JKCL-KABUM-02-KHA-103

From Khyentse Lineage - A Tsadra Foundation Project
Revision as of 12:36, 30 November 2021 by Mort (talk | contribs)

JKCL-KABUM-02-KHA-103

Wylie title JKCL-KABUM-02-KHA-103.pdf
Location chos kyi blo gros bka' 'bum
Volume 2, Text 103, Pages (Folios to )
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. '. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 2: . Bir, H.P.: Khyentse Labrang, 2012.
Genre Verses of Praise - bstod pa

1 Texts in this Section (sde tshan or chos tshan)

[edit]
འཇམ་མགོན་ཐམས་ཅད་མཁྱེན་གཟིགས་མ་ཧཱ་པཎྜི་ཏ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའི་ཞབས་ལ་བསྔགས་པ་དད་གསུམ་ཆུ་གཏེར་འཕྱུར་བའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་མཉྫུ་གྷོ་ཥ་ཡེ། དམིགས་མེད་ཞི་བ་ཆོས་ཀྱི་དབྱིངས་ནི་རྒྱ་ཆད་ཕྱོགས་ལྷུང་ཀུན་དང་བྲལ། །ཟབ་གསལ་གཉིས་མེད་རྣམ་ཀུན་མཆོག་ལྡན་ལྷུན་གྲུབ་ཡེ་ཤེས་གཏིང་གསལ་འཁྱིལ། །ཐུགས་རྗེ་ཀུན་ཁྱབ་ཕྱོགས་མེད་གདུལ་བྱའི་ཡུལ་ལ་འབད་མེད་རྟག་པར་འཇུག །སྐུ་དང་ཡེ་ཤེས་ཡོན་ཏན་དཔག་ཡས་ཞིང་དང་ཕྲིན་ལས་བསམ་མི་ཁྱབ། ༡། དེ་ལྟར་ཕྱོགས་བཅུའི་ཞིང་རྡུལ་གྱི། །གྲངས་རྙེད་དག་དང་མ་དག་གི། ཞིང་ཁམས་རྒྱ་མཚོར་རྫོགས་སྨིན་སྦྱངས། །བྱང་ཆེན་སྤྱོད་པར་དཔག་མི་ནུས། ༢། སྐུ་གཅིག་ཞིང་དང་གདུལ་བྱ་གྲངས། །ཚད་བཟུང་ཀུན་ཏུ་བཟང་པོ་སོགས། །སར་གནས་སེམས་དཔའ་ངལ་གྱུར་ན། །བླུན་པོས་བརྗོད་པར་ག་ལ་སྤོབས། ༣། དེ་ལྟར་ན་ཡང་བྱིས་པའི་བློ། །ཚུལ་རོལ་མཐོང་བའི་ཡོན་ཏན་ཚོགས། །རྒྱ་མཚོའི་མཇིང་ལས་དད་གསུམ་གྱི། །སྐྲ་རྩེས་བསྟོད་པའི་ཆུ་ཐིག་འཐོར། ༤། འཇམ་དབྱངས་ལ་སོགས་གངྒའི་བྱེ་རྙེད་རྒྱལ་དང་དེ་སྲས་བཀའ་བགྲོས་པས། །ཡེ་ཤེས་ཆེན་པོའི་དགོངས་པ་དབྱེར་མེད་མཁྱེན་བརྩེ་ནུས་པའི་ཐིག་ལེ་ཆེ། །ཞིང་འདིའི་སྟོན་པ་རྣམ་པར་སྣང་མཛད་ཡུལ་སེམས་དག་པའི་མཁའ་ལ་འཆར། །ཐུགས་རྗེའི་འོད་ཟེར་གྲངས་མེད་བཀྱེ་བས་འགྲོ་དྲུག་གཉིད་མཐུག་མུན་པ་སེལ། ༥། ཀུན་ནས་ཀུན་ཏུ་འོད་འཕྲོ་བས། །རྡོ་རྗེ་ཉི་མ་ཆེན་པོའི་སྐུ། །རྟག་ཁྱབ་ལྷུན་གྱིས་གྲུབ་པའི་བདག །བློ་གྲོས་མཐའ་ཡས་ཡོན་ཏན་གཏེར། ༦། བྱེ་བ་བསམ་མི་ཁྱབ་པའི་མཛོད། །མདོ་དང་སྔགས་ཀྱི་སྡུད་མཛད་ཆེ། །གསང་བའི་བདག་པོ་རྡོ་རྗེ་ཆེ། །དགྲ་བཅོམ་ཚུལ་བཟུང་ཀུན་དགའ་བོ། ༧། ཐོན་མིའི་མཁས་པ་སམྦྷོ་ཊ། །འཇིག་རྟེན་མིག་གཅིག་བཻ་རོ་དང་། །མཐར་ཐུག་ལྔ་ལྡན་ཁྱུང་པོ་རྗེ། །འཇམ་དབྱངས་ཀུན་དགའི་རྒྱལ་མཚན་སོགས། ༨། འཕགས་བོད་འཛིན་མའི་ཁྱོན་ཡངས་པོར། །འཛམ་གླིང་མཛེས་རྒྱན་གསེར་རིའི་ཕྲེང་། །ཚར་དུ་དངར་འདྲའི་སྐྱེ་བའི་ཕྲེང་། །བརྒྱུད་མར་བྱོན་པས་བསྟན་འགྲོའི་དཔལ། ༩། བདེན་གསུངས་རྒྱལ་བས་མདོ་སྡེ་རྣམས་ལས་ཡང་ཡང་དཔལ་གྱི་མགུལ་ནས་བསྔགས། །འདྲེན་པ་བློ་གྲོས་མཐའ་ཡས་ཞེས་འབྱུང་ཤེས་བྱ་ལྔ་རྣམས་སྟོན་པ་པོ། །ཟད་དང་མི་སྐྱེ་ཇི་བཞིན་ཤེས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །ཐམས་ཅད་མཁྱེན་གཟིགས་རིགས་ཀུན་ཁྱབ་བདག་གུ་ཎའི་ཞབས་ལས་གཞན་སུ་ཞིག༡༠། རིགས་སོགས་རྣམ་དག་གཟིགས་པ་ཡི། །བྱམས་པའི་མངལ་དུ་ཞུགས་པ་ན། །ཟླ་ཉི་རྡོ་རྗེར་བྱང་ཆུབ་པའི། །གཟུགས་སྐུའི་ཆོ་ག་ཡོངས་སུ་གྲུབ། ༡༡། ཆོས་རྒྱུན་ཏིང་ངེ་འཛིན་པ་སོགས། །ཡོན་ཏན་གཞན་ནས་མ་བཙལ་ཞིང་། །རང་དབང་འབྱོར་བཞིན་སྐུ་གཅིག་གི། འོད་ཟེར་ཞིང་ཁམས་ཀུན་ཏུ་ཁྱབ། ༡༢། རྒྱལ་དང་ལྷ་ཡི་ཤིས་བརྗོད་རོལ་མོ་དང་། །རིག་པའི་ལྷ་མོས་དག་བྱེད་ཆུ་གཙང་སྦྲེངས། །བྱང་སེམས་རྣམས་ཀྱིས་མེ་ཏོག་ཁྱབ་པར་འཐོར། །འཇིགས་བྱེད་ཚོགས་ཀྱིས་བདུད་སྙིང་ཚལ་པར་བཀས། ༡༣། ཀྱཻ་མ་སྐལ་བཟང་རྣམས་ཀྱི་མཛེས་པའི་གདོང་གི་སྒྲ་རྣམས་ལེགས་པར་ཕྱེས། །བུང་བ་མཐོན་མཐིང་འདྲ་བའི་སྤྱན་གྱི་གཡོ་མེད་ཟིམ་བུར་ལྟོས། །མཐོང་བས་མི་ངོམས་མཛེས་སྐུའི་ཡིད་འཕྲོག་དེ་ལས་གཞན་དུ་ཕྱིར་མི་ཕྱོགས། །ཡང་ཡང་བལྟས་ཞིང་ཞབས་ལ་འདུད་པའི་རབ་དགའི་ཏིང་འཛིན་ཐོབ། ༡༤། གཞོན་ནུའི་རོལ་རྩེད་སྟོན་ཀྱང་ཐ་མལ་སྤྱོད་ལས་འདས། །བཟོ་དང་སྒྱུ་རྩལ་བསླབ་ཀྱང་གཞན་གྱིས་ཟིལ་མི་གནོན། །རིག་པའི་གནས་འཚོལ་ཤེས་བྱ་རིག་པར་སྦྱང་བྱེད་གཞོན་ནུའི་ཚུལ། །བསྔགས་འོས་རྒྱ་མཚོའི་རབ་བསྔགས་ངོ་མཚར་ཕུལ་དུ་བྱུང་། ༡༥། ཡི་གེའི་སྦྱོར་ལ་སྔོན་སྦྱངས་གོམས་པ་བལྟས། །སྒྲ་གཞུང་ཆུ་ཀླུང་འབུམ་ཕྲག་ཧུབ་ཀྱི་འཐུངས། སྙན་དངགས་སྒྲ་དབྱངས་ལྷ་མོ་དག་ལ་ཞུགས། ༡༦། སྡེབ་སྦྱོར་རིན་འབྱུང་ཞི་བའི་ཟླ་བ་དང་། །ཕྱི་ནང་གཞན་གསུམ་དུས་ཀྱི་འཁོར་ལོའི་རྩིས། །འཇམ་དཔལ་གྲགས་པའི་དཔལ་དང་རྣམ་དབྱེར་མེད། །ཚར་གཅོད་ཚད་མའི་རིག་པར་ཆོས་ཀྱི་གྲགས། ༡༧། འདུལ་གཞུང་སྨྲ་ལ་ཟླ་བྲལ་རྒྱ་ཆེ་མངོན་པའི་ཆོས། །བློ་གྲོས་བརྟན་པ་དངོས་སྣང་མཁྱེན་གསུམ་སྦྱོར་གཞིའི་གཞུང་། །འཆད་ལ་ཐོགས་མེད་འཕགས་སེང་ལྗོངས་འདིར་དངོས་སུ་བྱོན། །ཟབ་རྒྱས་མདོ་སྡེ་འབྱེད་ལ་འཕགས་པ་ལྷ་དང་དབྱིག་གི་གཉེན། ༡༨། བསླབ་པའི་ཚུལ་ཁྲིམས་ཉེ་བ་འཁོར་བཞིན་ཀུན་ཏུ་མཛེས་ཤིང་གཟི་བརྗིད་ལ། །བསླབ་པའི་ཏིང་འཛིན་ལྷུན་པོ་དང་མཚུངས་ཀུན་ཏུ་མི་གཡོ་མཉམ་པར་འཇོག །བསླབ་པའི་ཤེས་རབ་འཕགས་པའི་སྤྱན་མངའ་ཤེས་བྱ་ཀུན་ལ་ཆགས་ཐོགས་བྲལ། །བསླབ་གསུམ་འདུལ་རྫོགས་གངས་རིའི་ཁྲོད་འདིར་ཤཱཀྱ་སེང་གེའི་རྒྱལ་ཚབ་ཆེ། ༡༩། ཐོས་པའི་ཆུ་ཀླུང་འབུམ་ཕྲག་སྙེད་མང་པོ། །ཀུན་འདུས་མ་དྲོས་ཆུ་བདག་གདེང་ཅན་དང་། །བསམ་བྱུང་རིགས་པས་རྣམ་པར་དཔྱད་པ་ན། །ཆོས་ཀུན་མ་འདྲེས་ཇི་བཞིན་སོ་སོར་རྟོགས། ༢༠། ཟབ་ཞི་སྤྲོས་བྲལ་འོད་གསལ་ཆེན་པོའི་དབྱིངས། །སྒོམ་བྱུང་ཤེས་རབ་ཟླ་བ་ཉ་རྒྱས་པའི། །གྲུབ་པའི་བདུད་རྩི་ས་གསུམ་ཀུན་ཏུ་སྦྱིན། །ཕན་བདེ་ཀུན་ཏུ་དགའ་བའི་གཏེར་ཆེན་པོ། ༢༡། བདེན་གཉིས་ཟུང་འཇུག་རྟག་ཆད་མཐའ་ལས་འདས། །ཤིན་ཏུ་ཕྲ་བ་ནང་གི་དབུ་མ་ཆེ། །བདེན་དོན་གཟིགས་པས་མཐར་ལྷུང་ཟུག་ངུ་སྤངས། །སྟོང་དང་འོད་གསལ་ལྷུན་རྫོགས་གདན་ཁྲིར་བཞུགས། ༢༢། ཐབས་ཤེས་དབྱེར་མེད་མི་འདའ་ཕྱག་རྒྱས་གདབ། །ངེས་དོན་སེམས་ཀྱི་གསང་བ་ཆེན་པོ་དེ། །ཇི་བཞིན་གཟིགས་པས་སྒོམ་པའི་ཆོས་ལས་འདས། །ཆོས་ཅན་འཁྲུལ་རྟོག་ཆོས་སྐུའི་ཀློང་དུ་ཟད། ༢༣། གདོད་ནས་སྟོང་ཆེན་ཀ་དག་ཆོས་སྐུའི་ཀློང་། །ལྷུན་གྲུབ་རིག་གདངས་འོད་གསལ་ལོངས་སྤྱོད་རྫོགས། །ཡེ་ཤེས་ཐུགས་རྗེ་འགགས་མེད་སྤྲུལ་པའི་སྐུ། །སྐུ་གསུམ་ལྷུན་རྫོགས་འབྲས་བུའི་རྒྱལ་པོ་བརྙེས། ༢༤། ཕྱི་ནང་རྒྱུད་སྡེའི་གནས་ལ་མཁྱེན་པའི་གེ་སར་འདབ་སྟོང་ལྷག་པར་རྒྱས། །རིམ་གཉིས་ཟབ་མོའི་སྲོག་གནད་མྱོང་གྲོལ་སྦྲང་རྩིའི་བཅུད་དང་ལྡན། །སྤངས་རྟོགས་མཐར་ཕྱིན་ཤིན་ཏུ་ཕྲ་བའི་མུན་པ་དྷུ་ཏིའི་དབྱིངས་སུ་དེངས། །རྩ་ཐིག་རླུང་དག་བདེན་དོན་མཐར་ཕྱིན་དེ་ཉིད་ཡན་ལག་བཅུ་དྲུག་ཐོབ། ༢༥། གདོད་ནས་མངོན་པར་བྱང་ཆུབ་ཀྱང་། །བདག་སོགས་འགྲོ་རྣམས་བསྒྲལ་བའི་སླད། །ངུར་སྨྲིག་འཛིན་པའི་གཟུགས་སུ་སྤྲུལ། །དམ་ཆོས་ལམ་བཟང་སྟོན་མཛད་ཆེ། ༢༦། རྒྱ་ཆེན་ཤེས་བྱའི་མཛོད་དང་ཟབ་མོའི་བཀའ། །རིན་ཆེན་གཏེར་དང་ཐུན་མིན་གསང་བའི་མཛོད། །ཐུན་མིན་སྔགས་དང་གདམས་ངག་ཆེ་བརྒྱད་མཛོད། །གཅིག་འདུས་འཛམ་གླིང་ཆོས་ཀྱི་ཤིང་རྟ་ཆེ། ༢༧། ཐོས་བསམ་སྒོམ་པ་འཆད་རྩོད་རྩམ་པ་དང་། །བསགས་སྦྱངས་སྤེལ་སོགས་བསྟན་འགྲོར་བདེ་སྐྱིད་ཀྱི། །མཛད་པ་མཐའ་དག་ཉི་མ་གཅིག་ཅིག་ལའང་། །འགོགས་མེད་ཀུན་འགྲུབ་འདི་དག་འཕགས་ཆེན་གཤིས། ༢༨། ཉིད་ལས་འཁྲུངས་པའི་སྲས་ཀྱི་ཐུ་བོ་ཡང་། །མཁྱེན་པའི་གཏེར་ཆེན་ཟུར་ཕུད་ལྔ་པ་སོགས། །མཁས་དང་གྲུབ་པའི་རྣམ་ཐར་ཕྲ་མོས་ཀྱང་། །རྒྱུ་སྐར་དབུས་ན་རི་བོང་ཅན་བཞིན་གསལ། ༢༩། རྒྱལ་བསྟན་སྲིད་པའི་སྟོབས་ཀྱིས་འདེགས་མིན་སྙིང་སྟོབས་ཤེར་བརྩོན་གྱིས། །མདོ་སྔགས་བསྟན་པ་ཡོངས་སུ་རྫོགས་པ་གྲུ་བཞི་ལམ་ཁྱེར་དུ། །སྲིད་པའི་མཐར་ཡང་མ་ནུབ་གང་ཟག་རེ་རེའི་རྒྱུད་ལ་ཡང་། །ཡོངས་རྫོགས་བསྟན་པར་སྤྱོད་འདིའི་བཀའ་དྲིན་སྟོང་གསུམ་སྲང་གཞལ་ལྕི། ༣༠། ཀུན་དང་མཐུན་ལ་ཀུན་ལས་འཕགས་པའི་སྔོན་མེད་ངོ་མཚར་རྣམ་ཐར་གྱི། །གྲགས་སྙན་ཕྱོགས་བཅུའི་ཞིང་ཁམས་སྟོང་གསུམ་རབ་འབྱམས་རྒྱ་མཚོར་ཀུན་ན་ཁྱབ། །བདུད་སྡེའི་ཚོགས་རྣམས་རིང་དུ་བྱེར་ཤིང་བསྟན་པའི་རྒྱལ་མཚན་བླ་ན་མཐོ། །རྒྱལ་བ་སྲས་བཅས་དགྱེས་པའི་མེ་ཏོག་ཤིས་པའི་ཆར་ཆེན་མངོན་པར་འབེབས། ༣༡། མགོན་པོ་ཁྱོད་ཉིད་གང་དུ་གཤེགས་ཤིང་ཞིང་ཁམས་གང་དུ་བཟུང་བ་དེར། །བདག་ཀྱང་སྐྱེས་ནས་ཐེག་མཆོག་ལ་མོས་ཁྱོད་ཀྱི་ཕྲིན་ལས་སྒྲུབ་པ་དང་། །འགྲོ་སྒྲོལ་ལ་སོགས་གཞན་དོན་མཁའ་ཁྱབ་སྤང་རྟོགས་ཡོན་ཏན་རྒྱ་མཚོར་དབང་། །མགོན་པོ་ཁྱོད་ཀྱི་རྡོ་རྗེ་གསུམ་དང་མཐར་ཐུག་དབྱེར་མེད་རོ་གཅིག་ཤོག །ཅེས་པའང་མགོན་པོ་དེ་ཉིད་ཀྱི་རྣམ་ཐར་ཆ་ཤས་ཙམ་རྗེས་སུ་དྲན་པ་ལས་དད་མོས་དྲག་པོས་མཚམས་སྦྱར་ཏེ་ཆོས་ཀྱི་བློ་གྲོས་པས་གང་ཤར་རྨོངས་ཚིག་གི་ཕྲེང་བ་བསྒྲེང་ཏེ་གསོལ་བ་བཏབ་པ་འདིས་ཀྱང་སྐྱེ་བ་ཀུན་ཏུ་དཔལ་ལྡན་བླ་མས་རྗེས་སུ་འཛིན་པའི་རྒྱུ་གྱུར་ཅིག །སརྦ་སུ་ཤྲཱྀ་ཡོ་བྷ་ཝནྟུ། ། །།
[edit]

'jam mgon thams cad mkhyen gzigs ma hA paN+Di ta karma ngag dbang yon tan rgya mtsho'i zhabs la bsngags pa dad gsum chu gter 'phyur ba'i sgra dbyangs zhes bya ba bzhugs so/____/na mo gu ru many+dzu g+ho Sha ye/__dmigs med zhi ba chos kyi dbyings ni rgya chad phyogs lhung kun dang bral/____/zab gsal gnyis med rnam kun mchog ldan lhun grub ye shes gting gsal 'khyil/____/thugs rje kun khyab phyogs med gdul bya'i yul la 'bad med rtag par 'jug__/sku dang ye shes yon tan dpag yas zhing dang phrin las bsam mi khyab/__1/__de ltar phyogs bcu'i zhing rdul gyi/____/grangs rnyed dag dang ma dag gi/__zhing khams rgya mtshor rdzogs smin sbyangs/____/byang chen spyod par dpag mi nus/__2/__sku gcig zhing dang gdul bya grangs/____/tshad bzung kun tu bzang po sogs/____/sar gnas sems dpa' ngal gyur na/____/blun pos brjod par ga la spobs/__3/__de ltar na yang byis pa'i blo/____/tshul rol mthong ba'i yon tan tshogs/____/rgya mtsho'i mjing las dad gsum gyi/____/skra rtses bstod pa'i chu thig 'thor/__4/__'jam dbyangs la sogs gang+ga'i bye rnyed rgyal dang de sras bka' bgros pas/____/ye shes chen po'i dgongs pa dbyer med mkhyen brtse nus pa'i thig le che/____/zhing 'di'i ston pa rnam par snang mdzad yul sems dag pa'i mkha' la 'char/____/thugs rje'i 'od zer grangs med bkye bas 'gro drug gnyid mthug mun pa sel/__5/__kun nas kun tu 'od 'phro bas/____/rdo rje nyi ma chen po'i sku/____/rtag khyab lhun gyis grub pa'i bdag__/blo gros mtha' yas yon tan gter/__6/__bye ba bsam mi khyab pa'i mdzod/____/mdo dang sngags kyi sdud mdzad che/____/gsang ba'i bdag po rdo rje che/____/dgra bcom tshul bzung kun dga' bo/__7/__thon mi'i mkhas pa sam+b+ho Ta/____/'jig rten mig gcig bai ro dang /____/mthar thug lnga ldan khyung po rje/____/'jam dbyangs kun dga'i rgyal mtshan sogs/__8/__'phags bod 'dzin ma'i khyon yangs por/____/'dzam gling mdzes rgyan gser ri'i phreng /____/tshar du dngar 'dra'i skye ba'i phreng /____/brgyud mar byon pas bstan 'gro'i dpal/__9/__bden gsungs rgyal bas mdo sde rnams las yang yang dpal gyi mgul nas bsngags/____/'dren pa blo gros mtha' yas zhes 'byung shes bya lnga rnams ston pa po/____/zad dang mi skye ji bzhin shes pa'i byang chub sems dpa' sems dpa' che/____/thams cad mkhyen gzigs rigs kun khyab bdag gu Na'i zhabs las gzhan su zhig10/__rigs sogs rnam dag gzigs pa yi/____/byams pa'i mngal du zhugs pa na/____/zla nyi rdo rjer byang chub pa'i/____/gzugs sku'i cho ga yongs su grub/__11/__chos rgyun ting nge 'dzin pa sogs/____/yon tan gzhan nas ma btsal zhing /____/rang dbang 'byor bzhin sku gcig gi/__'od zer zhing khams kun tu khyab/__12/__rgyal dang lha yi shis brjod rol mo dang /____/rig pa'i lha mos dag byed chu gtsang sbrengs/____/byang sems rnams kyis me tog khyab par 'thor/____/'jigs byed tshogs kyis bdud snying tshal par bkas/__13/__kyai ma skal bzang rnams kyi mdzes pa'i gdong gi sgra rnams legs par phyes/____/bung ba mthon mthing 'dra ba'i spyan gyi g.yo med zim bur ltos/____/mthong bas mi ngoms mdzes sku'i yid 'phrog de las gzhan du phyir mi phyogs/____/yang yang bltas zhing zhabs la 'dud pa'i rab dga'i ting 'dzin thob/__14/__gzhon nu'i rol rtsed ston kyang tha mal spyod las 'das/____/bzo dang sgyu rtsal bslab kyang gzhan gyis zil mi gnon/____/rig pa'i gnas 'tshol shes bya rig par sbyang byed gzhon nu'i tshul/____/bsngags 'os rgya mtsho'i rab bsngags ngo mtshar phul du byung /__15/__yi ge'i sbyor la sngon sbyangs goms pa bltas/____/sgra gzhung chu klung 'bum phrag hub kyi 'thungs/__snyan dngags sgra dbyangs lha mo dag la zhugs/__16/__sdeb sbyor rin 'byung zhi ba'i zla ba dang /____/phyi nang gzhan gsum dus kyi 'khor lo'i rtsis/____/'jam dpal grags pa'i dpal dang rnam dbyer med/____/tshar gcod tshad ma'i rig par chos kyi grags/__17/__'dul gzhung smra la zla bral rgya che mngon pa'i chos/____/blo gros brtan pa dngos snang mkhyen gsum sbyor gzhi'i gzhung /____/'chad la thogs med 'phags seng ljongs 'dir dngos su byon/____/zab rgyas mdo sde 'byed la 'phags pa lha dang dbyig gi gnyen/__18/__bslab pa'i tshul khrims nye ba 'khor bzhin kun tu mdzes shing gzi brjid la/____/bslab pa'i ting 'dzin lhun po dang mtshungs kun tu mi g.yo mnyam par 'jog__/bslab pa'i shes rab 'phags pa'i spyan mnga' shes bya kun la chags thogs bral/____/bslab gsum 'dul rdzogs gangs ri'i khrod 'dir shAkya seng ge'i rgyal tshab che/__19/__thos pa'i chu klung 'bum phrag snyed mang po/____/kun 'dus ma dros chu bdag gdeng can dang /____/bsam byung rigs pas rnam par dpyad pa na/____/chos kun ma 'dres ji bzhin so sor rtogs/__20/__zab zhi spros bral 'od gsal chen po'i dbyings/____/sgom byung shes rab zla ba nya rgyas pa'i/____/grub pa'i bdud rtsi sa gsum kun tu sbyin/____/phan bde kun tu dga' ba'i gter chen po/__21/__bden gnyis zung 'jug rtag chad mtha' las 'das/____/shin tu phra ba nang gi dbu ma che/____/bden don gzigs pas mthar lhung zug ngu spangs/____/stong dang 'od gsal lhun rdzogs gdan khrir bzhugs/__22/__thabs shes dbyer med mi 'da' phyag rgyas gdab/____/nges don sems kyi gsang ba chen po de/____/ji bzhin gzigs pas sgom pa'i chos las 'das/____/chos can 'khrul rtog chos sku'i klong du zad/__23/__gdod nas stong chen ka dag chos sku'i klong /____/lhun grub rig gdangs 'od gsal longs spyod rdzogs/____/ye shes thugs rje 'gags med sprul pa'i sku/____/sku gsum lhun rdzogs 'bras bu'i rgyal po brnyes/__24/__phyi nang rgyud sde'i gnas la mkhyen pa'i ge sar 'dab stong lhag par rgyas/____/rim gnyis zab mo'i srog gnad myong grol sbrang rtsi'i bcud dang ldan/____/spangs rtogs mthar phyin shin tu phra ba'i mun pa d+hu ti'i dbyings su dengs/____/rtsa thig rlung dag bden don mthar phyin de nyid yan lag bcu drug thob/__25/__gdod nas mngon par byang chub kyang /____/bdag sogs 'gro rnams bsgral ba'i slad/____/ngur smrig 'dzin pa'i gzugs su sprul/____/dam chos lam bzang ston mdzad che/__26/__rgya chen shes bya'i mdzod dang zab mo'i bka'/____/rin chen gter dang thun min gsang ba'i mdzod/____/thun min sngags dang gdams ngag che brgyad mdzod/____/gcig 'dus 'dzam gling chos kyi shing rta che/__27/__thos bsam sgom pa 'chad rtsod rtsam pa dang /____/bsags sbyangs spel sogs bstan 'gror bde skyid kyi/____/mdzad pa mtha' dag nyi ma gcig cig la'ang /____/'gogs med kun 'grub 'di dag 'phags chen gshis/__28/__nyid las 'khrungs pa'i sras kyi thu bo yang /____/mkhyen pa'i gter chen zur phud lnga pa sogs/____/mkhas dang grub pa'i rnam thar phra mos kyang /____/rgyu skar dbus na ri bong can bzhin gsal/__29/__rgyal bstan srid pa'i stobs kyis 'degs min snying stobs sher brtson gyis/____/mdo sngags bstan pa yongs su rdzogs pa gru bzhi lam khyer du/____/srid pa'i mthar yang ma nub gang zag re re'i rgyud la yang /____/yongs rdzogs bstan par spyod 'di'i bka' drin stong gsum srang gzhal lci/__30/__kun dang mthun la kun las 'phags pa'i sngon med ngo mtshar rnam thar gyi/____/grags snyan phyogs bcu'i zhing khams stong gsum rab 'byams rgya mtshor kun na khyab/____/bdud sde'i tshogs rnams ring du byer shing bstan pa'i rgyal mtshan bla na mtho/____/rgyal ba sras bcas dgyes pa'i me tog shis pa'i char chen mngon par 'bebs/__31/__mgon po khyod nyid gang du gshegs shing zhing khams gang du bzung ba der/____/bdag kyang skyes nas theg mchog la mos khyod kyi phrin las sgrub pa dang /____/'gro sgrol la sogs gzhan don mkha' khyab spang rtogs yon tan rgya mtshor dbang /____/mgon po khyod kyi rdo rje gsum dang mthar thug dbyer med ro gcig shog__/ces pa'ang mgon po de nyid kyi rnam thar cha shas tsam rjes su dran pa las dad mos drag pos mtshams sbyar te chos kyi blo gros pas gang shar rmongs tshig gi phreng ba bsgreng te gsol ba btab pa 'dis kyang skye ba kun tu dpal ldan bla mas rjes su 'dzin pa'i rgyu gyur cig__/sarba su shr-I yo b+ha wan+tu/__/____//_

Footnotes

Other Information