DKYD-KABUM-02-KHA-026

From Khyentse Lineage - A Tsadra Foundation Project
Revision as of 08:46, 2 June 2024 by Jeremi (talk | contribs)
Wylie title
Location mdo mkhyen brtse bka' 'bum
Volume 2, Text 26, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Citation
Genre
[edit]
༄༅། །སུ ཥྛུ གོ ཧྱཾ དྷཱ ར ཡ མུ ཏ བེ ཤ ནྟ ཿ ཨིནྡྲ ཥི ཉྩ དུཿ ཁཾ གོ ར ཡ ཝི བི ཧར ཏི སྨ། །༄༅། །ཡང་གསང་འཛིན་པ་རང་གྲོལ་ལསཿ བྱིན་རླབས་དབང་ཆོག་སྡུག་བསྔལ་ནད་སེལ་བཞུགས། །

«༄༅། །྅྅྅ ཡེ་ཤེས་ཌཱཀྐི་གསང་ཡེ་མཿ གུས་པས་བདུད་དོ་དངོས་གྲུབ་སྩོལཿ འགྲོ་བའི་སྡུག་བསྔལ་སེལ་བའི་སྨནཿ བྱིན་རླབས་དབང་ཆོག་ཟབ་མོ་བསྟནཿ ཟབ་མོ་གཅོད་ཀྱི་རང་ལུགས་འགྲོ་བའི་སྡུག་བསྔལ་སེལ་ཞིང་བདེ་བ་མཆོག་གི་ལམ་ལ་བཀོད་པའི་ཐབས་དུ་མར་བསྟན་པའི་ནང་ཚན་ལསཿ སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་འབྱུང་པོའི་ཁ་རླངས་སོགས་ཀྱི་ནད་གདོན་སེལ་ཞིང་སྒོ་གསུམ་བྱིན་གྱིས་བརླབས་པའི་གདམས་པ་ལཿ དཀྱིལ་འཁོར་ཡུལ་དུས་དང་བསྟུནཿ དབུས་སུ་ཐོད་པ་བདུད་རྩིས་གཏམས་པཿ གཡས་སུ་བུམ་པ་འོ་ཆབས་ཀྱིས་གཏམས་པཿ གཡོན་དུ་སྡེ་ལྔའི་གཏོར་མ་བཀོདཿ ཅི་རིགས་པའི་མཆོད་པས་མཐའ་ནས་བསྐོར་ཞིངཿ ཐོག་མར་སྒྲུབ་པའི་རིམ་པ་ནིཿ »ན་མོཿ བླ་མ་མཁའ་འགྲོ་དབྱེར་མེད་ལཿ སྐྱབས་སུ་མཆིའོ་ཐུགས་རྗེས་ཟུངསཿ མ་དག་སེམས་ཅན་ཀུན་སྒྲོལ་ཕྱིརཿ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོཿ འཁྲུལ་སྣང་རྨི་ལམ་སད་པ་བཞིནཿ ཕྱི་སྣོད་དྷུ་མ་ཐ་ལའི་ཞིངཿ རྒྱན་བཀོད་ཕུན་སུམ་ཚོགས་པའི་དབུསཿ པདྨ་ཉི་མ་རོ་ཡི་གདནཿ རང་ཉིད་དམ་པ་ནག་པོ་ནིཿ དབུ་སྐྲ་ཁྲག་འཐུང་དྲུག་ཅུ་ཡིཿ ལྕང་ལོ་ཟར་བུ་ཐུར་དུ་འཁྲིལཿ སྤྱན་གསུམ་འབྲུ་ཚུགས་ནམ་མཁར་གཟིགསཿ ཕྱག་གཡས་ཞིང་ཆེན་གཡང་གཞི་རྡེབསཿ གཡོན་པས་མི་རྐང་གླིང་བུ་འབུདཿ ཞལ་ནས་ཧཱུྃ་ཕཊ་གད་རྒྱངས་སྒྲོགསཿ ཞབས་གཉིས་རྒྱལ་པོ་རོལ་པའི་སྟབསཿ སྟག་ལྤགས་ཤམ་ཐབས་རུས་རྒྱན་གསོལཿ གཟི་བརྗིད་འོད་ཟེར་འབར་བར་བཞུགསཿ སྙིང་གར་ཌཱཀྐི་གསང་ཡེ་མཿ དམར་གསལ་ཞི་མ་ཁྲོ་ཡི་ཉམསཿ དབུ་སྐྲ་ཐོར་ཚུགས་ཕྱེད་ཐུར་གཟརཿ རཏྣ་སྣ་ཚོགས་རུས་པས་བརྒྱནཿ ཕྱག་གཡས་ཅང་ཏེའི་ནམ་མཁའ་འཁྲོལཿ རབ་འབྱམས་ཞིང་ཁམས་ཐུགས་རྒྱུད་བསྐུལཿ གཡོན་པས་ཐོད་པ་བདུད་རྩི་སྟོབསཿ ཞབས་གཉིས་སེམས་དཔའི་གར་སྟབས་བསྒྱུརཿ ཌཱཀྐི་འབུམ་གྱི་འཁོར་གྱིས་བསྐོརཿ སྤྱི་བོར་རིགས་བདག་ཐོད་ཕྲེང་རྩལཿ བརྟུལ་ཞུགས་ཆེན་པོའི་ཉམས་དང་ལྡནཿ བུམ་པ་བདེ་ཆེན་དཀར་མོ་ནིཿ རིག་འཛིན་མཁའ་འགྲོའི་ཆ་བྱད་ཅནཿ ཕྱག་ན་སྨན་གྱི་བུམ་པ་ཐོགསཿ མདུན་དཀྱིལ་ཁྲོས་མ་ལྷ་ལྔ་མཿ རྒྱན་དང་ཆ་ལུགས་ཡོངས་རྫོགས་གསལཿ ཧྲཱི༔ རྣམ་གྲོལ་དབུགས་ཆེན་འབྱིན་ཞིང་ནསཿ ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགསཿ དམ་ཚིག་པ་དང་དབྱེར་མེད་འདྲེསཿ བརྟུལ་ཞུགས་ཟིལ་གནོན་ཆེན་པོ་ཡིསཿ ཁམས་གསུམ་གུས་པས་ཕྱག་བགྱིའོཿ ཕྱི་དང་ནང་དང་གསང་བ་མཆོགཿ བདེ་བ་ཆེན་པོའི་མཆོད་པ་འབུལཿ ཨོཾ་བཛྲ་པུཥྤེ་སོགས་ནས། ཤབྡ་མ་ཧཱ་པཱུ་ཙ་སུ་ཁ་ཨ་ཧོཿ ཧྲཱིཿ སངས་རྒྱས་ཀུན་དངོས་བླ་མ་རྡོ་རྗེ་འཆང་ཿ དཀྱིལ་འཁོར་གཙོ་བོ་ཌཱཀྐི་གསང་ཡེ་མཿ ཡེ་ཤེས་ལྔ་རྫོགས་བདུད་འདུལ་ལྷ་ལྔ་སྟེཿ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོདཿ ཡེ་ཤེས་མཁའ་འགྲོའི་ཐུགས་ཀ་རུཿ ཉི་ཟླའི་གདན་དུ་དགའ་འཁྱིལ་དབུསཿ ཨཱཿཡིག་སྔགས་ཀྱི་ཕྲེང་བས་བསྐོརཿ འོད་ཟེར་ཕྱོགས་བཅུར་འཕྲོས་པ་ཡིསཿ རྒྱལ་རྣམས་མཆོད་ཅིང་བྱིན་རླབས་བསྡུསཿ སྣོད་བཅུད་དག་པའི་ཞིང་དུ་གྱུརཿ དྲང་སྲོང་རིག་འཛིན་སྨན་བཅུད་བསྡུསཿ བདག་དང་དཀྱིལ་འཁོར་ལ་ཐིམ་པསཿ བྱིན་རླབས་ནུས་པ་བཅུད་དུ་དྲིལཿ ཁམས་གསུམ་གསོ་བའི་ནུས་ལྡན་གྱུརཿ ཨཱཿཧ་རི་ནི་ས་མ་ཧཱ་བྷཱཻ་ཥ་ཛྱེ་སརྦ་སིདྡྷི་ཧཱུྃཿ «ཅི་ནུས་བཟླས་ཤིང་ནུས་ལྡན་བསྒྲུབཿ» བདག་ཉིད་དམ་པ་ནག་པོ་ཡིཿ སྐུ་ལས་བྱིན་རླབས་འོད་ཟེར་ནིཿ མེ་ཡི་ཚྭ་ཚྭ་ལྟར་འཕྲོས་པསཿ དམིགས་པའི་ཡུལ་དུ་གྱུར་ཀུན་གྱིཿ ནད་རིམས་བག་ཆགས་མ་ལུས་བསྲེགསཿ ཆོས་ཉིད་སྟོང་པའི་ངང་དུ་གཏོརཿ གནོད་བྱ་གནོད་བྱེད་བྲལ་བར་དམིགསཿ ཨོཾ་ཨཱཿས་ར་ན་སརྦ་ཛྭ་རེ་དུཥྟཾ་ཛྭ་ལ་རཾ་ཧཱུྃ་ཕཊཿ «བཟླ་ཞིང་ཆོས་ཉིད་ངང་མདངས་སྐྱོངཿ སྔགས་ཀྱིས་མཆོད་ཅིང་གོང་ལྟར་བརྗོདཿ» རིགས་བདག་སྐུ་ལས་བདུད་རྩིའི་རྒྱུནཿ བབ་ཅིང་ལུས་ཀུན་མེར་གྱིས་གངཿ སྒྲིབ་བཞི་དག་ཅིང་དབང་བཞི་རྫོགསཿ དངོས་གྲུབ་མཆོག་ཐོབ་སྐུ་བཞིར་སྨིནཿ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལཿ ཀཱ་ཡ་ཝཱཀ྄་ཙིཏྟ་སིདྡྷི་ཕ་ལ་ཧོཿ «ལན་བདུན་བཟླས་པས་བདག་དབང་བླངསཿ གཉིས་པ་གཞན་དོན་དབང་སྒྱུར་ནཿ བསྲུང་བྱར་གྱུར་ཀུན་མདུན་དུ་འཁོདཿ གཙང་མའི་ཆབ་ཀྱིས་ཁྲུས་བྱ་ཞིང་ཿ» ཧཱུྃཿ མ་མཱ་ཀི་ཡི་མཁའ་ཀློང་ནསཿ བྱུང་བའི་དག་བྱེད་ཆུ་རྒྱུན་གྱིསཿ བསྲུང་བྱའི་སྒོ་གསུམ་དྲི་མ་བཀྲུསཿ གཟུང་འཛིན་བག་ཆགས་དག་གྱུར་ཅིགཿ བྃ་ཧོ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱཿ «དྲི་ཁུ་གླུད་གཏོང་བྱ་ཞིང་ཿ »རང་ཉིད་དམ་པ་ནག་པོའི་ཐུགས་ཀ་ནསཿ འོད་བྱུང་བསྲུང་བྱར་ཕོག་པས་ཤ་ཁྲག་རུསཿ མེར་གྱིས་ཞུ་བ་གཏོར་མའི་ནང་དུ་སོངཿ འདོད་ཡོན་ལྔ་ལྡན་གླུད་གཏོར་གྲངས་མེད་པཿ ན་མ་མཁའ་མཛོད་ཀྱི་གཏེར་ལྟར་འཛད་མེད་གྱུརཿ ཨོཾ་ཨཱཿཧཱུྃཿ «ལན་གསུམཿ »ན་མཿསརྦ་ཏ་ཐཱ་ཏེ་བྷྱོ༴ «སོགས། »ཁཾ་གྷྲི་ཧ་ཎ་དཾ་བ་ལྱ་དི་ཧ་ཧོ་ཧྲཱིཿ ཀྱཻཿ ཕ་མའི་རང་བཞིན་འགྲོ་བ་འདི་དག་ལཿ ཚེ་རབས་ཐོག་མ་མེད་ནས་ད་ལྟའི་བརཿ སྲོག་ལུས་དབང་ཐང་ལན་ཆགས་མ་འཁོར་བའིཿ བགེགས་དང་ནད་རིམས་བདག་པོ་བདག་མོ་རིགསཿ མཆོད་སྦྱིན་འདོད་ཡོན་ལྔ་ལྡན་གླུད་གཏོར་འདིཿ ལོངས་ལ་དགའ་མགུ་ཡི་རངས་ཚིམ་པར་གྱིསཿ ཕྱིན་ཆད་གདུག་རྩུབ་བསམ་ངན་ཀུན་ཞི་ནསཿ ཞི་བ་བྱང་ཆུབ་སེམས་དང་ལྡན་པར་གྱིསཿ ཟག་བཅས་ཤ་ཁྲག་སྒྱུ་མའི་གྲོང་ཁྱེར་ཞིགཿ སྦྱིན་པ་རྒྱ་ཆེན་རྒྱུན་མི་ཆད་པར་བསྔོཿ སེམས་ནི་དངོས་མེད་ནམ་མཁའ་ལྟ་བུ་ལཿ གནོད་བྱ་གནོད་བྱེད་བྲལ་བར་ཤེས་པར་གྱིསཿ གདོན་ཁྱོད་དགའ་མགུ་ཡི་རང་གནས་གཞན་གཤེགསཿ སརྦ་བྷུ་ཏ་གཙྪཿ «ཅེས་གླུད་གཏོར་རྒྱང་རིང་བར་དོརཿ དེ་ནས་སློབ་བུ་ཡིད་ཆེས་ཀྱི་ལོ་རྒྱུས་བརྗོད་པ་ནིཿ »འོཿ ནམ་མཁའ་མཐའི་ཁྱབ་ཀྱི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱཿ དེའི་ཆེད་དུ་འགྲོ་ལ་ཕན་པའི་གདམས་པ་ཟབ་མོ་ཞུ་ཞིང་ཉམས་སུ་བླང་བར་བགྱིའོཿ སྙམ་པའི་སྒོ་ནས་ལེགས་པར་གསན་འཚལཿ དེ་ཡང་ཇི་སྐད་དུཿ དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའཿ སྐྱེས་བུའི་དོན་གྲུབ་ཐོབ་པར་གྱུར་པ་ལཿ གལ་ཏེ་འདི་ལ་ཕན་པ་མ་སྒྲུབ་ནཿ ཕྱི་ནས་ཡང་དག་འབྱོར་པ་ག་ལ་འགྱུརཿ ཞེས་གསུངས་པ་ལྟརཿ ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལས་ལྷག་པའི་ལུས་རྟེན་ཁྱད་པར་ཅན་འདི་ལྟ་བུ་ཐོབ་པའི་དུས་འདིར་རང་གཞན་གྱི་དོན་གཉིས་འགྲུབ་ཅིང་རྣམ་མཁྱེན་གྱི་གོ་འཕང་ཐོབ་པའི་ཐབས་ལ་འབད་དགོསཿ དེའང་གནས་སྐབས་གྱི་འགལ་རྐྱེན་ཞི་ཞིང་མཐར་ཐུག་བྱང་ཆུབ་ཀྱི་ས་དང་ལམ་ལ་བར་དུ་གཅོད་པ་ལས་ཐར་བའི་ཐབས་ཁྱད་པར་ཅན་ལ་བརྟེན་དགོས་པ་ཡངཿ མགོན་པོ་ཀླུ་སྒྲུབ་ཀྱིསཿ གྲུ་ལ་བརྟེན་ནས་ཆུ་བོའི་ཕ་རོལ་སྒྲོལཿ དཔུང་ལ་བརྟེན་ནས་དགྲ་ལས་རྒྱལ་བ་ལྟརཿ ནད་གདོན་བགེགས་ལས་གྲོལ་བའི་ཐབས་ལ་འབདཿ ཅེས་གསུངས་པ་ལྟརཿ བདུད་སྡེ་དང་བར་ཆད་ཀྱི་གཡུལ་ལས་རྒྱལ་ཕྱིརཿ ཨོ་རྒྱན་ཆེན་པོའི་གདམས་པ་ཇི་སྙེད་ཅིག་གསུངས་པའི་ནང་ཚན་ལསཿ ཁྱད་པར་དུ་གྱུར་པ་འདི་ཉིད་ཀྱི་ལོ་རྒྱུས་ནི་རྒྱ་གར་གྱི་ཡུལ་ཀ་མ་ཤི་ལ་ཞེས་པར་རྒྱལ་རིགས་བྷ་ར་དྷཱ་ཛ་དང་བྲམ་ཟེ་བུ་མོ་ལེགས་འབྱིན་མ་གཉིས་ཀྱི་སྲས་སུ་གུ་རུའི་བྱིན་གྱིས་བརླབས་པའི་ཐུགས་སྤྲུལ་ཁྱེའུ་ངོ་མཚར་བ་ཞིག་འཁྲུངས་པ་ལོ་གསུམ་ནས་འཇམ་དཔལ་དབྱངས་ཀྱི་བྱིན་གྱིས་བརླབསཿ ལོ་བདུན་གྱི་དུས་སུ་སྤྲུལ་གཞི་གུ་རུ་ཉིད་དང་མཇལཿ བདུད་རྩི་བུམ་པས་ཁྲུས་མཛདཿ ཕ་མའི་མངལ་གྱི་དྲི་མ་ཀུན་བྱང་ནས་རིགས་སྲས་ཀྱི་སྤྲུལ་པའི་སྐུར་བསྒྱུརཿ སྦྱངས་པའི་ཡོན་ཏན་མཐར་ཕྱིནཿ དུར་ཁྲོད་བསིལ་བའི་ཚལ་དུ་ཡེ་ཤེས་མཁའ་འགྲོ་མ་དང་མཇལ་ཞིང་དབང་བསྐུར་བྱིན་གྱིས་བརླབསཿ སློབ་དཔོན་བདེ་བའི་སྙིང་པོ་ལས་གྲོང་འཇུག་གི་གདམས་པ་གསན་ནས་བོད་དུ་ལན་གསུམ་བྱོན་པའི་ཐ་མར་འགྲོ་དོན་དུས་མ་བབ་ཚེ་ཐོད་པ་བྷ་དྲ་ལ་གྲོང་འཇུག་གི་གདམས་པ་གནང་ནས་ཞབ་ཏོག་དུ་ཁྲིད་ནས་ཁོས་ཕྱི་ཆོས་ཐོས་ཀྱང་ནང་གི་རང་རྒྱུད་མ་ཐུལ་རྒྱ་བལ་གྱི་ས་མཚམས་བྱང་གླིང་ཆེན་པོ་རུ་འདམ་ཆེན་གྱི་ཁྲོད་དུ་གླང་ཆེན་གྱི་རོ་རུལ་བ་ལ་སེམས་ཅན་མང་པོ་ཉམས་ཉེས་གཟིགས་ནསཿ སྐུ་ལུས་ཉེར་གནས་ལ་བཅོལ་ཞིང་གླང་ཆེན་གྱི་རོ་ལ་གྲོང་འཇུག་མཛད་ཅིང་བདེ་བའི་གནས་སུ་བསྐྱལ་བའི་ཤུལ་དུ་ཐོད་པ་བྷ་དྲས་ལོག་བསམ་སྐྱེས་ཤིང་དམ་པའི་སྐུ་ལུས་སུ་ཞུགས་ནས་དམ་པ་ཡིན་བློས་བོད་ཡུལ་དུ་སོང་ནས་ལབ་སྒྲོན་གཙོར་མཛད་མཆོག་དམན་ཐམས་ཅད་མགོ་བོ་རྨོངས་པར་བྱས་སོཿ དམ་པ་རིན་པོ་ཆེ་ཕྱིར་བྱོན་རང་གི་སྐུ་ལུས་ནི་མེད་ཨ་ཙར་བྷ་དྲཱའི་རོ་ཡོད་པར་གཟིགས་ཚེ་ཁོའི་སྐུ་ལུས་འཕྲོག་པར་མཁྱེན་ནས་ཐུགས་ཞུམས་ཤིང་འོན་ཀྱང་བྷ་དྲའི་ལུས་ངན་ལ་མི་ཞུགས་ཐབས་མེད་ཀྱི་འཇུག་པར་མཛད་ཅིངཿ ཁོའི་ལུས་གྲིབ་དང་སྐུ་ལུས་ཕྲོག་པའི་ལུས་སྒྲིབ་ཀྱི་ཅུང་ཟད་ཐུགས་རྨོངས་ཤིང་འཐིབ་པར་གྱུར་པ་དེའི་ཚེ་སྤྲུལ་གཞི་གུ་རུ་ཐོད་ཕྲེང་རྩལ་ལྷ་ལྕམ་ཡུམ་དང་མཁའ་འགྲོའི་ཚོགས་བཅས་རྫུ་འཕྲུལ་གྱིས་སྐད་ཅིག་ལ་བྱོན་ནས་བདུད་རྩི་བུམ་པའི་ཆུ་དང་སྐུ་ལུས་ལས་བྱུང་བའི་བདུད་རྩིས་གྲིབ་དང་མ་དག་པའི་ཉེས་ཚོགས་དག་པར་མཛད་ཅིང་ཕྱི་ནང་གསང་གསུམ་གྱི་དབང་བསྐུར་སྨིན་པར་མཛདཿ ཟབ་ལམ་གྱི་གདམས་པ་ངོ་སྤྲོད་ཀྱི་གསལ་གདབཿ ཨོ་རྒྱན་སྤྲིན་ནག་འདུས་པའི་དུར་ཁྲོད་དུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་གསང་བ་ཡེ་ཤེས་ཀྱི་དྲུང་དུ་ལུང་བསྟན་པ་ལྟར་བྱོན་ཅིང་སྐུ་ལུས་རྡོ་རྗེ་ལྟར་གྱུར་ཞིང་དབང་བཞི་རྫོགས་པར་མཛད་ནས་མ་གཅིག་སྒྲུབ་པའི་རྒྱལ་མོས་འཆི་མེད་ཚེའི་དབང་བསྐུརཿ སླར་ཡང་གུ་རུ་ཉིད་དང་གསང་བ་ཡེ་ཤེས་ཀྱིས་འཛིན་པ་རང་གྲོལ་གྱི་དབང་བསྐུར་ཞི་བྱེད་ཀྱི་གདམས་པ་མ་ལུས་པ་གནང་ཞིང་གྲུབ་བརྙེས་རིག་འཛིན་མཆོག་ཏུ་གྱུརཿ ཕྱི་ནང་གི་སྟོན་པ་འགའ་ལས་ཟབ་གནད་ཀྱི་མན་ངག་དུ་མ་ཡང་བླངསཿ སླར་བོད་དུ་བྱོན་ཞིང་གཟུགས་ཅན་གཟུགས་མེད་ཀྱི་འགྲོ་བ་མང་པོའི་དོན་མཛདཿ མཚོ་རྒྱལ་སྤྲུལ་པ་ལབ་ཀྱི་སྒྲོན་མ་དང་འཕྲད་ཅིང་བོད་དུ་འགྲོ་དོན་འབྱུང་བའི་རྟེན་འབྲེལ་འགྲིགས་ཤིང་ཞི་གཅོད་ཀྱི་གདམས་པས་སྐལ་ལྡན་གྱི་གདུལ་བྱ་འགའ་འགས་ལུས་མ་སྤང་བར་མཁའ་སྤྱོད་དུ་གཤེགསཿ ཐུན་མོང་མ་ཡིན་པའི་གདམས་པ་ཀུན་ཌཱཀྐི་བརྡ་རིས་ཆེན་མོར་བཏབ་ཅིང་ཌཱཀྐི་གཙོ་མོའི་ཐུགས་ཀློང་དུ་སྦས་ཤིང་སྤྲུལ་གཞི་གུ་རུ་ཉིད་ཀྱི་སྨོན་ལམ་གཏད་རྒྱ་མཛད་ནསཿ མ་འོངས་ལྷ་ལྕམ་སྤྲུལ་པས་འགྲོ་དོན་མཛད་ཚེ་སྨོན་ལམ་བཏབ་པ་དུས་རྟགས་མངོན་གྱུར་གྱི་སྐབས་སུ་གཏེར་སྟོན་ཁྲག་འཐུང་དཔའ་བོར་དམ་པ་ནག་པོའི་རིག་པའི་ཀློང་དུ་དབྱེར་མེད་འདྲེས་ཤིང་བརྡ་རིས་ལས་དབབ་པའི་ནང་ཚན་ལསཿ གཞན་དོན་རྐྱེན་སེལ་དབང་གི་ཆོ་ག་སྒྲུབ་པ་ལ་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པའི་མཎྜལ་འབུལཿ «གསོལ་བ་འདེབས་པ་འདིའི་རྗེས་བཟློས་མཛོདཿ »ཀྱེཿ འགྲོ་བའི་སྡུག་བསྔལ་སྐྱོབས་པའི་མགོནཿ བརྟུལ་ཞུགས་གྲུབ་པ་ཧེ་རུ་ཀཿ བདག་ཅག་སྡུག་བསྔལ་ལས་བསྒྲལ་ཕྱིརཿ ཁྱོད་ཀྱི་རྗེས་སུ་བཟུང་དུ་གསོལཿ «རྒྱུད་དག་པར་བྱ་བའི་ཕྱིར་ཡན་ལག་བཅུ་པ་ནིཿ »སྐྱབས་གནས་བླ་མ་རྩ་གསུམ་ལཿ བྱང་ཆུབ་བར་དུ་སྐྱབས་སུ་མཆིཿ སྡིག་སྒྲིབ་དག་ཕྱིར་ཕྱག་འཚལ་ལོཿ དངོས་འབྱོར་ཡིད་སྤྲུལ་མཆོད་པ་འབུལཿ སྡིག་ལྟུང་དམ་ཚིག་ཉམས་ཆགས་བཤགསཿ སྨོན་འཇུག་བྱང་ཆུབ་སེམས་མཆོག་བསྐྱེདཿ རྣམ་དཀར་དགེ་ལ་རྗེས་ཡི་རངསཿ བདག་ཅག་རྗེས་སུ་འཛིན་པར་བསྐུལཿ སེམས་ཅན་དོན་དུ་བཞུགས་གསོལ་འདེབསཿ འཁྲུལ་པའི་སེམས་ཅན་དྲག་པོས་སྒྲོལཿ དགེ་རྩ་ཅི་སྙེད་མཆིས་པ་ཀུནཿ འགྲོ་བའི་དོན་དུ་ཡོངས་སུ་བསྔོཿ« ལན་གསུམ་བརྗོད་ཅིངཿ དངོས་གཞིའི་དབང་བསྐུར་བ་ནིཿ» ཕཊཿ དམིགས་ཡུལ་ཤ་ཁྲག་ལུས་ཀྱི་ཕུང་པོ་དེཿ ཉིལ་གྱིས་ཞིག་པས་སྟོང་གསུམ་འཇིག་རྟེན་ཁྱབཿ ཤ་རི་ཁྲག་མཚོ་རུས་ཕའི་གྲམ་ཁྲོད་གྱུརཿ སྣང་ཞིང་སྲིད་པའི་ལྷ་འདྲེའི་ཚོགས་རྣམས་ལཿ སྦྱིན་པ་ཟོ་འཐུང་དགའ་མགུ་ཡི་རངས་ཚིམསཿ བྱང་ཆུབ་སེམས་ལྡན་གདུག་སེམས་ཀུན་ཞི་ཞིངཿ མཐར་ཐུག་ཡུམ་གྱི་གདུལ་བྱར་འགྱུར་བར་ཤོགཿ ཕཊཿ «དམིགས་པ་མ་ཟིན་བར་དུ་བརྗོདཿ »སློབ་བུའི་རྣམ་པར་ཤེས་པའི་ངོ་བོ་འོད་ཀྱི་ཐིག་ལེ་སློབ་དཔོན་གྱི་ཞལ་དུ་ཞུགས་སྐུའི་དབྱིབས་བརྒྱུད་སྒྲིབ་གཉིས་བྱང་ཞིང་ཕྱིར་འཐོན་པ་ལས་ཁྱེད་རང་རྣམས་སྐད་ཅིག་གཅིག་གི་ཌཱཀྐི་བདེ་ཆེན་དཀར་མོ་དུང་ཕྱིས་པའི་མདོག་ཅན་ཞི་མ་ཁྲོ་ཉམས་དང་ལྡན་ཞིང་དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་གྲི་གུག་དང་ཐོད་ཁྲག་འཛིན་ཅིང་མཁའ་འགྲོའི་ཆ་ལུགས་སྐུ་ལ་རྫོགས་པར་བསྒོམསཿ སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས་རྩ་གསུམ་རྒྱལ་བ་རབ་འབྱམས་སྤྱན་དྲངས་ཤིང་དབྱེར་མེད་དུ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་ཤིང་དངོས་གྲུབ་ཐོབ་པར་མོས་ལཿ ན་མོཿ བཞེངས་ཤིག་བཞེགས་ཤིག་བླ་མ་མཁའ་འགྲོ་དངཿ རིག་འཛིན་གྲུབ་ཐོབ་རྒྱ་མཚོ་གཤེགས་སུ་གསོལཿ མོས་པའི་བུ་ལ་བྱིན་གྱིས་བརླབ་ཏུ་གསོལཿ ནད་གདོན་འགལ་རྐྱེན་བར་ཆད་ཀུན་བསལ་ཞིངཿ ལུས་ངག་ཡིད་གསུམ་སྨིན་ཅིང་གྲོལ་བ་དངཿ སྐུ་གསུང་ཐུགས་ཀྱི་བྱིན་ཆེན་དབབ་ཏུ་གསོལཿ གུ་རུ་བཛྲ་ཛྙཱ་ན་ཌཱཀྐི་ནི་སརྦ་ས་མ་ཡ་ཨ་ཝེ་ཤ་ཡ་ཕེཾ་ཕེཾཿ« བྱིན་དབབཿ» སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱཿ «བརྟན་པར་བྱཿ བུམ་པ་སྤྱི་བོར་བཞག་ལཿ »བདེ་ཆེན་ཡེ་ཤེས་དབྱིངས་ཀྱི་ཌཱཀྐི་མའིཿ སྐུ་ལས་བྱུང་བའི་ཡེ་ཤེས་བདུད་རྩིའི་ཆུསཿ ཁྱེད་ཀྱི་ལུས་གང་ན་གདོན་དྲི་མ་དགཿ ཟག་པ་མེད་པའི་བདེ་བ་མཆོག་ཐོབ་ཅིངཿ བུམ་པ་ལྷ་ཡི་དབང་མཆོག་ཐོབ་པར་ཤོགཿ བཛྲ་ཌཱཀྐི་ནི་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥི་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃཿ «བདུད་རྩི་ཐོད་པས་དབང་བསྐུར་ཞིངཿ» ཧཱུྃ་ཧྲཱིཿ བྱིན་བརླབས་དངོས་གྲུབ་ཐམས་ཅད་འབྱུང་བའི་གནསཿ རྗེ་བཙུན་གུ་རུ་པདྨ་ཐོད་ཕྲེང་རྩལཿ ཡུམ་ཆེན་གསང་བ་ཡེ་ཤེས་མཁའ་འགྲོའི་ཚོགསཿ རྡོ་རྗེ་ཕག་མོ་ཞིང་ཁམས་དབང་བསྒྱུར་ཞིང་ཿ རིག་འཛིན་གྲུབ་བརྙེས་དཔའ་བོ་མཁའ་འགྲོའི་ཚོགསཿ སྐལ་ལྡན་མོས་པའི་བུ་ལ་བྱིན༴ དབང་མཆོག་བསྐུར་ལ་དངོས་གྲུབ་མཆོག་རྩོལ་ཅིགཿ ནད་གདོན་སྡིག་སྒྲིབ་སྒྲིབ་གཉིས་བག་ཆགས་དགཿ ཚེ་དང་བསོད་ནམས་དཔལ་འབྱོར་རྒྱས་པ་དངཿ ཉམས་དང་རྟོགས་པ་ཡར་ངོའི་ཟླ་བཞིན་འཕེལཿ རྡོ་རྗེ་བཞི་ཡི་འབྲས་བུ་ཐོབ་པར་ཤོགཿ ཨཱཿ་ཧ་རི་ནི་ས་མ་ཧཱ་བྷཻ་ཥ་ཛྱེ་སརྦ་སིདྡྷི་ཧཱུྃཿ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃཿ ལྷ་ཚོགས་སྐུ་ལས་བྱུང་བའི་བདུད་རྩིའི་རྒྱུནཿ མགྲིན་པ་ནས་ཞུགས་རྩ་ཁམས་ཡོངས་གང་ཞིངཿ འཆི་བ་མེད་པ་ཚེ་ཡི་རིག་འཛིན་འགྲུབཿ རྡོ་རྗེའི་སྲོག་ལ་རང་དབང་ཐོབ་པར་ཤོགཿ ཨཱ་ཧ་རི་ནི་ས་མ་ཧཱ་བྷཻ་ཥ་ཛྱེ་སརྦ་སིདྡྷི་ཧཱུྃཿ ཝཱཀྐ་ཨ་བྷི་ཥིཉྩ་ཨ་ཡུར་སིདྡྷི་ཧཱུྃཿ« ཐོད་པ་སྙིང་གར་བཞག་ཅིང་རིག་པ་གཏད་ཅིངཿ» རྒྱལ་བའི་ཡུམ་གྱུར་ཤེས་རབ་ཕ་རོལ་ཕྱིནཿ ཐུགས་ཉིད་སྤྲོས་བྲལ་ནམ་མཁའ་ལྟ་བུའི་དབངཿ བསྐུར་ཐོབ་བྲལ་བའི་བྱིན་རླབས་སེམས་ལ་ཞུགསཿ མཐར་ཐུག་ཕྱིར་མི་ལྡོག་པའི་ས་ཐོབ་ཤོགཿ ཨཱཿཧ་རི་ནི་ས་མ་ཧཱ་བྷཻ་ཥ་ཛྱེ་སརྦ་སིདྡྷི་ཧཱུྃཿ ཙིཏྟ་ཨ་བྷི་ཥིཉྩ་ཧོཿ «གཏོར་མས་དབང་བསྐུར་ཞིངཿ» ཧྲཱིཿ མ་གཅིག་ཡུམ་ཆེན་ཁྲོས་མ་ལྷ་ལྔ་མཿ ཡེ་ཤེས་རོལ་པའི་རྣམ་འགྱུར་སྣ་ཚོགས་སྟོནཿ འགྲོ་བའི་འཁྲུལ་སྣང་ལོག་རྟོག་དབྱིངས་སུ་སྒྲོལཿ ལྔ་ཕྲག་ཐ་མའི་འགྲོ་བ་སྡུག་བསྔལ་ཞིངཿ ནད་རིམས་གདོན་དང་རྒྱ་འདྲེ་ཁ་རླངས་འཚུབསཿ ཁྱོད་ལ་སྐྱོབས་པའི་ལྷ་གཞན་མ་མཆིས་པསཿ སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྩལ་ཤུགས་ཀྱིཿ ངོ་མཚར་རྟགས་དང་མཚན་མ་བསྟན་པ་དངཿ རྐྱེན་ངན་ཞི་ཞིང་ཚེ་དང་བསོད་ནམས་འཕེལཿ སྣང་བ་དབང་འདུས་འབྱུང་པོ་ཚར་གཅོད་པའིཿ བྱིན་ཆེན་ཕོབ་ལ་དབང་མཆོག་བསྐུར་དུ་གསོལཿ ཨཱཿཧ་རི་ནི་ས་ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧོཿ ཆོས་སྐུ་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མཿ ཡུམ་ཆེན་གསང་བ་ཡེ་ཤེསཿ མཁའ་འགྲོ་རྡོ་རྗེ་ཕག་མོཿ སྟོན་པ་དྲི་མ་མེད་པཿ སློབ་དཔོན་དགའ་རབ་རྡོ་རྗེཿ རིག་འཛིན་པདྨ་ཀཱ་རཿ ལྷ་ལྕམ་མནྡ་ར་བཿ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལཿ མ་ཅིག་གྲུབ་པའི་རྒྱལ་མོཿ ཕ་ཅིག་དམ་པ་རྒྱ་གརཿ མ་ཅིག་ལབ་ཀྱི་སྒྲོན་མཿ སྲས་མོ་ལ་འདུས་སྒྲོན་མཿ ཐུགས་སྲས་རྒྱ་ནག་གཅེར་བུཿ གཏེར་ཆེན་ཁྲག་འཐུང་དཔའ་བོཿ གཉེར་འཛིན་ཏཱ་རེ་ལྷ་མོཿ བདེ་བ་དབྱིངས་ཀྱི་སྒྲོན་མཿ ཆོས་བདག་རིག་འཛིན་སྐྱེས་བུཿ འཛིན་པ་རང་གྲོལ་ཞི་གཅོད་བརྒྱུད་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བྱིན་གྱིས་རློབས་ཤིགཿ ཡི་དམ་བདུད་འདུལ་ཁྲོས་མ་ནག་མོཿ སྐུ་སྤྲུལ་བདེ་ཆེན་དཀར་མོཿ གསུང་སྤྲུལ་དམར་མོ་སྒྲ་སྒྲོགསཿ ཡོན་ཏན་སེར་མོ་དོན་གྲུབཿ ཕྲིན་ལས་སྣ་ཚོགས་མཐར་ཕྱིནཿ ཡེ་ཤེས་ལས་དང་དམ་ཚིག་ཤ་ཟ་མཁའ་འགྲོའི་ཚོགས་དང་བཅས་པ་རྣམས་ཀྱི་བྱིན་གྱིས་རློབས་ཤིགཿ གཞན་ཡང་ཕ་རྒྱུད་ཐབས་ཀྱི་བརྒྱུད་པཿ མ་རྒྱུད་ཤེས་རབ་ཀྱི་བརྒྱུད་པཿ སྲས་རྒྱུད་ཉམས་ཀྱིས་བརྒྱུད་པཿ ཟབ་མོ་ལྟ་བའི་བརྒྱུད་པཿ རྒྱ་ཆེན་སྤྱོད་པའི་བརྒྱུད་པཿ བླ་མ་རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས་པ་རྣམས་ཀྱི་བྱིན་གྱིས་རློབས་ཤིགཿ རྒྱུ་ཉོན་མོངས་དུག་ལྔཿ རྐྱེན་ན་ཚ་དང་གདོན་བགེགསཿ འབྲས་བུ་རིགས་དྲུག་གི་སྡུག་བསྔལ་དུས་ད་ལྟ་ཉིད་དུ་བྱང་བར་མཛད་དུ་གསོལཿ ནད་མེད་བདེ་བའི་དངོས་གྲུབ་འཇིགས་མེད་རྡོ་རྗེའི་གུར་ཁང་འཆི་མེད་ཚེ་ཡི་རིག་འཛིན་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལཿ སྨིན་པར་གྱུར་ཅིགཿ གྲོལ་བར་གྱུར་ཅིགཿ བརྟན་པར་གྱུར་ཅིགཿ« རྟེན་འབྲེལ་སྙིང་པོ་ལན་གསུམ་བརྗོདཿ གཏང་རག་ཡོན་དུ་མཎྜལ་འབུལཿ ཤིས་པ་བརྗོད་ཅིང་མེ་ཏོག་འཐོརཿ འགྲོ་ཕན་སྙིང་རྗེ་བྱང་ཆུབ་སེམསཿ མཆོག་དང་ལྡན་ཞིང་རང་འདོད་བྲལཿ འཛིན་པ་རང་གྲོལ་རྣལ་འབྱོར་བཿ འདི་ཡིས་འགྲོ་དོན་དཔག་མེད་འབྱུངཿ སྔོན་ལས་འཕྲལ་རྐྱེན་ལས་གྱུར་པའིཿ འདུ་བ་རྣམ་པ་བཞི་དང་ནིཿ གཉན་རེགས་འགོ་བའི་ནད་ཀྱིས་རིགསཿ གདོན་གྱིས་བཏབ་དང་གྲིབ་ཀྱིས་གཟིརཿ ཉོན་མོངས་སྡུག་བསྔལ་དབང་གྱུར་ཀུནཿ འདི་ཡིས་གྲོལ་བར་ཐེ་ཚོམ་མེདཿ འཛིན་པ་རང་གྲོལ་རྣལ་འབྱོར་པསཿ དབང་འདི་དོན་ཅིང་གཞན་དོན་བྱཿ དད་མེད་གཡོ་སྒྱུ་ཐེ་ཚོམ་ཅནཿ སྔགས་པ་ལོག་པར་ལྟ་བ་དངཿ བླ་མར་སྡང་ཞིང་ལྟ་ལོག་སྤྱོདཿ སྐལ་བ་དམན་ལ་འདི་སྤེལ་ནཿ ཕན་ཅི་སྲོག་གི་གཤེད་མར་འགྱུརཿ དེ་ཕྱིར་མཁས་པས་འཚོ་ཤེས་བྱཿ མ་འོངས་ལྷ་ལྕམ་ཌཱཀྐི་མརཿ བསླད་ནས་འགྲོ་དོན་འབྱུངབར་ཤོགཿ བཀའ་འདི་གིང་ཆེན་སྡེ་བཞི་དང་ཿ» «དུར་བདག་མིང་སྲིང་ཐུབ་པར་སྲུངསཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ ཨྠིྀཿ བདག་འདྲ་དུས་མཐའི་གཏེར་སྨྱོན་ཁྲག་འཐུང་ཨ་ཙ་ར་དམ་པ་ནག་པོས་གསུང་བཞིན་དག་པ་ལ་སྒྱུར་བའི་ཡི་གེའི་འདུ་བྱེད་སློབ་བུ་འོད་ཟེར་མིང་གིས་བགྱི་པ་ཤིན་ཏུ་བྱིན་རླབས་ཆེའོཿ ཿ