙིང་དབུས་རྣམ་པར་ཤེས་པ་ནིཿ འོད་ཀྱི་ཐིག་ལེ་ལྔ་ལྡན་སྒོང་ང་ཙམཿ དབུ་མའི་ལམ་བརྒྱུད་ཡུམ་ཆེན་ཐུགས་ཀར་འཕོསཿ གདོན་དང་བེམ་པོ་དབྱེར་མེད་གཅིག་ཏུ་འདྲེསཿ མི་ལྤགས་སྒྲོ་བ་རླུང་འཐུམས་ནང་དུ་ཚུདཿ སྤྲུལ་ནག་ཞགས་པ་འདོམས་དགུས་ཁ་བསྡོམ་ཞིངཿ ལས་བྱེད་མཁའ་འགྲོ་དམར་མོའི་ཞབས་འོག་མནནཿ འོ་དོད་འབོད་ཅིང་སྡུག་བསྔལ་ཉམས་མྱོང་བསམཿ ཕཊཿ འོཿ ཆུ་གཏེར་མུན་པ་གླིང་དགུའི་གཏིང་རུམ་ནསཿ གདུག་པ་ཀླུ་ཡི་དམག་ཚོགས་ཀུན་གྱི་རྗེཿ ནཱ་ག་རཀྴ་རབ་ཁྲོས་སྲིན་པོའི་གཟུགསཿ མགོ་དགུ་ལག་པ་བཅོ་བརྒྱད་མཚོན་ཆ་བསྣམསཿ སྐུ་སྨད་སྤྲུལ་མཇུག་འཁྱིལ་པས་རྒྱ་མཚོ་དཀྲུགསཿ ཀླུ་ཡི་དམག་ཚོགས་བྱེ་བ་འབུམ་གྱིས་བསྐོརཿ ཁྱེད་ནི་གདུག་པའི་ལུས་ལ་བྱང་ཆུབ་སེམསཿ དགྲ་གདོན་མ་རུངས་ལོག་འདྲེན་འདུལ་བའི་གཤེདཿ གདོན་འདི་གཏད་པ་ཡིན་ནོ་མ་ཤོར་ཅིགཿ འཆོར་མེད་དྲྭ་བར་སྡོམས་ལ་ཞགས་པས་ཆིངསཿ ཆུ་བགཏེར་མུན་པ་གླིང་དགུའི་ནང་དུ་སོངཿ བྱང་ཆུབ་སེམས་ཀྱི་འབྲས་བུ་མ་ཐོབ་པརཿ ནམ་ཡང་མ་གཏོང་མ་ཤོར་རྨོངས་སུ་ཆུགསཿ དམ་ལས་འདས་ན་སྲོག་སྙིང་འགས་ཏ་རེཿ« ཞེས་བརྗོད་ཅིང་བསྒྲུབ་བྱའི་སྐྲ་སེན་དང་དྲི་ཁུས་སྤྲུས་པའི་བམ་གཟུགས་ཆུ་དཀྱིལ་འཕངཿ ནད་པ་སོགས་གདོན་ཅན་ཐག་པས་ཁྲིད་ཅིང་ཆུ་ནང་དུ་བསྲུབ་སྟེ་ཆུ་ལྕགས་ཀྱི་བྲན་པས་དྲན་པ་ཉམས་པར་གྱུར་པའི་ཚེ་ཕྱིར་ཕྱུངསཿ »འོཿ ཆུ་བདག་དམག་ཚོགས་ཁྱེད་རྣམས་ལ་གནོད་བྱེད་གདོན་བགེགས་འདི་གཏད་པ་ཡིན་པས་མ་ཤོར་ཅིགཿ གལ་ཏེ་བཏང་བར་གྱུར་ན་བདག་ཉིད་དམ་པ་ནག་པོས་རི་རབ་ཙོག་པུར་འཕེནཿ རྒྱ་མཚོ་ཧུབ་ཀྱིས་དྲོངསཿ མཛེ་ཤ་དང་དུག་ཁྲག་གིས་ཆུ་གནས་གཏིང་ནས་སྐྱེམསཿ ཁྱེད་ཅག་གནས་རྟེན་རྡུལ་དུ་བརླག་པར་གདོན་མི་ཟའོཿ དེ་ལྟར་མི་བྱེད་ཀ་མེད་གདོན་ཆེན་གདུག་པ་འདིའི་རྐྱེན་ལ་བྱུང་བ་ཡིན་པས་ཉེས་ཅན་འདི་ལ་ཆད་པ་དྲག་པོ་ཆོད་ཅིགཿ ཕཊཿ ཧཱུྃ་ཧཱུྃ་ཧཱུྃཿ ཕཊཿཕཊཿཕཊཿ «ཅེས་བརྟུལ་ཞུགས་དར་དང་ལྡན་པས་ཕྱོགས་བཅུར་རྒྱུག་ཅིང་གར་སྟབས་བྱ་ཞིང་ཧཱུྃ་ཕཊ་གད་རྒྱངས་སྒྲགས་ཤིང་ལྟ་བ་གཏད་མེད་བཏང་ཿ བསྒྲུབ་བྱ་དང་རོག་ཀུན་ཕྱིར་ལྡོགཿ རང་ཉིད་བརྟུལ་ཞུགས་རོ་ཉལ་གྱི་གཞན་ཅི་ཡང་མི་བྱ་བར་དམ་པ་ནག་པོ་རི་རབ་ཙམ་གྱིས་ཆུ་གཏེར་གཏིང་ནས་ནོན་པར་བསྒོམསཿ ནུབ་གཅིག་དེར་ཆོད་ཚད་རྟགས་མཚན་མངོན་དུ་འབྱུང་ངོ་ཿ སང་ནངས་པར་རང་ཉིད་སྤྱན་རས་གཟིགས་ཁ་སརྦ་ཎི་བསྒོམ་ཞིང་ཿ »ཕཊཿ རང་ཉིད་ཐུགས་རྗེ་ཆེན་པོའི་ཕྱག་སོར་ལསཿ བདུད་རྩི་འོ་མའི་ཆུ་རྒྱུན་བབས་པ་ལསཿ གཉན་སའི་ཀླུ་གཉན་ས་བདག་ཀུན་ཚིམ་ཞིངཿ དམ་འོག་ཚུད་ཅིང་ཁས་བླངས་དམ་བཅས་ནསཿ དགོས་འདོད་ཡིད་བཞིན་ནོར་བུ་ཕུལ་བར་བསམཿ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ« བརྒྱ་རྩ་བཟླས་ཤིང་དམིགས་མེད་ངང་ལ་བཞགཿ རང་གནས་ལོག་ཅིང་ཕྱི་མིག་མི་བལྟའོཿ གནས་གདོན་ལུས་གདོན་གང་ལ་འདི་སིམ་གྲོལཿ ལས་ཀྱི་རྣམ་པར་སྨིན་པ་མ་གཏོག་པསཿ འབྲལ་རྐྱེན་གདོན་བགེགས་སུམ་བརྒྱ་དྲུག་ཏུ་དང་ཿ ཤི་གསོན་འདྲེ་ཡི་རིགས་གྱུར་ཐུབ་པར་ངེསཿ རིགས་ངན་བདུད་མོ་མི་ཡི་རྫུར་ཞུགས་པཿ ལུས་སེམས་འཕྲལ་བར་སྲིད་པའི་ཐོག་མར་བརྟགསཿ ཁ་ན་མ་ཐོ་སྤང་ཕྱིར་སྨྲས་མཁས་བྱཿ འདི་ཉིད་ཤིན་ཏུ་གཉན་ཞིང་སྡིག་ཆེ་བསཿ ཤིན་ཏུ་དོ་གལ་ཆེ་ཞིང་སེམས་ཅན་དོནཿ ལས་གཞན་རང་ཆེ་འབྱིན་དང་ཟས་ནོར་ཕྱིརཿ མི་བྱ་དམ་ཚིག་བཀའ་རྒྱ་གཉན་པོ་ཡོདཿ མ་གཅིག་ཌཱ་ཀི་མ་ཡི་ཐུགས་ཀྱི་བཅུདཿ ཨ་ཙར་ནག་པོའི་གསང་བའི་མན་ངག་སྟེཿ རིགས་ཀྱི་སྲས་མོ་ལེགས་འདུས་སྒྲོན་མ་དང་ཿ ཐུགས་སྲས་རྒྱ་ནག་གཅེར་བུ་གཉིས་ལ་གཏདཿ སྙིང་ལ་ཆོང་བཤིག་གཞན་ལ་སྤེལ་མི་བྱཿ དདང་སྤིར་གྱི་ཁ་བཞིན་གསང་རྒྱས་ཐོབཿ ཡུམ་ཆེན་ཌཱཀིའི་ཐུགས་ཀྱི་ཀློང་དུ་སྦསཿ མ་འོངས་སྤྲུལ་པའི་འགྲོ་དོན་སྤྱོད་པའི་དུསཿ འདི་ཉིད་དམ་བཅའ་བཞི་ལྡན་རྡོ་རྗེར་མཚུངསཿ དེ་ཚེ་དབྱིངས་ཀྱི་ཌཱཀིས་བརྡ་བསྐུར་ནསཿ ཕ་ནོར་བུ་ཡི་ལག་ཏུ་འཕྲོད་པར་ཤོགཿ དམ་མེད་ལོག་ལྟ་ཐེ་ཚོམ་གཡོ་སྒྱུར་ཅནཿ ངོས་སྲུང་ཐབས་ཀྱིས་བསླུ་བའི་སློབ་དཔོན་བདུདཿ སྙིགས་དུས་འབྱུང་སྲིད་གདམས་པ་འདི་མ་སྟོནཿ བརྟེན་ཀྱང་ཁོ་ཡི་སྲོག་གི་གཤེད་མར་འགྱུརཿ འབར་མ་སྤུན་གསུམ་དུར་བདག་མེར་སྲིང་དང་ཿ སྤུ་གྲི་མཆེད་གསུམ་བཀའ་འདི་དམ་པོར་སྲུངསཿ ས་མ་ཡཿ རྒྱ་རྒྱ་རྒྱཿ གུཧྱཿ ཁཐཾཿ ཨྠིྀཿ བདག་འདྲ་དུས་མཐའི་གཏེར་སྨྱོན་ཨ་ཙན་ནག་པོས་བརྡ་རིས་ལས་དག་པར་ཕབ་པའི་ཡེ་གེར་འདུ་བྱེད་གཅོད་མཁན་འོད་ཟེར་མིང་གིས་བགྱིས་པ་ཤིན་ཏུ་ཟབ་བོཿ དགེའོ།། །།