DKYD-KABUM-02-KHA-015

From Khyentse Lineage - A Tsadra Foundation Project
Revision as of 08:46, 2 June 2024 by Jeremi (talk | contribs)
Wylie title
Location mdo mkhyen brtse bka' 'bum
Volume 2, Text 15, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Citation
Genre
[edit]
༄༅། །ཡང་གསང་ཌཱཀྐིའི་ཐུགས་ཐིག་གི་ཆ་ལག་ཟུར་འགེབ་མི་ཟད་རྒྱན་འཁོར་ལསཿ གཅོད་ཀྱི་ལས་ཚོགས་དམིགས་རིམཿ དང་པོ་སྔ་ནོན་དམིགས་པ་ནིཿ ཕཊཿ རང་ཉིད་སྐད་ཅིག་གིས་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཁྲོས་མ་ནག་མོའི་ཐུགས་ཀ་ནས་འོད་ཟེར་རབ་ཏུ་འཕྲོས་ནས་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ཐམས་ཅད་འོད་ཀྱིས་ཁྱབ་པར་བསམཿ ཐམས་ཅད་འོད་དུ་ཞུ་ནས་སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་མ་ལུས་ལུས་མེད་ཐར་པ་དང་འཆོར་ས་མེད་པར་མཐའ་ནས་བསྡུས་ཏེ་གཉན་ཁྲོད་དེ་རུ་བསྡུས་ནས་གནམ་ལྕགས་རྡོ་རྗེ་ལས་གྲུབ་པའི་གུར་ཁང་ནག་པོ་མེ་འབར་བའི་ནང་དུ་ཚུད་དེ་ཀུན་གྱི་མཐུ་སྟོབས་ནུས་པའི་དཔའ་ཟིལ་ཆགས་དེ་འདར་ཕྲིལ་ཕྲིལ་གནས་པར་བསམཿ སྔ་ནོན་དམིགས་པ་མང་ཡོད་ཀྱང་ཿ དེ་ཙམ་ཆོག་པ་ཁྱད་ཆོས་ཡིནཿ དེ་ནས་བར་ནོན་དམིགས་པ་ནི་རང་ལུས་ཆེ་བ་སྲ་བ་ཡུལ་ལྗོང་ཙམ་དུ་བསྐྱེད་པའི་འོག་ཏུ་ལྷ་འདྲེ་གནོད་བྱེད་ཐམས་ཅད་ཚུད་ནས་སྐད་ངན་ཙི་རི་རི་འདོན་པར་བསམཿ སླར་ཡང་བཀའི་སྣང་སྲིད་ལྷ་འདྲེ་ཐམས་ཅད་ཤོག་སྐྱ་རླུང་གིས་བསྐྱོད་པ་ལྟར་བཀུགས་ནས་མལ་འོག་ཏུ་མནན་པར་བསམ་ཞིང་ལྷ་འདྲེ་དེ་དག་ཐིམ་པར་བསམཿ དམིགས་པ་གསལ་ཞིང་ངག་ཏུ་ནིཿ འོ་ད་ནི་སྐལ་བ་མ་ཞིག་འབྱུང་བ་མ་རྡིབ་བར་དུ་བདག་འདི་ནས་མི་འགུལཿ འདི་ནས་མི་འཕོཿ འདི་ལས་མི་གཡོཿ འདི་རུ་འདུག་གོཿ ཉལ་ལོ་ཕཊ་ཕཊ་ཕཊཿ ལན་གསུམ་བརྗོདཿ སྟེང་གི་ནམ་མཁར་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཆོས་སྐྱོང་ཐམས་ཅད་བཀྲ་དཔུང་ངེ་འོད་ཐིབས་སེ་བཞུགས་པར་བསམཿ ཡེངས་མེད་རོ་སྙོམས་ཀྱི་ངང་དུ་སྙོམས་པར་བརྡལཿ དེ་ནས་རབ་དགོས་ཐ་མ་རྨི་ལམཿ འབྲང་ལ་སློང་ཚད་ངེས་པར་འོང་བ་ཡིནཿ ས་མ་ཡཿ ཕྱི་ནོན་དམིགས་པ་ནིཿ གདན་ཚབ་ཏུ་རྟེན་རབ་གནས་བྱ་ལ་བཞགཿ ཕུང་པོའི་ནི་མཆོད་མ་སྦྱིན་ཆོས་སྦྱིན་བྱཿ བདེ་སྡུག་གཏོང་ལེན་དམིགས་པ་གནད་སྨིན་བྱས་ལཿ ཧ་ཧཿ ཧི་ཧིཿ ཧེ་ཧེཿ ཧོ་ཧོཿ ཧཱུཾ་ཧཱུཾཿ ཕཊཿཕཊགོམ་པ་བདུན་བོར་ནསཿ རྐང་དུང་ལན་གསུམ་འབུདཿ ཀཻའི་ཀཻའི༴ རེམ་རེམཿ ཕཊཿ རང་གི་རིག་པ་ཡེ་ཤེས་ཀྱི་མཁའ་འགྲོ་སྡེ་ལྔར་གྱུར་ཏེ་ཕྱོགས་བཞིར་གཤེགས་པར་བསམ་ལ་མིག་མཐོང་གང་ཙམ་སླེབ་ནསཿ ཐེ་ཚོམ་མེད་པར་ཟབ་མོ་ཚེར་ལྕགས་གཅིག་བཙུག་ལ་ཡེ་ཤེས་ཀྱི་བྱ་ཁྱུང་སོགས་ཀུ་རུ་བྷྲུྃཿས་མ་ཡཱཿ ཡང་གསང་ཌཱཀྐིའི་ཐུགས་ཐིག་ཆ་ལག་ཏུཿ གཅོད་ཀྱི་ལས་ཚོགས་དམིགས་རིམ་སྐོར་གསུམ་འདིཿ རྨད་བྱུང་ཟབ་གསང་གཏེར་ལ་དབང་བསྒྱུར་བའིཿ རྩོད་བྲལ་གཏེར་ཆེན་ཛྙཱ་ན་དི་པ་ཡེ་ཤེསཿ མཁའ་འགྲོའི་བཀའ་བཞིན་ལེགས་པར་སྤེལ་བ་ལཿ འགྲོ་ཀུན་ཡུམ་ཆེན་རྒྱལ་ས་ཟིན་པར་ཤོགཿ གཅོད་ཡུལ་བསྟན་པ་རྒྱས་པའི་ཤིས་པ་སྩོལ། ཤུབྷཾ།། །།