DKYD-KABUM-08-NYA-008: Difference between revisions

From Khyentse Lineage - A Tsadra Foundation Project
DKYD-KABUM-08-NYA-008
No edit summary
No edit summary
 
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|sectionheading=No
|fulltitletib=ཨ་ཏི་རྫོགས་པ་ཆེན་པོ་ཡང་གསང་བླ་ན་མེད་པའི་སྙིང་བཅུད་མཁའ་འགྲོའི་ཐུགས་ཀྱི་ཐིག་ལེའི་དོན་ཁྲིད་ནོར་བུའི་བང་མཛོདཿ
|fulltitle=a ti rdzogs pa chen po yang gsang bla na med pa'i snying bcud mkha' 'gro'i thugs kyi thig le'i don khrid nor bu'i bang mdzod
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ།
|collectiontitle=mdo mkhyen brtse bka' 'bum
|collectiontitle=mdo mkhyen brtse bka' 'bum
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ།
|totalvolumes=8
|author=Mdo mkhyen brtse
|author=Mdo mkhyen brtse
|authortib=མདོ་མཁྱེན་བརྩེ་
|authortib=མདོ་མཁྱེན་བརྩེ་
|sourcerevealer=Mdo mkhyen brtse
|sourcerevealer=Mdo mkhyen brtse
|sourcerevealertib=མདོ་མཁྱེན་བརྩེ་
|sourcerevealertib=མདོ་མཁྱེན་བརྩེ་
|tibgenre=
|tibgenre=Contemplative Guide Books and Instructional Manuals - khrid yig
|terma=Yes
|terma=Yes
|cycle=yang gsang mkha' 'gro'i thugs thig
|cycle=yang gsang mkha' 'gro'i thugs thig
|cycletib=ཡང་གསང་མཁའ་འགྲོའི་ཐུགས་ཐིག་
|cycletib=ཡང་གསང་མཁའ་འགྲོའི་ཐུགས་ཐིག་
|language=Tibetan
|language=Tibetan
|volumenumber=08
|volnumtib=༨
|volnumtib=༨
|volyigtib=ཉ
|volyigtib=ཉ
|language=Tibetan
|totalvolumes=8
|pagestatus=Temporary stub only
|volumenumber=08
|volumeLetter=NYA
|textnuminvol=008
|textnuminvol=008
|multivolumework=No
|pdflink=File:DKYD-KABUM-08-NYA-008.pdf
|pdflink=File:DKYD-KABUM-08-NYA-008.pdf
|volumeLetter=NYA
|InitCategories=Khyentse Lineage Project; DKYD-KABUM-Volume-08-NYA
|InitCategories=Khyentse Lineage Project; DKYD-KABUM-Volume-08-NYA
}}
}}

Latest revision as of 13:01, 20 June 2024

Wylie title a ti rdzogs pa chen po yang gsang bla na med pa'i snying bcud mkha' 'gro'i thugs kyi thig le'i don khrid nor bu'i bang mdzod
Location mdo mkhyen brtse bka' 'bum
Volume 8, Text 8, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Contemplative Guide Books and Instructional Manuals - khrid yig
Cycle ཡང་གསང་མཁའ་འགྲོའི་ཐུགས་ཐིག་ (yang gsang mkha' 'gro'i thugs thig)
[edit]
༄༅། །ཨ་ཏི་རྫོགས་པ་ཆེན་པོ་ཡང་གསང་བླ་ན་མེད་པའི་སྙིང་བཅུད་མཁའ་འགྲོའི་ཐུགས་ཀྱི་ཐིག་ལེའི་དོན་ཁྲིད་ནོར་བུའི་བང་མཛོད་བཞུགས་སོཿ ཿ

༄༅། །྅྅྅ དབྱིངས་རིག་བདེ་སྟོང་དབྱེར་མེད་བུམ་པའི་སྐུཿ ཐོག་མའི་ཀུན་བཟང་ཡབ་ཡུམ་གཉིས་ལ་འདུདཿ ཆོས་སྐུའི་ཞིང་ན་ས་མནྟ་བྷ་ཏྲཿ ལོངས་སྤྱོད་རྫོགས་སྐུར་བཛྲ་ཝ་ར་ཧིཿ སྤྲུལ་སྐུའི་ཞིང་ཁམས་ཀུན་ཀྱི་སྤྲུལ་གཞི་སྟེཿ རྒྱལ་བ་ཐམས་ཅད་སྐྱེད་པའི་ཡུམ་ཆེན་མོཿ སྦྱོར་སྒྲོལ་གསང་སྔགས་བདེ་བའི་འབྱུང་གནས་ཏེཿ ཆོས་སྐུ་ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མཿ དེ་ཡི་ཐུགས་ཀྱི་ཡང་ཐིག་སྙིང་པོའི་བཅུདཿ ཡང་གསང་མཁའ་འགྲོ་ཐུགས་ཐིག་ཅེས་བྱ་བཿ ཨ་ཏིའི་ཐིག་ལེ་སྐོར་གསུམ་སྙིང་པོའི་བཅུདཿ གསང་བ་ལས་ཀྱང་ཡང་གསང་བླ་ན་མེདཿ དབང་རབ་ཚེ་འདིར་དབང་འབྲིང་འཆི་ཁར་དངཿ དབང་པོ་ཐ་མ་ཆོས་ཉིད་བར་དོར་གྲོལཿ མཁའ་འགྲོའི་སྙིང་ཁྲག་བྱིན་རླབས་དྲོད་རླང་ཅནཿ གྲོལ་བྱེད་སྙན་བརྒྱུད་ཁྲིད་ཀྱི་རིམ་པ་ནིཿ གསེར་ཡིག་ཅན་གྱི་དགོངས་དོན་འགོད་པར་བྱཿ རྩ་གསུམ་ལྷ་དང་ཌཱཀྐིའི་ཚོགས་ཀུན་ཀྱིཿ བཀའ་ཡི་གནང་བ་སྩོལ་ལ་དགྱེས་པ་བསྐྱེདཿ ཟབ་ལམ་དོན་གྱི་གསང་སྒོ་འབྱེད་དུ་གསོལཿ ཐོག་མར་ཕུན་ཚོགས་ལྔ་ཡི་གཞི་བཟུང་བཿ སྟོན་པ་མཆོག་ནི་པདྨ་ཀཱ་ར་བཞིནཿ འབྲིང་གིས་རིག་པའི་གནས་རྣམས་ཐོགས་མེད་ཅིངཿ རྒྱུད་ལུང་མན་ངག་བསྐྱེད་རྫོགས་གནད་ལ་སྦྱངསཿ སྦྱོར་སྒྲོལ་ཡང་གསང་གདམས་པ་ཁོང་ཆུད་པཿ ཐ་མ་ལམ་འདིར་སྦྱང་བགྲོད་མཐར་ཕྱིན་པཿ ཆོས་འདི་སྟོན་པར་བྱེད་པའི་སློབ་དཔོན་ནོཿ ཁྱད་པར་མང་ཐོས་ལུང་གིས་མ་ཕྱུག་ཀྱངཿ ཐེ་ཚོམ་ཆུང་ཞིང་གསང་སྔགས་སྦྱོར་སྒྲོལ་སྤྱོདཿ ཁྲེགས་ཆོད་ཐོད་རྒལ་ལམ་ལ་རྩལ་རྫོགས་ཤིངཿ ཡེ་ཤེས་ཆེན་པོའི་བྱིན་རླབས་སྙིང་ཞུགས་པཿ གདམ་པ་སྟོན་པའི་བླ་མ་དྲང་སྲོང་དངོསཿ འཁོར་ནི་དད་བརྩོན་སྙིང་རྗེ་ཤེས་རབ་ཆེཿ བློ་བརྟན་ཉོན་མོངས་ཤུགས་དྲག་བཀའ་ལ་སྡོདཿ ཕུ་དུད་ཆེ་ཞིང་གཞུང་བཟང་ལོག་ལྟ་བྲལཿ ཐེ་ཚོམ་མེད་བཅས་ཆོས་འདིའི་གདུལ་བྱའོཿ དད་མེད་ལོག་ལྟ་ཆེ་ཞིང་ཁོང་ཁྲོ་བཿ ལེ་ལོ་དབང་བཙན་བཀའ་ལ་མི་སྡོད་ཅིངཿ བློ་མང་ཆགས་བྲལ་གསོག་འཇོག་སེར་སྣ་ཆེཿ གནོད་སེམས་བརྣག་ལྡན་ཡིད་ཆེས་མེད་པ་ནིཿ ཆོས་འདིས་གདུལ་བའི་ཞིང་དུ་མི་འགྱུར་རོཿ ཆོས་ནི་ལམ་འདི་ཀུན་ཀྱི་འབྲས་བུ་སྟེཿ སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས་བྱེད་པཿ འགྲན་ཟླ་བྲལ་བ་ཨུ་དུམ་ཝ་ར་ལསཿ དཀོན་པ་ཉིད་དེ་མ་ནོར་ཉམས་སུ་ལོངསཿ གནས་ནི་གྲོང་དང་གྲོང་ཁྱེར་གྲོང་རྡལ་དངཿ ལམ་སྲང་དུར་ཁྲོད་ལྷ་འདྲེ་འདུ་བའི་སཿ དགོན་པ་བྲག་སྐྱིབས་ནགས་ཁྲོད་ལ་སོགས་ཏེཿ དབང་པོ་རབ་འབྲིང་ཐ་མའི་སྐབས་དང་སྦྱརཿ དུས་ནི་སྡུག་བསྔལ་ཉོན་མོངས་ཆགས་སྡང་འཕེལཿ ལེ་ལོ་འཛིན་པ་བདུད་བཞིའི་འཇུག་སྒོ་ལྡངཿ བླ་མ་མཁའ་འགྲོས་བརྡ་གྲོལ་སྐབས་སུའོཿ གཉིས་པ་གྲོགས་དང་ཡོ་བྱད་མཐུན་རྐྱེན་སོགསཿ བླ་མའི་བཀའ་བཞིན་སྤང་བླང་འཛོལ་མེད་བྱཿ སློབ་བུའི་རྒྱུད་ཀྱི་ལོག་ལྟ་ཁོང་ཁྲོ་དངཿ མཁོན་འཛིན་འཐབ་རྩོད་ཐེ་ཚོམ་གསང་མི་ཐུབཿ ལ་སོགས་སྐྱོན་ཀུན་བསལ་ཞིང་སྣོད་སྦྱང་བྱཿ མོས་གུས་རྣམ་དག་སྐྱེ་བའི་ཐབས་ལ་འབདཿ གསུམ་པ་ལམ་རིམ་ཁྲིད་རྐང་མན་ངག་ནིཿ དགོས་འདོད་ཀུན་འབྱུང་ནོར་བུའི་བང་མཛོད་ལསཿ དང་པོ་བླ་མའི་བྱིན་རླབས་ཁྲིད་རྐང་ནིཿ དག་པ་ཁྲུས་ཀྱི་སྒྲིབ་པ་དག་བྱེད་ཕྱིརཿ རྒྱུན་ལྡན་དག་བྱེད་འབྲུ་གསུམ་གྱིས་བརླབ་པའིཿ རིན་ཆེན་བུམ་པར་བལྟམས་པས་སློབ་བུ་བཀྲུཿ ནམ་མཁར་བཞུགས་པའི་སྤྲུལ་པའི་མཁའ་འགྲོ་མསཿ ཕྱག་གི་བུམ་པས་བདུད་རྩིའི་རྒྱུན་བབ་པསཿ སློབ་བུའི་སྒོ་གསུམ་དྲི་མ་ཀུན་དག་ཅིངཿ བྱིན་རླབ་དབང་དང་དངོས་གྲུབ་ཐོབ་པར་གྱུརཿ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃཿ དེ་ནས་བར་ཆད་བགེགས་རྣམས་བསྐྲད་པའི་ཕྱིརཿ བདག་ཉིད་དྲི་མ་མེད་པའི་ཐུགས་ཀ་ནསཿ སྤྲུལ་པའི་ཁྲོ་རྒྱལ་ལག་ན་རྡོ་རྗེ་ཡིཿ སྐུ་ལས་སྤྲུལ་བའི་ཁྲོ་མཚོན་མེ་དཔུང་གིསཿ བར་ཆད་བགེགས་དང་ལོག་འདྲེན་ཚར་ཆོད་ཅིགཿ ཧཱུྃ་བཛྲ་ཕཊཿ སརྦ་དུཥྟཾ་ཨུཏ྄ཙ་ཏ་ཡ་ཕཊཿ ཁྲོ་མཚོན་མེ་དཔུང་བསྲུང་བའི་གུར་ཁང་འཁྲིགསཿ སྟོང་ཉིད་རྡོ་རྗེའི་མཚམས་ལས་མ་འདའ་ཞིགཿ བཛྲ་རཀྵ་རཀྵ་ཧཱུྃཿ ཆེ་བའི་ཡོན་ཏན་ལོ་རྒྱུས་ཆེན་མོར་གསལཿ ངེས་འབྱུང་སྐྱོ་ཤས་ཏིང་འཛིན་སྐྱེ་བའི་ཕྱིརཿ སངས་རྒྱས་ཀུན་ལས་ལྷག་པའི་བཀའ་དྲིན་ཅནཿ བྱིན་རླབས་ཀུན་འབྱུང་བླ་མ་བསྒོམ་པ་ནིཿ རང་ཉིད་བདེ་བའི་སྟན་ལ་སྐྱིལ་ཀྲུང་བཅའཿ དྲང་སྲོང་ཆོས་བདུན་སྙིང་ཁར་ཐལ་མོ་སྦྱརཿ བྱིན་རླབས་སྣོད་རུང་རང་ཉིད་ཌཱཀྐི་མཿ དཀར་གསལ་རིན་པོ་ཆེ་དང་དར་གྱིས་བརྒྱནཿ ཕ་མ་རིགས་དྲུག་སེམས་ཅན་ཀུན་ཀྱིས་བསྐོརཿ མདུན་གྱི་ནམ་མཁར་ཞིང་ཁམས་བཀོད་མཛེས་དབུསཿ རིན་ཆེན་སེང་ཁྲི་པདྨ་ཉི་ཟླའི་གདནཿ སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་ཉིདཿ དྲི་མེད་རྡོ་རྗེ་འཆང་དབང་སྐུ་མདོག་མཐིངཿ རིན་ཆེན་པྲོག་ཞུ་རྒྱན་ཆ་དུ་མས་སྤུདཿ ཕྱག་གཉིས་རྡོ་རྗེ་དྲིལ་བུ་ཡུམ་ལ་འཁྱུདཿ ཡུམ་མཆོག་རྣལ་འབྱོར་དམར་མོ་གྲི་ཐོད་འཛིནཿ ཡབ་དང་འཁྲིལ་སྦྱོར་རིན་ཆེན་རྒྱན་ཆས་སྤུདཿ འཁོར་དུ་བཀའ་བརྒྱུད་བླ་མ་ཡི་དམ་ལྷཿ མཁའ་འགྲོ་སངས་རྒྱས་བྱང་སེམས་དཔག་མེད་བསྐོརཿ ཐུགས་རྗེ་བརྩེ་བ་ཆེན་པོས་བདག་ལ་གཟིགསཿ བདག་རྒྱུད་སྒྲིབ་གཉིས་བག་ཆགས་ཡོངས་སྦྱངས་ནསཿ རྣམ་གསུམ་བཅོས་མིན་དད་པ་རྒྱུ་ལ་སྐྱེསཿ རང་རྒྱུད་སྨིན་གྲོལ་ཟབ་གསང་སྣོད་རུང་བསྒོམཿ མོས་གུས་དད་པ་གསུམ་གྱི་གཞི་ཚུགས་བྱཿ དང་བ་འདོད་དང་ཡིད་ཆེས་རྣམ་གསུམ་གྱིཿ དད་པ་རིམ་བཞིན་བྱིན་རླབས་ཤུགས་ཀྱིས་འཁྲུངསཿ ཕྱིར་མི་ལྡོག་པ་བཅོས་མིན་དད་པའི་མཆོགཿ སྐྱེས་ཚེ་བླ་མས་བྱིན་རླབས་འཕོ་བ་སྟེཿ ལམ་གྱི་གཞི་མ་རྨིས་རྡོ་གཙོ་ཆེ་བསཿ འབྲས་བུ་མ་ཐོབ་བར་དུ་འདི་ལ་འབོདཿ གཉིས་པ་རྟེན་བཟང་རྙེད་དཀའ་ཁྲིད་རྐང་ནིཿ ཐུན་འགོར་བླ་མ་བསྒོམས་ཤིང་མོས་གུས་བསྐྱེདཿ བདེ་བའི་སྟན་ལ་མྱ་ངན་འདུག་སྟངས་གྱིསཿ འདུན་པ་གཞུར་ལ་དྲངས་ཏེ་འདི་ལྟར་བསྒོམཿ དམྱལ་བ་ཡི་དྭགས་དུད་འགྲོ་ཚེ་རིང་ལྷཿ ཀླ་ཀློ་ལོག་ལྟ་མུན་བསྐལ་ལྐུགས་པ་སོགསཿ མི་ཁོམ་ལས་ཐར་རང་གཞན་འབྱོར་པ་བཅུཿ ཚང་པའི་རྟེན་དུ་དཔེ་གྲངས་རྟགས་གསུམ་གྱིསཿ རྙེད་པར་དཀའ་བའི་འཁྲུལ་བའི་གཞན་དབང་ཅནཿ སེམས་འདི་ཡུལ་གྱི་དབང་བཙན་རྐྱེན་ཁར་འཆོརཿ ལས་མཐའ་ལོག་སོགས་ཆོས་ལ་རིང་གྱུར་ནཿ གསོ་བྱེད་སྨན་ལོག་བླངས་ནས་དུག་སྤྱོད་དཔེསཿ བདག་གི་དལ་འབྱོར་རྟེན་བཟང་ཆུད་གསན་ནཿ ཁྱོད་ལས་བསམ་རླག་གྱུར་པ་སུ་ཞིག་ཡོདཿ དེ་བས་བག་ཡོད་དྲན་དང་ཤེས་བཞིན་གྱིསཿ ཉིན་མཚན་ཀུན་ཏུ་དམ་པའི་ཆོས་ལ་འབདཿ མི་ལུས་ཙམ་པོ་ཕལ་པ་བྱུར་པོ་ཆེཿ བསམ་བཞིན་རྟེན་འདིར་ཨུ་དུམ་ཝ་རར་མཚུངསཿ ཕྱིན་ཆད་རྙེད་པར་མི་འགྱུར་ཀྱེ་མ་ཧུདཿ བསམ་ཞིང་སྙིང་ལ་རྡོ་རུས་གཏུགས་པར་བྱོསཿ ༈ གསུམ་པ་མི་རྟག་རྒྱུད་བསྐུལ་ཁྲིད་རྐང་ནིཿ དེ་ལྟར་དལ་བའི་རྟེན་བཟང་ཐོབ་དུས་འདིརཿ མྱུར་དུ་ཟབ་ལམ་ཉམས་སུ་མ་བླངས་ནཿ འདུས་བྱས་མི་རྟག་འགྱུར་བའི་མཚན་ཉིད་དེཿ དབྱར་དགུན་སྟོན་དཔྱིད་ནམ་ཟླ་དུས་བཞི་དངཿ སྣོད་དང་བཅུད་ཀྱིས་བསྡུས་པའི་འགྲོ་བ་ཀུནཿ སྐད་ཅིག་མི་རྟག་འགྱུར་བའི་རང་མཚང་སྟོནཿ ཕ་མ་སྤུན་ཟླ་གཉེན་གཤེས་ལ་སོགས་པཿ དགྲ་དང་བར་མའི་འགྲོ་བ་ཐམས་ཅད་ཀྱངཿ བདེ་སྡུག་ཆགས་སྡང་རེ་དོགས་ལ་སོགས་པསཿ མི་རྟག་ངང་ཚུལ་སྟོན་འདིར་ལེགས་པར་སོམཿ ཕྱི་སྣོད་འཇིག་རྟེན་མི་རྟག་ནམ་ཞིག་དུསཿ མེ་བདུན་ཆུ་གཅིག་རླུང་གི་འཇིགས་པས་ཕུངཿ ནང་བཅུད་རྒྱལ་བ་སྲས་དང་སློབ་མར་བཅསཿ བྱོན་བཞུགས་མཛད་པ་གཤེགས་པའི་ཤུལ་ལ་སོམཿ སྐྱེ་འགྲོ་མཆོག་དམན་པར་དང་དྲེག་སྡེ་ཀུནཿ མི་རྟག་སྐྱེ་རྒ་ན་འཆི་བཞི་ཡིས་མནརཿ དེང་འདིར་རྒན་དང་བར་མ་བཙས་མ་ཐགཿ མི་རྟག་འཇིག་པ་ནམ་འོང་ཆ་མེད་དེཿ བདག་ཀྱང་ད་བར་རྣམ་གཡེང་ལས་ལ་བརྩོནཿ ད་ནི་ལོང་མེད་འཆི་བའི་འཇིག་པས་གཏུགསཿ ཞག་དང་ཟླ་བ་ལོ་སོགས་ལྟ་ཅི་སྨོསཿ སྐད་ཅིག་འདི་ལ་མི་འཆིའི་གདེང་མེད་ནཿ བྱས་པ་དོན་མེད་གྱུར་ཏོ་ཀྱེ་མ་ཧུདཿ བསམ་ཞིང་མི་རྟག་བསྒོམ་ལ་ནན་ཏན་བྱཿ དེ་ཚེ་ངེས་འབྱུང་ངམ་ངམ་ཤུགས་ཀྱིས་སྐྱེཿ ཉིན་མཚན་སྐད་ཅིག་གཡེལ་བ་མེད་པ་རུཿ སྒྲུབ་ལ་སྙིང་རུས་བསྐྱེད་པའི་ཞེ་དམ་བཅའཿ ཆོས་ཀྱི་རྩ་བ་ཡིན་པས་རང་རྒྱུད་ལཿ གྲུབ་འབྲས་མ་སྐྱེས་བར་དུ་སྒོམ་པར་གྱིསཿ ༈ བཞི་པ་རྒྱུ་འབྲས་བསླུ་མེད་ཁྲིད་རྐང་ནིཿ ད་ནི་ལེགས་པར་རང་གིས་རང་ལ་རྟོགསཿ དེ་ལྟར་འཆི་བའི་སྡུག་བསྔལ་གྱིས་སླེབ་ཚེཿ དཀར་ནག་ལས་འབྲས་བསླུ་བ་མེད་པ་སྟེཿ མ་རིག་རྒྱུ་བྱས་དུག་ལྔ་དབང་བཙན་པསཿ ཆགས་སྡང་སྒྲོག་གི་འཆིང་བ་དམ་པོས་བཅིངསཿ སྡུག་བསྔལ་འཁོར་བ་འདི་ལ་ཞེན་ཅིང་ཆགསཿ སྲོག་གཅོད་རྐུ་འཕྲོག་ལོག་གཡེམ་བག་མེད་ལུསཿ རྫུན་ཕྲ་ཚིག་རྩུབ་ཉོན་མོངས་འཕེལ་ཚིག་ངགཿ བརྣབ་སེམས་གནོད་བརྣག་ལོག་ལྟ་རྒྱུད་ངན་སེམསཿ ལ་སོགས་འཁོར་བའི་མཐུན་འགྱུར་མི་དགེའི་ལསཿ གང་བྱས་སྡུག་བསྔལ་སྐྱེད་པའི་རྒྱུ་དང་ནིཿ གཞི་བརྟེན་འབྲས་བུ་བསླུ་བ་མེད་པ་སྟེཿ དྲང་སྲོང་ཨ་སྨྲའི་ཏ་ཡི་འབྲས་བཞིན་ནོཿ མི་དགེ་སྤངས་པའི་དགེ་བ་མཆོག་ཉིད་ཀྱིཿ བདེ་བ་མཆོག་གི་འབྲས་བུའང་བསླུ་བ་མེདཿ དེ་ཕྱིར་དཀར་ནག་ལས་འབྲས་བསླུ་མེད་པཿ འཆི་ཚེ་རང་ཉིད་གཅིག་པུའི་མྱོང་བ་སྟེཿ སྐྱེས་བུ་བྱེད་པའི་འབྲས་བུ་ཚེ་འདིར་སྨིནཿ སྨིན་པ་སྨིན་པའི་འབྲས་བུ་དུས་མི་ཡོལཿ བྱེད་པ་རྒྱུ་མཐུན་བྱ་བ་ལས་མཐུན་ཏེཿ མྱོང་བ་རྒྱུ་མཐུན་ཡུལ་དང་གནས་ལ་སྨིནཿ རྣམ་སྨིན་འབྲས་བུ་ངན་སོང་གནས་སུ་འཕེནཿ དགེ་བའི་འབྲས་བུའང་བདེ་དང་བདེ་ལྡན་ཏེཿ རྣམ་སྨིན་མཐོ་རིས་བདེ་བར་དབུགས་འབྱིན་ནོཿ དེ་ལྟར་དགེ་སྡིག་ལས་འབྲས་བསླུ་མེད་པཿ རང་གི་ལས་བྱས་རང་ཉིད་གཅིག་པུར་སྨིནཿ དེ་ཕྱིར་རྒྱུ་འབྲས་བསླུ་མེད་ཡིད་ཆེས་ཀྱིསཿ མི་དགེའི་ལས་ལ་སྙིང་ནས་བཤགས་སྡོམ་བྱཿ ལམ་གྱི་ཆ་རྐྱེན་ཉིད་དུ་བླང་དོར་བྱཿ ༈ ལྔ་པ་འཁོར་བ་སྡུག་བསྔལ་བསམ་པ་ནིཿ མི་དགེ་སྤྱད་པའི་རྣམ་སྨིན་ངན་སོང་འཕེནཿ ཞེ་སྡང་ལས་གྱུར་དམྱལ་བའི་གནས་སྐྱེ་ནཿ ཡང་སོས་ཐིག་ནག་བསྡུས་འཇོམ་ངུ་འབོད་དངཿ ངུ་འབོད་ཆེན་པོ་ཚ་བ་རབ་ཏུ་ཚཿ མནར་མེད་ཚ་དམྱལ་བརྒྱད་དང་ཉེ་འཁོར་བཿ ཆུ་བུར་བརྡོལ་བ་ཅན་དང་ཆེར་རྡོལ་བཿ ཨ་ཆུ་ཀྱེ་ཧུད་སྨྲེ་སྔགས་སོ་འཐམ་པཿ ཨུཏྤལ་པདྨ་ལྟར་གས་ཆེར་གས་སོགསཿ གྲང་དམྱལ་བརྒྱད་དེ་ཉི་ཚེ་བ་དང་བཅསཿ ཚ་གྲང་གིས་མནར་ཚེ་ཚད་མ་ངེས་སོཿ ཡི་དྭགས་བྱིང་གནས་ཕྱི་ནང་སྒོས་ཁུར་གྱིཿ སྒྲིབ་པ་ཅན་ཏེ་སེར་སྣས་ལས་འབྲས་མཐུསཿ བཀྲེས་སྐོམ་སྡུག་བསྔལ་ཤིན་ཏུ་བཟོད་དཀའ་བཿ སྒྲིབ་པ་ཆེ་ཆུང་མཐུས་བསྐྱེད་རྟག་ཏུ་མནརཿ མཁར་རྒྱུའི་འབྱུང་པོའི་ཚོགས་རྣམས་ཉམས་ཐག་སྟེཿ སྣ་ཚོགས་སྡུག་བསྔལ་ལས་ལ་ཟད་མཐའ་མེདཿ ཚེ་ཚད་སོ་སོའི་སྒྲིབ་པའི་མཐུས་བྱེད་དོཿ དུད་འགྲོ་བྱིང་གནས་གླིང་བར་མུན་ནག་ཁྲོདཿ གཏི་མུག་མུན་འཐིབ་ཆུ་སྲིན་གྲེར་ཚུད་དངཿ ཕན་ཚུན་གཅིག་གིས་གཅིག་ཟ་ལུས་འབིགས་དངཿ ལྗིད་ནོན་གྲངས་མང་སྡུག་བསྔལ་ཟད་མཐའ་མེདཿ ཁ་འཐོར་བྱ་དང་རི་དྭགས་སྒོ་ནོར་སོགསཿ བཀོལ་སྤྱོད་སྲོག་འཕྲོག་སྣ་ཚོགས་ལས་ཀྱིས་མནརཿ གཏི་མུག་མུན་ལྟར་འཐིབས་པས་རྒྱུད་རྨོངས་ཤིངཿ ཚེ་ཚད་ངེས་མེད་སྲོག་སྡུད་འཆི་བས་ཉེནཿ ལྷ་མིན་ཕྲག་དོག་ལས་ཀྱིས་འཕེན་པ་ཡིཿ ལྷ་དང་གཡུལ་འགྱེད་དགྲ་གཉེན་བར་མ་གསུམཿ ཕ་མ་སྤུན་ཟླ་བུ་དང་ཆུང་མ་སོགསཿ རྟག་ཏུ་འཐབ་རྩོད་སྡུག་བསྔལ་དཔག་མེད་པསཿ མནར་ཞིང་ཚེ་ཚད་ལས་ཀྱི་རྗེས་སུ་འགྲོཿ ལྷ་རྣམས་ལེ་ལོས་གཡེངས་པས་དགེ་ལ་རིངཿ བདེ་སྐྱིད་སྔ་མའི་བདེ་འབྲས་ཀུན་འཇོམས་ཤིངཿ འཚོ་བ་ཡུན་རིང་དོན་མེད་ཆུད་གསན་ནསཿ འཆི་འཕོ་ལྟུང་བའི་སྡུག་བསྔལ་ངན་སོང་མཚུངསཿ ད་ནི་རང་ཅག་མི་ཡི་འགྲོ་བ་འདིཿ རྩ་བའི་སྡུག་བསྔལ་ཆེན་པོ་རྣམ་གསུམ་དངཿ སྐྱེ་རྒ་ན་འཆི་ཁྱབ་འགྱུར་རྣམ་པ་བཞིཿ སྔ་མས་རྗེས་གཅོད་ཕྱི་མས་རྒྱུ་བསྐྲུན་དངཿ ད་ལྟའི་ཉེར་ལེན་སྡུག་བསྔལ་དཔག་མེད་པསཿ གོ་སྐབས་མེད་པར་སྤྱོད་འདི་ཀྱེ་མ་ཧུདཿ དེ་ཕྱིར་འཁོར་བ་འདི་ནི་སྡུག་བསྔལ་གྱིཿ རྒྱུ་དང་གཞི་རྟེན་འབྲས་བུར་གྱུར་པ་སྟེཿ ལེགས་པར་སོམས་ལ་འགྲོ་འདི་འཁོར་བ་ལསཿ མྱུར་དུ་ཐར་བའི་ཐབས་ལ་འབད་པར་མཛོདཿ ༈ དྲུག་པ་ཐར་བའི་ཕན་ཡོན་ཁྲིད་རྐང་ནིཿ བདག་དང་ཁམས་གསུམ་སེམས་ཅན་ཐམས་ཅད་ཀུནཿ འཁོར་བའི་སྡུག་བསྔལ་འདི་ལ་ཞེན་ལོག་ནསཿ ཐར་བ་དམ་པའི་ཆོས་ལ་ཡིད་ཕྱོགས་ནཿ གཏན་གྱི་བདེ་བ་མཆོག་ནི་འགྲུབ་འགྱུར་ཏེཿ དེ་ཡང་ཆོས་ཁམས་འོ་མའི་རྒྱ་མཚོ་ཡིཿ བཅུད་བསྡུས་མར་གྱི་སྙིང་པོའི་ཡང་ཞུན་ལྟརཿ ལམ་ཟབ་གདམ་པའི་མཐར་ཐུག་སྙིང་པོའི་ཆོསཿ ཡང་གསང་མཁའ་འགྲོའི་ཐུགས་ཐིག་ཞེས་བྱ་བཿ ཨུ་དུམ་ཝ་རའི་མེ་ཏོག་ལྟར་དཀོན་པཿ འདི་དང་འཕྲད་འདི་བསྐལ་མང་ཚོགས་ཆེན་མཐུསཿ སྒྲ་ཐོས་ཙམ་གྱིས་ངན་སོང་སྒོ་གཅོད་ནཿ ཉམས་ལེན་འབྲེལ་བས་བསྡུས་པའི་གང་ཟག་ཀུནཿ བར་དོར་མངོན་འཚང་རྒྱ་བར་གདོན་མི་ཟཿ དེ་ཕྱིར་བར་ཆད་དབང་དུ་མི་གཏོང་བརཿ བརྩོན་འགྲུས་སྐྱེད་ལ་དགའ་བ་དཔག་མེད་སྒོམསཿ ༈ བདུན་པ་བཤེས་གཉེན་ལེགས་བསྟེན་ཁྲིད་རྐང་ནིཿ ཚེ་གཅིག་དོན་གྱི་སངས་རྒྱས་སྒྲུབ་པ་ལཿ ལམ་སྟོན་དགེ་བའི་བཤེས་གཉེན་མ་བསྟེན་ནཿ ལོང་བ་གྲོགས་མེད་གཅོང་རོང་འགྲིམས་དང་མཚུངསཿ དེ་ཕྱིར་སྐྱོན་ཟད་ཡོན་ཏན་ལྡན་པ་ཡིཿ བཀའ་དྲིན་འཁོར་མེད་དགེ་བའི་གཤེས་གཉེན་མཆོགཿ རྫོགས་ཆེན་དོན་སྟོན་སྨིན་གྲོལ་སྒོར་བཅུག་པའིཿ རྩ་བའི་བླ་མ་རྡོ་རྗེ་སློབ་དཔོན་ཏེཿ མོས་གུས་དད་པ་རྣམ་པར་དག་པ་ཡིསཿ མ་དད་ལོག་ལྟ་སྐད་ཅིག་མི་བྱེད་པརཿ ཕྲན་བུའི་སྐྱོན་མཐོང་ངན་རྟོག་ངོས་བཟུང་ལཿ རང་ཉིད་སུན་བྱུང་བཤགས་སྦྱང་ཐབས་ལ་འབདཿ བསམ་པས་རིན་ཆེན་སྲོག་ལྟར་ལེགས་བཙའ་ཞིངཿ ལུས་ངག་སྤྱོད་པའང་ཕན་པའི་ཞབས་ཏོག་ལསཿ གནོད་དང་སུན་འབྱིན་སྐད་ཅིག་མི་བྱེད་པརཿ བཀོལ་བའི་ལས་ཀུན་ཚོགས་ཀྱི་ལམ་དུ་སོམསཿ ཞབས་ཏོག་སྲི་ཞུ་སྦྱོར་བའི་ལམ་ཡིན་ཏེཿ ཡོན་ཏན་རིག་པ་མཐོང་བའི་ལམ་མཆོག་ཡིནཿ བླ་མའི་རྣལ་འབྱོར་བསྒོམ་ལམ་ཉིད་དུ་སོམསཿ སྒོམ་པ་མཆོག་རྟོགས་མི་སློབ་ལམ་མཐར་ཕྱིནཿ དང་པོའི་ལས་ཅན་སྤྱོད་ལམ་རྣམ་པར་གཟོབཿ གནང་བ་ཐོབ་ཚེ་གང་ཡང་ཐོགས་མེད་སྤྱོདཿ བཀའ་འགལ་ཐུགས་དཀྲུགས་དམ་ལས་ཉམས་གྱུར་ནཿ མནར་མེད་རྡོ་རྗེའི་དམྱལ་བ་ལ་སོགས་པཿ བཟོད་རླག་མེད་པའི་སྡུག་བསྔལ་མྱོང་ལ་ལྟོསཿ ལམ་གྱི་རྩ་བ་མཆོག་གྱུར་འདི་ཡིན་ཏེཿ འབྲས་བུ་མ་ཐོབ་བར་དུ་བརྩོན་འགྲུས་སྐྱེདཿ སངས་རྒྱས་རང་ལ་རག་ལས་མཁྱེན་པར་མཛོདཿ བླ་མའི་ཡུམ་དང་སྤུན་སྲིང་འཁོར་རྣམས་ཀྱངཿ མཉམ་ཕྱེད་སུམ་ཆ་ཙམ་དུ་བསྟེན་པར་བྱཿ དགེ་བའི་མཐུན་གྲོགས་རྡོ་རྗེའི་མཆེད་རྣམས་ཀྱངཿ རྡེག་བཙོག་རྐུ་འཕྲོག་རྫུན་ཕྲ་ཚིག་རྩུབ་དངཿ གནོད་སེམས་ཁོང་ཁྲོ་ལོག་ལྟ་སྒྲོ་སྐུར་སོགསཿ གཏན་སྤང་སྒོ་གསུམ་ཉེར་ཞི་ཕན་པས་འགྲོཿ དེ་ཕྱིར་དགེ་བའི་བཤེས་དང་གྲོགས་བསྟེན་ནསཿ ཅི་གསུང་བཀའ་བསྒྲུབ་ལམ་ཟབ་ཉམས་བླང་ནཿ སྐུ་གསུམ་ཞིང་ཁམས་རྨད་བྱུང་ཉམས་དགའ་བརཿ ཚོམ་བུ་གཅིག་ཏུ་མངོན་འཚང་རྒྱ་བར་ངེསཿ ༈ བརྒྱད་པ་ཐུན་མོང་དངོས་གཞིའི་ཁྲིད་རྐང་ནིཿ སྔོན་འགྲོས་རྒྱུད་རྣམས་ལེགས་པར་སྦྱང་བྱས་ནཿ ཉམས་ལེན་ལྟ་བའི་སྔོན་འགྲོ་ཟབ་མོ་ནིཿ རྣམ་སྣང་ཆོས་བདུན་ལག་གཉིས་པུས་སྟེང་བཀབཿ ཌཱཀྐི་དཀར་མོ་སྒོམ་པ་ལུས་ཀྱི་གནདཿ རླུང་རོ་ལན་གསུམ་དྲག་ཏུ་འབུད་བྱེད་ཅིངཿ ཉོན་མོངས་ཤེས་བྱའི་སྒྲིབ་པ་ནད་གདོན་གྲིབཿ སྨུག་རླང་རླུང་གིས་དེད་བཞིན་ཕྱིན་ཐོན་བསམཿ ལུས་དབུས་དབུ་མ་མཐིང་གསལ་ཀ་བ་བཙུགཿ ལྟེ་འོག་ནས་བརྩམ་གཡས་གཡོན་རོ་རྐྱང་གཉིསཿ ཡལ་ག་དཀར་དམར་གྱེས་ཤིང་སྣ་བུག་ཧརཿ ནམ་མཁའི་རླུང་མཐིང་འབྱུང་བཞིའི་བཅུད་བསྡུས་པཿ དལ་བུས་རྔུབ་ཅིང་ལུས་ཀྱི་སྨད་དུ་བསྐྱིལཿ རོ་རྐྱང་ནས་བརྒྱུད་དབུ་མར་ལྷག་མེད་སོངཿ སྙིང་ཁར་བླ་མ་ཀུན་བཟང་ཐུགས་སྲོག་གིཿ ཡི་གེར་ཐིམ་ཞིང་འོད་ཀྱིས་ལུས་ཀུན་ཁྱབཿ དོན་དམ་ལྟ་བ་རྒྱུད་ལ་སྐྱེས་བར་བསམཿ འགུགས་དལ་སྐྱིལ་ཡང་འཕེན་འདམ་འཕྲོ་བཟུང་བཿ གནད་བཞིར་གོམ་བྱ་ཐུགས་ཀར་སེམས་བཟུང་ཞིངཿ སེམས་ཀྱི་རྩ་གདར་མ་ཆོད་བར་དུ་འབདཿ རྩེ་གཅིག་འདུན་པ་གཞུར་དྲང་རླུང་སེམས་གནདཿ དེ་ཚེ་བདེ་གསལ་མི་རྟོག་ཉམས་སྐྱེའོཿ ཡང་ན་ཆོས་ཉིད་རྟོགས་པའི་གཞི་ཚུག་གོཿ བྱིན་རླབས་སྒོ་འབྱེད་དབང་མཆོག་འདི་བསྐུར་བྱཿ བླ་མའི་དགྱེས་སྐོང་ཚོགས་ཀྱི་འཁོར་ལོ་བསྐོརཿ ཆོས་སྐྱོང་གཏེར་བདག་གཏོར་མས་ཚིམ་པར་བརྔནཿ ཐུན་མོང་ལམ་གྱི་དངོས་གཞི་ཨེ་མ་ཧོཿ ༈ ཐུན་མོང་མ་ཡིན་ལམ་གྱི་རིམ་པ་ལཿ དགུ་པ་སྐྱབས་སུ་འགྲོ་བའི་ཁྲིད་རྐང་ནིཿ རང་དོན་ཡིད་བྱེད་འཛིན་ཞེན་དང་བྲལ་ཞིངཿ སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་དངཿ ཐེག་དམན་རྩོལ་བཅས་དམན་པའི་ལམ་དག་ལསཿ དབུགས་དབྱུང་ཕྱིར་ན་སྐྱབས་འགྲོའི་འདུན་པ་སེམསཿ ཐུན་མོང་ཐེག་པའི་སྐྱབས་ཡུལ་དཀོན་མཆོག་གསུམཿ མ་ཧཱའི་རྩ་བ་གསུམ་དང་ཨ་ནུ་ཡིཿ རྩ་རླུང་ཐིག་ལེ་ཨ་ཏིའི་ཕྱི་རྒྱུད་སྡེའིཿ ངོ་བོ་རང་བཞིན་ཐུགས་རྗེ་སྐྱབས་ཡུལ་ཏེཿ གསང་སྔགས་སྤྱི་ལ་བླ་མ་གཙོ་ཆེར་གྲགསཿ ཡང་གསང་ལམ་འདི་དགེ་འདུན་ཀུན་འདུས་པའིཿ སྐྱབས་ཀྱི་མཆོག་གྱུར་རྡོ་རྗེ་སློབ་དཔོན་མཆོགཿ བླ་མ་ཡབ་ཡུམ་ཁོ་ན་སྐྱབས་ཡུལ་ཏེཿ བྱིན་རླབས་ཤུགས་དྲག་དངོས་གྲུབ་གཞན་ལས་མྱུརཿ ས་ལམ་མྱུར་མགྱོགས་ཉི་ཟླའི་བགྲོད་པ་བཞིནཿ དཔེར་ན་ཁྱབ་འཇུག་དྲག་སྦྱིན་དཔེ་བཞིན་ནོཿ སྐུ་གསུམ་འདུས་ཞལ་དྲིན་ཆེན་བླ་མ་ཉིདཿ མདུན་གྱི་ནམ་མཁར་འཇའ་འོད་འཁྲིགས་པའི་དབུསཿ བླ་མ་རྡོ་རྗེ་འཆང་ཆེན་ཡུམ་དང་བཅསཿ འཁོར་དུ་བཀའ་བརྒྱུད་བླ་མ་ཡིད་དམ་ལྷཿ མཁའ་འགྲོ་ཆོས་སྐྱོང་དམ་ཅན་སྤྲིན་འཁྲིགས་བསམཿ ཕྱི་སྣོད་བདེ་ཆེན་ཞིང་ཁམས་ཉམས་དགའ་བརཿ ངོ་མཚར་རྒྱན་བཀོད་འདོད་ཡོན་ཕུན་སུམ་ཚོགསཿ རང་ཉིད་ཌཱཀྐི་སེར་མོ་རྒྱན་གོས་མཛེསཿ པུས་བཙུག་ཐུན་མིན་ཆོས་བདུན་འདུག་སྟངས་ཅནཿ འཁོར་དུ་ཁམས་གསུམ་སེམས་ཅན་ཁྲོམ་ཚོགས་བཞིནཿ ཀུན་ཀྱི་སྒོ་གསུམ་དད་དང་གུས་པ་ཡིཿ སྐྱིད་སྡུག་ལེགས་ཉེས་བདེ་སྡུག་བཟང་ངན་ཀུནཿ རེ་ས་གཞན་མེད་ཅི་མཛད་ཁྱེད་ཤེས་ཀྱིསཿ བྱང་ཆུབ་མ་ཐོབ་བར་དུ་སྐྱབས་འགྲོ་ནིཿ མདུན་མཁར་འཇའ་འོད་སོགས༴ སྐབས་འདིར་ཐུན་མིན་སྐྱབས་འགྲོའི་སྡོམ་པ་འབོགཿ སྡོམ་པ་མ་སྐྱེས་བར་དུ་འབད་པས་སྒྲུབཿ མི་ཉམས་རྒྱུད་ལ་གནས་པར་བྱ་བའི་ཕྱིརཿ བླ་མ་སངས་རྒྱས་ལས་གཞན་སྐྱབས་མི་ཚོལཿ ཡི་དམ་ལྷག་པའི་ལྷ་ལས་དམན་མི་སྒྲུབཿ མཁའ་འགྲོ་རྡོ་རྗེ་མཆེད་ལས་གྲོགས་མི་བཙལཿ ཡང་ཟབ་ལས་གཞན་དམན་པའི་ལམ་མི་འཇུགཿ ཆོས་སྐྱོང་གཏེར་བདག་ལས་གཞན་ལས་མི་བཅོལཿ དེ་དག་སྐྱབས་སུ་འགྲོ་བའི་བསྲུང་བྱའོཿ སླར་ཡང་ཐུན་མིན་དྲང་སྲོང་སྡོམ་པ་འབོགསཿ གཞི་སྦྱང་ཕྱིར་ན་ཞི་དུལ་དྲང་པོར་བསླབཿ ལུས་ངག་ཡིད་ཀྱི་མི་དགེ་རྣམ་བཅུ་སྤོངཿ རང་གཞན་དགེ་བཅུར་འབད་པས་བསྲུང་བྱ་སྟེཿ ཉིས་བརྒྱ་ལྔ་བཅུའི་ཁྲིམས་ལས་ཆེས་ཆེར་ལྷགཿ གྲངས་མེད་གསུམ་གྱི་ཚུལ་ཁྲིམས་འདིས་འདུམ་ཞིངཿ རྒྱུ་འབྲས་ཁྱད་བསད་མཐའ་གཅིག་མི་ལྷུང་ངོཿ ཐུན་མིན་ལམ་སྟེགས་དམས་པ་མཆོག་འདི་ཉིདཿ དང་པོའི་ལས་ཅན་རྒྱུད་ལ་འདྲེས་པར་བྱོསཿ ༈ བཅུ་པ་བྱང་ཆུབ་སེམས་ཀྱི་ཁྲིད་རྐང་ནིཿ མཁའ་ཁྱབ་སེམས་ཅན་ཕ་མའི་རང་བཞིན་ཏེཿ སྐྱེ་བ་མང་པོར་ཕན་གནོད་སྣ་ཚོགས་པསཿ བདག་ལ་ལས་ཀྱིས་མ་འབྲེལ་གཅིག་ཀྱང་མེདཿ དེ་ཕྱིར་རང་ཉིད་བླ་མའི་རྗེས་བཟུང་དུསཿ རང་དོན་རྒྱང་སྲིང་སྙིང་སྟོབས་ཆེན་པོ་ཡིསཿ འགྲོ་ཀུན་རྫོགས་སངས་རྒྱས་པར་འགོད་པའི་ཕྱིརཿ བྱམས་དང་སྙིང་རྗེ་དགའ་བ་བཏང་སྙོམ་བཞིའིཿ ཐོག་མར་རྒྱུད་སྦྱང་ཚོགས་ཞིང་བླ་མའི་དྲུངཿ དད་དང་སྙིང་རྗེ་ཚོགས་བསགས་སྔོན་འགྲོ་བསཿ ལུས་གནད་ལྡན་པའི་ཡན་ལག་བདུན་པ་འབུལཿ འགྲོ་བའི་མ་རིག་མུན་པ་བསལ་བའི་ཕྱིརཿ སྣང་གསལ་སྒྲོན་མེ་ལག་ཏུ་ཐོགས་ནས་ཀྱངཿ འདུན་པ་རྩེ་གཅིག་བྱང་སེམས་སྐྱོན་སྤང་ཞིངཿ སློབ་དཔོན་དྲུང་ནས་སེམས་བསྐྱེད་བསླབ་པ་བླངསཿ འབྲས་བུ་རྒྱུད་ལ་མ་སྐྱེས་བར་དུ་འབདཿ མ་རིག་ལས་ཉོན་སྡུག་བསྔལ་གྱིས་གཟིར་སོགསཿ ཉམ་ཐག་འགྲོ་བ་གཅིག་གི་དོན་དུའངཿ རང་གི་ཚུལ་ཁྲིམས་སྲོག་ཀྱང་གཏོང་ནུས་ནཿ བཅོས་མིན་སེམས་མཆོག་རྒྱུད་ལ་སྐྱེས་པའོཿ དེ་ནས་མི་ཉམས་རྒྱུད་ལ་གནས་པའི་ཕྱིརཿ འགྲོ་ཀུན་ཕ་མའི་རང་བཞིན་བལྟ་བ་དངཿ གནོད་ལན་མི་བགྱིད་དགྲ་གཉེན་མཉམ་པ་ཉིདཿ སྡུག་བསྔལ་སྲོག་གི་འཇིགས་པ་ལས་སྐྱོབ་ཅིང་ཿ ཀུན་ཀྱང་སངས་རྒྱས་ཐོབ་ཕྱིར་རབ་ཏུ་འབདཿ རྩ་བ་ལྔ་དང་ཡན་ལག་སྦྱིན་སོགས་དྲུགཿ གསོག་འཇོག་གཞན་གནོད་བཞི་སྤང་དབུལ་ཟས་སྤྱོདཿ རྩོ་ར་གདུགས་སེམས་ཅན་གྱི་གྲོགས་བགྱིད་བཅསཿ བྱང་སེམས་བསླབ་པའི་བསྲུང་བྱའི་རིམ་པའོཿ འདི་ནི་ཐུན་མིན་ལམ་གྱི་དངོས་གཞི་སྟེཿ དེང་ནས་ཁྱོད་ནི་འགྲོ་བའི་སྤྱི་ནོར་ཆེཿ རྒྱལ་བ་ཀུན་ཀྱི་སྲས་ཀྱི་ཐུ་བོར་གྱུརཿ དམན་ལམ་བྱང་ཆུབ་སེམས་ལས་ཆེས་འཕགས་པའིཿ བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་བཞིནཿ བཟང་ངན་འབྲེལ་བས་བསྡུས་སོ་ཅོག་གིས་ཀྱངཿ རྩ་བའི་དམ་ཉམས་མ་གཏོགས་ཀུན་གྲོལ་བཿ ཀུན་སྐྱོང་དང་ནི་ཡིད་ལས་སྐྱེས་བཞིན་ནོཿ སྐབས་འདིར་བྱང་ཆུབ་སེམས་ཀྱི་གཏམ་རྒྱུད་དངཿ དགའ་སྟོན་འཇིག་རྟེན་དགེ་བའི་བཀྲ་ཤིས་བརྗོདཿ སྟོན་འཁོར་སྨོན་ལམ་རྣམ་དག་རྒྱས་གདབ་པོཿ ༈ བཅུ་གཅིག་ཚོགས་བསགས་མཎྜལ་ཁྲིད་རྐང་ནིཿ སྔགས་ཀྱི་ཟབ་མོ་ལམ་མཆོག་ཐབས་མང་ཕྱིརཿ གྲངས་མེད་ཚོགས་གཉིས་སྐད་ཅིག་འདུམ་པའི་ཐབསཿ འབྱོར་བ་བསྟུན་པའི་མཎྜལ་ལེགས་པར་བཀོདཿ སྤྲོས་འབྱོར་གྱིས་སྤངས་བདག་ལུས་ཉེར་སྤྱད་བསྔོཿ ཐུན་མོང་མཎྜལ་སྟོང་གསུམ་མི་མཇེད་ཞིངཿ གླིང་བཞི་རི་རབ་ལྷ་གནས་ལྕགས་རིར་བཅསཿ ལྷ་མའི་ལོངས་སྤྱོད་དགོས་དགུ་ཕུན་ཚོགས་གཏེརཿ བདག་ལུས་ལོངས་སྤྱོད་བྲན་ཁོལ་དང་བཅས་འབུལཿ ཐུན་མིན་མཎྜལ་རང་སྣང་ལོངས་སྐུའི་ཞིངཿ ངོ་མཚར་རྒྱན་བཀོད་འདོད་ཡོན་མཆོད་སྤྲིན་སྤྲོཿ རིགས་མཆོག་ལྔ་དང་བྱང་སེམས་སྤྲུལ་འཁོར་བཅསཿ རྩ་རླུང་ཐིག་ལེ་རོལ་གར་དང་བཅས་འབུལཿ ཁྱད་པར་མཎྜལ་ཡེ་གྲོལ་ཆོས་ཀྱི་དབྱིངསཿ སྟོན་འཁོར་ཞིང་དང་སྣང་བའི་འཛིན་ཞེན་དགཿ སྦྱོར་སྒྲོལ་འབྲས་བུས་ཐིམ་ལ་མ་རྨུགས་པཿ དགའ་བཞི་ལྷན་སྐྱེས་ཡེ་ཤེས་དང་བཅས་འབུལཿ ཨོཾ་ཨཱཿཧཱུྃཿ མི་མཇེད་སྟོང་གསུམ་སོགས༴ བསོད་ནམས་ཚོགས་རྫོགས་འཇིག་རྟེན་ཞེན་པ་ཆོདཿ ཡེ་ཤེས་ཚོགས་རྫོགས་འབྲས་བུའི་དེ་ཉིད་མཐོངཿ རྟེན་འབྲེལ་ཕྱིར་དུ་བླ་མར་ཡོ་བྱད་དངཿ རང་གི་ལུས་ངག་ཡིད་གསུམ་ལྟོས་མེད་འབུལཿ ཐོག་མེད་ནས་བཟུང་འཁོར་བར་འཁྱམས་པའི་རྒྱུཿ བདག་འཛིན་སེར་སྣའི་མདུད་པ་གྲོལ་བའི་ཕྱིརཿ རྒྱུན་དུ་ཡར་མཆོད་མར་སྦྱིན་དག་ལ་འབདཿ གསོག་འཇོག་སྤེལ་སྤང་ཟས་གོས་ཀྱི་ནར་བསྟེནཿ གང་བྱུང་དེས་ཆོག་མི་ཚེ་ཧྲིལ་གྱིས་བསྐྱལཿ ལོ་གཅིག་ཕན་གྱི་ཡོ་བྱད་མི་འཛིན་ཅིངཿ ཤུགས་ཀྱི་གང་བྱུང་མཆོད་དང་སྦྱིན་པར་ཐོངཿ དཔེར་ན་རབ་འབྱེད་དང་ནི་ལས་རབ་བཞིནཿ ཚོགས་གཉིས་མཐར་ཕྱིན་འགྲོ་བའི་བཤེས་གཉེན་འགྱུརཿ འཛིན་ཆགས་ཡོངས་དག་བདུད་དབང་མི་འགྱུར་ཞིངཿ ང་ཡི་དགོངས་པ་རྟོགས་པ་དཀའ་ཚེགས་མེདཿ ཐུན་མིན་ལམ་གྱི་མཐུན་རྐྱེན་བླ་མེད་དོཿ རྟགས་མཚན་མངོན་དུ་མ་གྱུར་བར་དུ་འབོདཿ ༈ བཅུ་གཉིས་ཉམས་ཆག་སྒྲིབ་སྦྱོང་ཁྲིད་རྐང་ནིཿ ཐོག་མར་མ་རིག་གསུམ་གྱི་རྒྱུ་བྱས་ཏེཿ དུག་ལྔའི་རྐྱེན་གྱིས་ཁམས་གསུམ་འཁོར་བ་འདིརཿ ཟོ་ཆུའི་འཁྱུད་མོ་བཞིན་དུ་སྡུག་བསྔལ་བའིཿ ལས་ནི་མི་དགེ་སྡིག་པའི་རྐྱེན་ལས་བྱུངཿ བག་ཆགས་སྒྲིབ་པ་མུན་ལྟར་འཐིབ་འགྱུར་ཞིངཿ སོ་ཐར་སྡོམ་པ་བྱང་སེམས་བསླབ་བྱ་དངཿ རིག་འཛིན་སྔགས་ཀྱི་དམ་ཚིག་དཔག་མེད་ཉམསཿ ཁྱད་པར་རྡོ་རྗེ་སློབ་དཔོན་གསང་གསུམ་ལཿ འགལ་འཁྲུལ་ཉམས་ཆགས་ཉེས་ལྟུང་དཔག་མེད་བསགསཿ ལོག་ལྟ་སྒྲོ་སྐུར་རྨོང་འཁྲུལ་རྐྱེན་གྱིས་གོསཿ ལྷ་དང་དཀྱིལ་འཁོར་མཆེད་ལྕམ་བརྙས་ཤིང་གཤོངཿ སེམས་ཅན་ཕ་མར་མ་ཤེས་སྡུག་ལ་སྦྱརཿ དེས་རྐྱེན་ད་ནི་ཐར་པའི་དུས་མེད་དོཿ གསང་སྔགས་ཟབ་མོའི་ཐབས་ལ་བརྟེན་པ་ཡིསཿ ཐེ་ཚོམ་མེད་ཅིང་དབང་པོ་རྣོན་པོ་ཡིསཿ ཉམས་ལེན་མན་ངག་སྒྲིབ་པ་སྦྱོང་བྱེད་པཿ ཉམས་ཆགས་བསྐང་བའི་ཆོ་ག་ཟབ་མོ་ནིཿ སྔར་བྱས་ལས་རྣམས་ཁོང་དུ་དུག་སོང་བཞིནཿ སྣ་ཚོགས་ཐབས་ཀྱི་གནོང་འགྱོད་དྲག་པོ་ཡིསཿ རང་ཉིད་སུན་བྱུང་ཕྱིན་ཆད་ལྡོག་མེད་བྱཿ ཕྱིན་ཆད་དུག་མཚོ་ཁོལ་དང་གདུག་པ་ཅནཿ སྲིན་པོ་འཕྲད་འཇོམས་དཔུང་ལ་བྲོས་བཞིན་དུཿ མི་བགྱིད་དམ་བཅས་ལུས་སྲོག་རིས་སུ་བོརཿ དེ་ཚེ་ལས་ངན་བག་ཆགས་སྒྲིབ་སྦྱོང་ཕྱིརཿ སྦྱོང་བའི་རྒྱལ་པོ་དབང་གིས་རྒྱུད་སྨིན་བྱཿ ཉམས་ལེན་ལུས་གནད་གཅུན་ཞིང་དམིགས་པའི་གནདཿ བླ་མ་རྡོར་སེམས་ཡབ་ཡུམ་སྒོམ་པ་བརྟེནཿ གསོལ་བཏབ་ཡི་གེ་བརྒྱ་པ་ལུང་ནོད་ཅིངཿ ཐུགས་སྲོག་སྔགས་ཀྱི་ཆུ་རྒྱུན་སྐུའི་དབྱིབས་བརྒྱུདཿ སྦྱོར་མཚམས་ནས་བྱུང་བདག་དང་སེམས་ཅན་གྱིཿ སྒྲིབ་གཉིས་ཉམས་ཆགས་ཉེས་ལྟུང་སྐྱོན་ཀུན་བཀྲུསཿ སྐྱོན་བྲལ་དྲི་མ་ཀུན་སྤངས་གཉེན་པོའི་སྟོབསཿ མ་ཡེངས་རྩེ་གཅིག་ལུས་ངག་ཡིད་གསུམ་སྒྲིམཿ སྤྱི་བོར་པད་དཀར་ཟླ་གདན་སོགས༴ ཡི་གེ་བརྒྱ་པ་ངག་གིས་ཤུགས་ཕྱུང་བཟླཿ ལུས་ངག་ཡིད་ཀྱིས་དཀའ་བ་དང་དུ་བླངསཿ སྒོ་གསུམ་སྒྲིབ་དག་རྟགས་མཚན་མངོན་གྱུར་པཿ ཡིད་ཆེས་ཐུགས་དགོངས་མ་རྫོགས་བར་དུ་འབདཿ དེ་ཚེ་བླ་མའི་འཛུམ་བཅས་ཞལ་སྔ་ནསཿ ད་ནི་ཁྱོད་ཀྱི་སྡིག་སྒྲིབ་ཡོངས་སུ་དགཿ འབྲས་བུས་ཐོབ་པོ་ཡི་དམ་བསྒོམ་བཟླས་འབུངསཿ ཞེས་གསུངས་བསྐྱེད་རིམ་ལྷ་ཡི་དབང་བསྐུར་ཅིངཿ རང་ཉིད་དྲང་སྲོང་ཆོས་བདུན་འདུག་སྟངས་ཀྱིསཿ སྤྱི་བོའི་བླ་མ་རྡོར་སེམས་འོད་དུ་ཞུཿ རང་ལུས་གདོས་བཅས་མ་དག་འཛིན་ཞེན་སྦྱངཿ སྟོང་གསལ་དེ་བཞིན་ཉིད་ཀྱི་ཏིང་འཛིན་ལསཿ མ་རྟོགས་འགྲོ་ལ་སྙིང་རྗེ་ཀུན་སྣང་སྒོམཿ རང་རིག་ཧཱུཾ་དཀར་གསལ་འཚེར་རྒྱུའི་ཏིང་འཛིནཿ ཁུ་རྡུལ་ཉི་ཟླའི་དབུས་བབས་འོད་གོང་བུཿ ཡོངས་གྱུར་ཐུགས་ཀྱི་བདག་ཉིད་རྡོ་རྗེ་སེམསཿ དཀར་གསལ་མཛེས་མཛུམ་དྭངས་གསལ་སྒྲིབ་གཡོགས་བྲལཿ ཕྱག་གཡས་རྡོ་རྗེ་གཡོན་པས་དྲིལ་བུ་བསྣམསཿ ཞབས་ཟུང་རྡོར་སྐྱིལ་པདྨ་ཉི་སྟེང་བཞུགསཿ ཞལ་གཅིག་སྤྱན་ཟུང་ཐུགས་རྗེས་འགྲོ་ལ་གཟིགསཿ སྣ་ཚོགས་དར་དང་རིན་ཆེན་རྒྱན་ཆ་སོགསཿ ལོངས་སྐུའི་ཆས་རྫོགས་སྣང་ལ་རང་བཞིན་མེདཿ ཐུགས་ཀར་ཟླ་སྟེང་ཧཱུཾ་ཡིག་སྔགས་ཀྱིས་བསྐོརཿ རྒྱལ་བ་མཆོད་ཅིང་དབང་དང་བྱིན་རླབས་བསྡུསཿ སླར་འཕྲོས་འགྲོ་ཀུན་བག་ཆགས་སྒྲིབ་སྦྱངས་ནསཿ ཕྱི་སྣོད་བདེ་ཆེན་འོག་མིན་མངོན་དགའི་ཞིངཿ ནང་བཅུད་སེམས་ཅན་བླ་མ་རྡོར་སེམས་སྐུཿ དྲན་རྟོག་ཆོས་ཉིད་རོལ་གར་ལམ་དུ་ཁྱེརཿ དགྲ་གཉེན་ལྷ་འདྲེ་རེ་དོགས་འཛིན་ཞེན་སྦྱངཿ གཡོ་ཐོབ་གོམ་བརྟན་མཐར་ཕྱིན་བསྐྱེད་རིམ་གནདཿ རང་རིག་མ་བཅོས་སོགས༴ ཨོཾ་ཨཱཿབཛྲ་སཏྭ་ཧཱུཾཿ སྙིང་པོའི་བཟླས་པ་ཆུ་བོའི་རྒྱུན་བཞིན་བྱཿ རྣམ་པ་གསལ་ཞིང་རྣམ་དག་དྲན་པ་དངཿ ང་རྒྱལ་མཆོག་བརྟན་རྟགས་མཚན་མངོན་དུ་གྱུརཿ བསྐྱེད་རིམ་མ་ཧཱ་ཡོ་གའི་སྙིང་པོ་སྟེཿ རྫོགས་རིམ་དབྱེར་མེད་ཆོས་འདིའི་ཁྱད་ཆོས་སོཿ བསྐྱེད་རིམ་ཞེན་པའི་ལམ་གྱི་གོལ་ས་ཆོདཿ ཟག་བཅས་སྒྱུ་མའི་ལུས་ཀྱི་འཛིན་ཞེན་དགཿ གཉིས་རྟོག་འཁྲུལ་པའི་བག་ཆགས་སྒྲིབ་སྦྱོང་ངོ་ཿ ཐུན་མཇུག་རྫོགས་རིམ་གནད་ལ་སྦྱང་བ་ནིཿ ལུས་དབུས་དབུ་རྐྱང་རོ་མའི་རྩ་གསུམ་གསལཿ སྤྱི་བོ་མགྲིན་པ་སྙིང་ཁ་ལྟེ་བ་བཞིརཿ འཁོར་ལོ་དཀར་སེར་མཐིང་དང་དམར་གྱི་མདོགཿ ཡི་གེ་བཾ་ལཾ་ཨེ་རཾ་རང་མདོག་གསལཿ རླུང་རོ་ལན་གསུམ་བུས་པས་མ་དག་སྦྱངསཿ ནམ་མཁའི་རླུང་འགུགས་བསྐྱིལ་བས་རོ་རྐྱང་བརྒྱུདཿ དབུ་མར་ཞུགས་པས་འཁོར་ལོ་སོ་སོར་ཐིམཿ འོད་ཀྱིས་རང་རང་རྩ་འཁོར་ཡོངས་ཁྱབ་ཅིངཿ བདེ་གསལ་མི་རྟོག་བརྗོད་བྲལ་ཉམས་ཀྱི་ངངཿ འབྱུང་བའི་སྒྲིབ་སྦྱོང་རྩ་རླུང་ལས་སུ་རུངཿ ཟག་པ་ཡོངས་ཟད་འོད་སྐུའི་གཞི་འཛུག་གོཿ ཨ་ནུའི་མཐར་ཐུག་རྫོགས་རིམ་དངོས་གཞིའོཿ འབྱུང་བ་སོ་སོར་གཙོར་སྟོན་ཁམས་གསོ་བཿ ནད་སྦྱོང་རླུང་གི་གནད་ཐིག་སྐབས་དང་བསྟུནཿ ཐུན་མཐར་སྣོད་བཅུད་འོད་ཞུ་ལྷ་ལ་ཐིམཿ རང་ཉིད་ཐུགས་སྲོག་ན་དཱའི་བར་དུ་ཡལཿ སྟོང་ཉིད་མ་བཅོས་རང་བབས་ངང་དུ་བཞགཿ སྤྲོས་བཅས་རྫོགས་རིམ་གནད་ཀྱི་མན་ངག་གོཿ སྡིག་སྒྲིབ་དག་ཅིང་རྫོགས་སངས་རྒྱས་ལམ་ཞུགསཿ སྤྲོས་བཅས་བསྐྱེད་རྫོགས་གཉིས་ལ་རང་བྱན་ཚུདཿ ཐུན་མིན་ལམ་གྱི་དངོས་གཞིའི་གདམས་པའོཿ ༈ བཅུ་གསུམ་བླ་མའི་རྣལ་འབྱོར་ཁྲིད་རྐང་ནིཿ ཐུགས་ནི་སངས་རྒྱས་གསུང་ནི་དམ་པའི་ཆོསཿ སྐུ་ནི་འཕགས་པའི་དགེ་འདུན་འདུས་པའི་དཔལཿ བླ་མ་ཀུན་འདུས་ཡི་དམ་དཀྱིལ་འཁོར་གཙོཿ མཁའ་འགྲོའི་རྗེ་བོ་ཆོས་སྐྱོང་སྲོག་གི་བདགཿ ངོ་བོ་ཆོས་སྐུ་རང་བཞིན་ལོངས་སྤྱོད་རྫོགསཿ ཐུགས་རྗེ་སྤྲུལ་སྐུ་དབྱེར་མེད་དགོངས་པའི་དབྱིངསཿ མི་འགྱུར་རྡོ་རྗེའི་སྐུ་སྟེ་ཀུན་འདུས་དཔལཿ རྡོ་རྗེ་སློབ་དཔོན་སངས་རྒྱས་ཉག་གཅིག་མཆོགཿ རྩ་བའི་བླ་མ་ལས་གཞན་ལོག་ན་མེདཿ དེ་ཕྱིར་ཐུགས་རྒྱུད་དགོངས་པ་རྟོགས་པའི་ཕྱིརཿ ཕྱི་ལྟར་རྣལ་འབྱོར་བསྒོམ་ཞིང་གསོལ་བཏབ་པཿ ལུས་གནད་དྲང་སྲོང་ཆོས་བདུན་ཐལ་སྦྱར་བཅསཿ དད་པའི་གཞི་ཚུགས་དམིགས་པ་གཞུར་ལ་དྲངསཿ དངོས་གཞི་བྱིན་རླབས་བླ་མའི་རྣལ་འབྱོར་ནིཿ ཨེ་མ་ཧོཿ བླ་མར་མོས་གུས་སོགས༴ གཉུག་མ་མ་བཅོས་ངང་དུ་རྗེན་པར་བཞགཿ འཁོར་འདས་ཀུན་ཀྱི་བྱེད་པོ་སེམས་ཡིན་ཏེཿ དགེ་སྡིག་རེ་དོག་ཆགས་སྡང་ཀུན་ཀྱི་གཞིཿ འཁོར་བར་འཕེན་བྱེད་ཉོན་མོངས་བསྐྱེད་པའི་རྒྱུཿ མྱང་འདས་ཐོབ་ཕྱིར་ཆོས་ཉིད་ཉམས་ཀྱི་གནདཿ དེ་ཕྱིར་རྩ་གདར་ཆོད་པ་གལ་ཆེའོཿ ཐུན་མོང་མ་ཡིན་ལམ་གྱི་དངོས་གཞི་སྟེཿ ཉམས་ལེན་གཅིག་ཆོག་ནོར་བུའི་ལུགས་སུ་བསྒྲུབཿ ཡང་གསང་ལམ་གྱི་གཞི་མ་མཆོག་ཡིན་ནོཿ ཐུན་མིན་ལམ་གྱི་རིམ་པ་ཨེ་མ་ཧོཿ ༈ ཁྲེགས་ཆོད་རིག་པ་མངོན་དུ་རྟོགས་པའི་ཐབསཿ ཐུན་མོང་ཐུན་མིན་ལམ་ལས་འཕགས་པ་ཡིཿ ཁྱད་པར་སྔོན་འགྲོའི་ལམ་གྱི་རིམ་པ་ནིཿ ཚེ་གཅིག་འབྲས་བུ་སྒྲུབ་པའི་ཁྱད་ཆོས་ཏེཿ བཅུ་བཞི་འཁོར་འདས་རུ་ཤན་འབྱེད་པ་ནིཿ ཐོག་མེད་དུས་ནས་ད་ལ་ཐུག་གི་བརཿ འདྲེས་ཤིང་གོམས་པས་འཁོར་བའི་བདེ་སྡུག་ཀུནཿ བློ་ལ་བླངས་ནས་ཐབས་ཀྱིས་ཀུན་རྟོག་སློངཿ རིགས་དྲུག་སྟངས་སྟབས་ལུས་ཀྱིས་བསྒྱུར་བ་དངཿ ངག་གི་སྒྲ་འབྱིན་སེམས་ཀྱིས་དངོས་སུ་བསམཿ ཁྱད་པར་ད་ལྟའི་ལུས་འདི་གང་གོམ་པའིཿ བག་ཆགས་གང་ཆེའི་ཀུན་རྟོག་བཙན་ཐབས་སློངཿ འཁྲི་བ་མ་ཆོད་བར་དུ་ནན་ཏན་གྱིསཿ ཕྱིན་ཆད་སྒོ་གསུམ་འཁོར་བར་མི་ལྡོག་ཕྱིརཿ ཞེན་ཆགས་གང་ཆེས་རང་ཞེ་ལྡོག་པར་བྱཿ འཁོར་བ་མ་སྤང་གནས་སུ་དག་པའི་ཕྱིརཿ མེ་ཡི་གཉེན་པོར་མེ་ཉིད་ཆས་པ་ལྟརཿ ཆགས་སྡང་གཉེན་པོར་ཆགས་སྡང་རང་གིས་གྲོལཿ སྙིང་པོ་མེད་པས་འཁོར་པའི་ཕུག་རྡིབ་བྱཿ ཞེན་པ་ཧྲིལ་གྱིས་ལྡོག་ཚེ་འབྱོངས་བའོཿ དེ་ཚེ་སངས་རྒྱས་སྲས་ཀྱི་སྤྱོད་པའང་བྱེདཿ ཐོག་མ་མེད་ནས་ད་ལ་ཐུག་གི་བརཿ སེམས་ཅན་འཁྲུལ་ཞེས་རང་ཡང་བག་མེད་ནཿ སྲོག་ལ་ཐུག་ཀྱང་སེམས་ཅན་དོན་སྒྲུབས་ཤིགཿ ཐུན་མཇུག་རྗེས་ཤེས་ངོ་བོར་ཅེར་གྱིས་བལྟཿ ཁྱད་པར་སྡོམ་འགྲོའི་ལམ་གྱི་རྩ་བའོཿ ༈ བཅོ་ལྔ་ལུས་ཀྱི་སྔོན་འགྲོའི་ཁྲིད་རྐང་ནིཿ སྤྲོས་བཅས་བུམ་པའི་དབང་གིས་ལུས་སྨིན་བྱཿ བླ་མར་རྩེ་གཅིག་གསོལ་བ་བཏབ་པ་ཡིསཿ སྐུ་ལས་འོད་ཟེར་མེ་ཡིས་རང་ལུས་བསྲེགཿ རང་ལུས་བག་ཆགས་འཛིན་པ་རྣམ་དག་པསཿ རྡོ་རྗེ་མཐིང་ནག་རྩེ་གསུམ་རབ་ཏུ་འཇིགཿ ཡར་རྩེ་གསུམ་ནི་ཚངས་པའི་གནས་སུ་ཟུགཿ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་རྣམ་གསུམ་སྟེཿ མར་རྩེ་གསུམ་ནི་དབང་ཆེན་ས་གཞིར་ཟུགཿ ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་རྟགསཿ ཡེ་ཤེས་མེ་ཡི་འོད་ཟེར་འཕྲོ་བར་བསྒོམཿ ལྟེ་བར་ཟླུམ་འཁྱིལ་ཐིག་ལེ་ཉག་གཅིག་གོཿ ལུས་ཀྱི་འཛིན་ཞེན་རབ་ཏུ་དག་ནས་ཀྱངཿ རྟག་མཚན་མངོན་དུ་མ་གྱུར་བར་དུ་འབདཿ གཟུགས་སྣང་ཅི་ཤར་རྡོ་རྗེའི་རང་བཞིན་བསྒོམཿ ལུས་ཀྱི་སྒྲིབ་པ་ཡོངས་སུ་དག་ནས་ཀྱངཿ རྡོ་རྗེའི་སྐུར་སྨིན་སྤྲུལ་སྐུའི་འབྲས་བུ་ཐོབཿ ཐོག་མར་ལུས་ཀྱི་གཞི་སྒྲུབ་རིམ་པའོཿ ༈ བཅུ་དྲུག་ངག་གི་སྔོན་འགྲོའི་རིམ་པ་ནིཿ སྤྲོས་བཅས་གསུང་གི་དབང་གིས་ངག་སྨིན་བྱཿ རྒྱས་གདབ་རྩལ་སྦྱང་མཉེན་བཙལ་ལམ་དུ་ཞུགསཿ ཐོག་མར་སྣང་བའི་ཡུལ་དུ་གྱུར་པ་ཀུནཿ རིག་པ་གཏད་ཅིང་ཧཱུཾ་ཀླུ་ཀྱུར་ཀྱུར་སྒྲོགསཿ ཐམས་ཅད་ཧཱུྃ་གི་རང་བཞིན་ལམ་ལམ་གྱུརཿ སྲིད་པའི་རྩེ་མན་ན་རཀ་དམྱལ་ཁམས་ཡནཿ སྣང་བ་ཧཱུཾ་གི་རང་བཞིན་རྒྱས་ཐེབས་ཚེཿ སྒྲར་གྲགས་ཧཱུཾ་སྒྲ་འབྲུག་སྟོང་ལྡིར་བཞིན་བསྒོམཿ སྣང་བ་རང་སྒྲར་གྲགས་ཚེ་འབྱོངས་བའོཿ དེ་ཚེ་རྗེས་ཤེས་ངོ་བོར་ཅེར་གྱིས་ལྟོསཿ ཕུང་པོར་རྒྱས་གདབ་སྣང་བའི་ཧཱུཾ་རྣམས་ཀུནཿ སྐར་ཚོགས་བསྡུས་བཞིན་བྱུང་ནས་རིམ་བཞིན་དུཿ མགྲིན་པའི་ལམ་ཞུགས་ལུས་ཀྱི་ནང་ཁེང་ཞིངཿ ཤ་ཁྲག་སྒྱུ་ལུས་ནད་གདོན་བག་ཆགས་དངཿ སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཀུན་སྦྱངསཿ ལུས་ཀུན་ཧཱུཾ་གིས་ཐེ་ཙེ་ནེ་ཙེར་གངཿ མཐར་ཉིད་ཧཱུཾ་རྡུལ་བརྩེགས་པའི་ཧཱུཾ྄་དུ་གྱུརཿ མངོན་དུ་གྱུར་ཚེ་རང་བྱན་ཚུད་པའོཿ རྒྱས་ཐེབ་རྗེས་ཤེས་རང་གི་ཐོག་ཏུ་ལྷོདཿ གཉིས་པ་རྩལ་སྦྱང་ཧཱུཾ་སྒྲ་དྲག་བརྗོད་པསཿ བླ་མའི་ཞལ་ནས་ཧཱུཾ་ཡིག་མཐིང་ནག་འཇིགཿ རྡོ་རྗེའི་ཆོས་བདུན་ངོ་བོ་ལམ་གྱིས་བྱུངཿ གློག་ལྟར་འཁྱུག་ཅིང་རང་ལུས་ཐེ་ཚལ་བཏངཿ ཐ་མལ་ལུས་ཉིད་སྟོང་པར་སྦྱང་བར་བསྒོམཿ རང་ལུས་དམིགས་མེད་གྱུར་ཚེ་རྩལ་འབྱོང་ངོཿ རྗེས་ཤེས་བལྟ་ཞིང་སྣང་བ་རྩལ་སྦྱང་བཿ རང་ལུས་ཆུ་བུར་རྡོལ་ལྟར་ཧཱུཾ་དུ་གྱུརཿ སྣང་ཡུལ་གདོས་བཅས་ཀུན་ལ་ཐོག་ལྟར་བརྒྱབཿ ཐལ་མར་ཕུག་ཅིང་རིམ་བཞིན་སྟོང་པར་སྦྱངཿ གླིང་བཞི་རི་རབ་ལྷ་གནས་དམྱལ་བ་ཡནཿ ཧཱུཾ་གི་ཐེ་ཙེ་ནེ་ཙེར་རབ་གཏོར་ཞིངཿ མཐར་ཉིད་ཐམས་ཅད་སྟོང་པའི་ངང་དུ་སྦྱངསཿ སྟོང་ཞིང་འལ་འོལ་གྱུར་ཚེ་འབྱོང་བའོཿ གཉེན་བཙལ་ལས་བྱེད་སྤྲུལ་པའི་མཁའ་འགྲོ་མཿ འོད་ཀྱི་བེར་རྒ་འདོམ་གང་བ་ཞིག་བསྒོམཿ རླུང་དང་སྦྲགས་ཏེ་ཧཱུཾ་གླུ་དལ་བུས་བླངཿ སྙིང་ཁ་ནས་བྱུང་ཧཱུཾ་གི་ཕྲེང་བ་ནིཿ རྟེན་ལ་གཡས་སྐོར་འཁྲིལ་ཞིང་ཧཱུཾ་སྔོན་མཿ རྩེ་མོར་ཏོག་བཞིན་རང་ལ་ཁ་བསྐོར་བཿ ཤེས་པ་རྩེ་གཅིག་གཏད་ཅིང་ཧཱུཾ་གླུ་ལེནཿ རྩལ་འབྱོང་ཚེ་ན་རྗེས་ཤེས་ངོ་བོར་བལྟཿ མཉེན་བཙལ་རླུང་གི་གདམས་པ་ཟབ་གནད་དོཿ ལམ་ཞུགས་རང་ལུས་ཧཱུཾ་སྔོན་ལམ་གྱིས་བསྒོམཿ སྣང་དང་བསམ་པའི་ཡུལ་ཀུན་དལ་བུས་བགྲོདཿ འབྱོང་ཚེ་རྫུན་ཕུག་རྡིབ་ཕྱིར་སྤྲུལ་བསྒྱུར་བྱཿ ཧཱུཾ་ཉིད་དཔག་ཆེན་འདའ་འཕང་ཇི་བཞིན་དུཿ སྤྲུལ་ལོངས་ཆོས་སྐུའི་ཞིང་ཁམས་ཀུན་ཉུལ་ཞིངཿ ཆོས་ཉན་དབང་ཐོབ་ས་ལམ་ཀུན་བགྲོད་ཅིངཿ རྩལ་སྦྱང་གང་ལའང་རང་བྱན་ཚུད་པའི་ཚེཿ ཧཱུཾ་དེ་བླ་མའི་ཐུགས་ཀར་འཕང་ཞིང་འདྲེསཿ དབྱེར་མེད་ངང་དུ་ཅི་གནས་མཉམ་པར་བཞགཿ ངག་གི་སྔོན་འགྲོས་རླུང་གི་སྒྲིབ་དག་སྟེཿ རྡོ་རྗེའི་གསུང་རྫོགས་ལོངས་སྐུའི་འབྲས་བུར་སྨིནཿ ཁྱད་པར་གནད་ཀྱི་མན་ངག་དམ་པའོཿ ཕྱི་ནང་ཡུལ་སྣང་ལུས་ཀྱི་འཛིན་ཞེན་དགཿ བཟང་ངན་རེ་དོགས་རྟོག་པ་མཁའ་ལ་ཡརཿ སྐུ་གསུམ་ཞིང་ཁམས་བགྲོད་པའི་གཞི་ཚུག་གོཿ ༈ བཅུ་བདུན་སེམས་ཀྱི་སྔོན་འགྲོའི་ཁྲིད་རྐང་ནིཿ སྤྲོས་བཅས་བྱིན་རླབས་ཐུགས་དབང་ཆེན་མོ་བསྐུརཿ ཐོག་མར་ལུས་ངག་ཡིད་གསུམ་གང་གཙོ་བརྟགསཿ ཡིད་ནི་འཁོར་འདས་ཉུལ་ཞིང་དགེ་སྡིག་སྤྱོདཿ ལུས་ནི་འབྱུང་བཞིའི་གཡར་ཁང་ཉིད་ཡིན་ཏེཿ ངག་ནི་རླུང་གི་རྐྱེན་ལས་བྲག་ཅ་བཞིནཿ ཡིད་ཉིད་གཙོར་སྟོན་སེམས་ཀྱི་རྩ་གདར་བཅདཿ ཡོད་པར་མཐོང་ཚེ་རྟག་ལྟའི་རྫུན་ཕུག་རྡིབཿ སྟོང་པར་མཐོང་ན་ཆགས་སྡངགང་ལས་བྱུངཿ ཡོད་མེད་མཐའ་འདས་ཀུན་རྟོག་དབང་བཙན་ནཿ དང་པོ་བྱུང་ས་བྱུང་མཁན་ལེགས་བཙལ་བསཿ དངོས་པོ་ལས་བྱུང་གཟུགས་དང་ཁ་དོག་དགོསཿ སྟོང་པ་ལས་བྱུང་བྱུང་མཁན་རྩ་གདར་བཅདཿ བྱུང་ས་བྱུང་མཁན་མ་རྙེད་ཧད་ཀྱིས་ལུསཿ དེ་ཚེ་སྐྱེ་མེད་ཆོས་སྐུར་རྟོགས་པའོཿ བར་དུ་གནས་ས་གནས་མཁན་བརྟགས་པའི་ཚེཿ ཡོད་པར་མཐོང་ན་གོང་བཞིན་རྫུན་ཕུག་རྡིབཿ གནས་ས་གནས་མཁན་རང་བཞིན་མེད་པ་ཡིཿ ཆུ་ལ་གྲུར་རྟིབ་བཞིན་དུ་གྱུར་པའི་ཚེཿ གནས་ས་མེད་པ་ལོངས་སྤྱོད་རྫོགས་སྐུར་རྟོགསཿ ཐ་མ་འགྲོ་ས་འགྲོ་མཁན་བརྟགས་པའི་ཚེཿ འགྲོ་ས་བརྟགས་པས་འགྲོ་མཁན་རང་ཡལ་ཏེཿ ཐད་ཀའི་རྣམ་རྟོག་སྣ་ཚོགས་ཆུ་བུར་བཞིནཿ འགྲོ་དང་འོང་མེད་མེད་པའང་མ་ཡིན་པསཿ བྱ་ལོང་ནམ་མཁའི་འཐའ་ཚོལ་བཞིན་ལུས་པཿ སྤྲུལ་སྐུ་འགགས་མེད་ཆུ་ཟླའི་རོལ་གར་རྟོགསཿ དེ་ནས་ཞི་གནས་ལྷག་མཐོང་ངོས་འཛིན་ནིཿ རྟོག་མེད་ལྷན་ནེར་གནས་པ་ཞི་གནས་ཏེཿ ཐོལ་གྱིས་ཤར་བ་རྣམ་པར་རྟོག་པའོཿ རང་ངོ་ཤེས་བཞིན་གྲོལ་བ་ལྷག་མཐོང་སྟེཿ ཞི་ལྷག་ཟུང་འབྲེལ་བསམ་གཏན་རྩ་བའོཿ དེ་ནས་རྣལ་དབབ་བྱ་བཏང་ཆེན་མོ་ནིཿ ལུས་ཀྱི་བྱ་སྤྱོད་ཕྱག་སྐོར་འདུག་སྟངས་སྤངསཿ དུར་ཁྲོད་མི་རོ་བཞིན་དུ་ཅི་བདེར་བཞགཿ ངག་གིས་གཏམ་དང་བཟླས་བརྗོད་རླུང་རྩོལ་བཞགཿ དབུག་གི་འབྱུང་འཇུག་ཤིན་ཏུ་དལ་བར་བསླབཿ སེམས་ཀྱིས་ཀུན་རྟོག་བསྐྱེད་རྫོགས་དད་བརྩོན་སྤངསཿ ཐད་ཀའི་ཤེས་པ་རང་བབ་ངང་དུ་བཞགཿ ཟས་དང་གཤང་ལྕི་འདོར་དང་དྲན་ཤེས་སྐྱོངཿ འདུ་ཤེས་གསུམ་ལས་གཞན་སྤང་ཞག་བདུན་བརཿ འབད་ན་རྩ་རླུང་ཐིག་ལེའི་འདུ་བ་སྙོམསཿ ཡང་དག་ལྟ་བ་རྟོགས་པའི་གཞི་ཚུག་ཅིངཿ བློ་བྲལ་ཆོས་ཟད་ཆེན་པོའི་རྟེན་འབྲེལ་འགྲིགསཿ འདི་ནི་གནད་ཀྱི་གདམས་པ་ཟབ་མོའོཿ སོར་གཞུགས་རང་ཉིད་ཁྲོ་བོ་མཐིང་ཀར་བསྒོམཿ སྟོང་གསུམ་འཇིག་རྟེན་ཁྲོ་བོ་ཁྲོ་མོས་གངཿ ཐམས་ཅད་དཔའ་བོ་དཔའ་མོས་བྲོ་གར་བསྒྱུརཿ ཧ་ཧ་ཧེ་ཧེའི་གད་རྒྱང་འབྲུག་ལྟར་ལྡིརཿ མི་མིན་སྡེ་བརྒྱད་འབྱུང་པོ་ཀུན་བརྒྱལ་ཞིངཿ སྣང་སྲིད་ཐམས་ཅད་དབང་བསྡུས་ཟིལ་གྱིས་མནནཿ ཆོས་ཉིད་ཉམས་ཀྱི་སྣང་བ་རབ་འུར་ཞིངཿ སྣང་བ་འལ་འོལ་ཕྱད་ཕྱོད་ངང་ཉིད་དུཿ རྣམ་རྟོག་འགགས་སྟོབས་ཆེ་ཞིང་བོག་ཐོན་ནོཿ རིག་པ་མངོན་དུ་གྱུར་ཚེ་འབྲས་བུའོཿ ཡིད་ཀྱི་སྒྲིབ་དག་རྡོ་རྗེའི་ཐུགས་སུ་སྨིནཿ དོན་གྱི་དབང་རྫོགས་འབྲས་བུ་ཆོས་སྐུའོཿ ཁྱད་པར་ལམ་གྱི་དངོས་གཞིའི་རིམ་པ་སྟེཿ ཡང་གསང་ཐུགས་ཐིག་ཁྱད་པར་སྔོན་འགྲོའི་ཆོསཿ ཚེ་གཅིག་བྱང་ཆུབ་སྒྲུབ་པའི་ཉམས་ལེན་འབོདཿ ༈ བཅྭོ་བརྒྱད་ལྟ་བ་རང་གྲོལ་ཁྲིད་རྐང་ནིཿ ལུས་གནད་རྣམ་པར་སྣང་མཛད་ཆོས་བདུན་ལཿ ངག་གནད་སྨྲ་བ་བཅད་ཅིང་རླུང་དལ་བསླབཿ འགྱུ་བ་སྔར་སོང་དག་གི་རྗེས་མི་གཅོདཿ མ་འོངས་ཤར་བའི་མདུན་བསུ་དང་མི་ལེནཿ ད་ལྟའི་ཤེས་པ་རང་ཐོག་ལྷོད་པ་ཡིཿ མ་བཅོས་ངང་དུ་ཅིར་གནས་མཉམ་པར་བཞགཿ དང་པོ་རྣམ་རྟོག་རི་གཟར་རྦབ་རྒོད་འདྲཿ བར་དུ་གནས་ཆ་བརྟན་ཞིང་རྩུབ་ཉམས་ཞིཿ ཐ་མ་མཉམ་བཞག་ནམ་མཁའ་ལྟ་བུ་ལཿ རྗེས་ཐོབ་སྣང་བ་རེས་འཇོག་རྐྱེན་དབང་བསྒྱུརཿ དེ་ཚེ་དབང་རབ་གཅིག་ཆར་པ་དག་ནིཿ བརྗོད་མེད་གཤིས་ཀྱི་གནས་ལུགས་འཁྲིག་ཚུད་ཅིངཿ འབྲིང་གིས་མཉམ་བཞག་ཤར་གྲོལ་དུས་མཉམ་རྟོགསཿ ཐ་མས་ཉམས་ཀྱི་ཤུན་པ་མ་དག་པརཿ བདེ་གསལ་མི་རྟོག་ས་ལམ་རིམ་གྱིས་བགྲོདཿ ནད་ཐོག་སྨན་བཞིན་ངོ་སྤྲོད་གདེང་ཚུགས་བྱཿ འབྲས་བུ་མ་ཐོབ་བར་དུ་སློབ་དཔོན་བརྟེནཿ རང་གྲོལ་གཤིས་ཀྱི་ངོ་སྤྲོད་ཐེབ་བྱའོཿ ༈ བཅུ་དགུ་བརྡ་ཡི་ངོ་སྤྲོད་ཁྲིད་རྐང་ནིཿ ཐུགས་རྗེའི་རྗེས་འཛིན་དབང་གིས་རྒྱུད་སྨིན་བྱཿ སློབ་དཔོན་སྐུ་ལ་རས་དཀར་ན་བཟའ་གསོལཿ སློབ་བུའི་ལུས་གནད་གཅུན་ཞིང་མོས་གུས་བསྐྱེདཿ སློབ་དཔོན་ཉམས་གྱི་སྣང་བའི་རྩལ་འུར་ཏེཿ ཡིད་ལ་མེད་པར་ཕཊ་ཤར་གསུམ་བརྗོད་ཅིངཿ ཕྱག་མཚན་རལ་གྲི་གླད་ལ་ལན་གསུམ་སྐོརཿ དེ་ཚེ་གཤིས་ཀྱི་གནས་ལུགས་རྩ་གདར་བཅདཿ སྨྲ་བསམ་བརྗོད་མེད་བློ་ཡིས་གཏད་སོ་བྲལཿ ཧད་དེ་ལུས་ཤིང་གཏད་མེད་རྒྱ་ཡན་པཿ ཆོས་ཉིད་རིག་པའི་གཤིས་སུ་ངོ་སྤྲད་དོཿ བདེ་གསལ་མི་རྟོག་ཉམས་ཀྱི་ཤུན་པས་བསྒྲིབསཿ ཐབས་ཀྱིས་འཛིན་ཞེན་གྲོལ་བའི་གནད་སྟོན་བྱཿ ཐོམ་མེར་ལུས་ན་སྒྲིབ་པ་མ་དག་ལྟསཿ ཚོགས་བསག་སྒྲིབ་སྦྱོང་གནད་ལ་ནན་གྱིས་འབདཿ ཉོན་མོངས་དྲག་པོ་གློ་བུར་སྐྱེས་གྱུར་ནཿ ཉམས་པར་འགྱུར་བས་ཐབས་ཀྱིས་སྤང་བར་བྱཿ རང་ངོ་ཤེས་པའི་སྐལ་ལྡན་རིགས་ཀྱི་བུཿ ཀུན་བྱེད་རྒྱལ་པོ་ཡུལ་ཕྱིར་མི་འབྲང་ཞིངཿ གང་ཤར་རང་གྲོལ་གཉུག་མའི་ངང་དུ་འཇོགཿ དེ་ཚེ་གཏད་སོ་འཛིན་པའི་བློ་ཡོད་པའིཿ སེམས་ནི་ཡུལ་ལ་ཤར་ཞིང་རྐྱེན་མི་ཐུབཿ རིག་པ་རྐྱེན་གྱིས་མི་གོས་ཞེན་པ་བྲལཿ མཐའ་བཞི་སྤྲོས་བྲལ་སྟོང་གསལ་ཆེན་པོའོཿ སེམས་དང་རིག་པའི་ལ་ཤན་འབྱེད་པ་གཅེསཿ གནད་ཀྱི་གདམས་པ་ཡིན་ནོ་ཨེ་མ་ཧོཿ ༈ ཉི་ཤུ་ཁྲེགས་ཆོད་ངོ་སྤྲོད་ཁྲིད་རྐང་ནིཿ བླ་མ་རིན་ཆེན་ཁྲི་ལ་བཞུགས་སུ་གསོལཿ སློབ་བུས་ཚོགས་བསགས་སྒྲིབ་པ་སྦྱོང་བའི་ཕྱིརཿ ཕྱི་ནང་གསང་བའི་མཆོད་པ་དཔག་མེད་བྱཿ སློབ་བུ་རེ་རེས་དགྱེས་སྐོང་ལན་བདུན་འབདཿ ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་བཤམས་ནས་ཀྱངཿ སློབ་བུས་སྐྱེ་ཕྲེང་ཆོས་ཀྱི་ཆེ་བ་བརྗོདཿ ལས་སྐལ་ལྡན་པ་དབུགས་དབྱུང་གཟེངས་བསྟོད་ཅིངཿ སྤྲོས་བཅས་དོན་དབང་ཆེན་མོས་རྒྱུད་སྨིན་བྱཿ འཛིན་པ་རང་གྲོལ་ཆོས་ཀྱི་སྔོན་འགྲོ་བཿ བྱིན་རླབས་གནད་འབེབ་རིང་མོ་འདིར་བྱ་ཞིངཿ རིག་པ་གཅེར་མཐོང་རང་ངོ་འཕྲོད་པའི་ཕྱིརཿ ཀུན་ཀྱིས་སྟོད་གཡོགས་བསལ་ཅིང་བདུད་རྩིས་བཀྲུཿ སློབ་བུའི་ལུས་གནད་རྣམ་སྣང་ཆོས་བདུན་གྱིཿ རང་ཉིད་དྲང་སྲོང་ཌཱཀྐི་མཐིང་གསལ་བསྒོམཿ མོས་གུས་བསྐྱེད་ཅིང་རིག་པ་རང་ཐོག་ལྷོདཿ བླ་མའི་དགོངས་པ་ཆོས་དབྱིངས་ངང་ཉིད་དུཿ སློབ་བུའི་སྙིང་ཁར་མཁར་བ་བཙུགས་ནས་ཀྱངཿ ཨེ་མ་ཧོཿ སེམས་འདི་བསྐྱེད་པ་མེད་ལས་སྐྱེསཿ སྐྱེས་ཙམ་ཉིད་ནས་སྐྱེ་བ་མེདཿ བག་ཆགས་གནས་པ་མེད་ལ་གནསཿ གནས་ཙམ་ཉིད་ནས་གནས་པ་མེདཿ ལས་རླུང་འགྲོ་འོང་མེད་ལ་འགྲོཿ འགྲོ་འོང་ཉིད་ནས་འགྲོ་འོང་མེདཿ ཉོན་མོངས་འགགས་པ་མེད་ལ་འགགསཿ འགགས་ཙམ་ཉིད་ནས་འགགས་པ་མེདཿ དོན་དེ་ཤེས་པར་གྱིས་ཤིག་བུཿ དེ་ནས་བླ་མའི་ཐུགས་ཀའི་ཨ་ཡིག་ལཿ ཤེས་པ་རྩེ་གཅིག་གཏད་ཅིང་བརྒྱ་རྩ་བཟླཿ སློབ་བུས་མོས་གུས་མཆི་མ་འཁྲུགས་བཞིན་བྱཿ བཅོས་མིན་གང་དྲན་གསོལ་བ་ཕུར་ཚུགས་བཏབཿ ཨ་དེ་དཔག་ཆེན་མདའ་བཞིན་སློབ་བུ་ཡིསཿ སྙིང་གར་འདྲེས་ཤིང་རིག་པ་རང་ཐོག་བཞགཿ བླ་མས་སྙིང་ཁར་སྡིག་མཛུབ་གཏད་ནས་ཀྱངཿ རིག་པ་གཅེར་མཐོང་ངོ་སྤྲོད་འདི་བཞིན་བྱཿ ཀྱེ་མ་སྐལ་ལྡན་སེམས་ཀྱི་བུཿ མ་ཡེངས་རིག་པའི་ངང་ལ་ལྟོསཿ ད་ལྟའི་ཐ་མལ་ཤེས་པ་འདིཿ ཡོད་མེད་མཐའ་བཞིའི་སྤྲོས་དང་བྲལཿ སྨྲ་བསམ་བརྗོད་དང་མཚན་མ་མེདཿ མེད་པའང་མ་ཡིན་ས་ལེ་བཿ སྟོང་ཉིད་རིག་པའི་སྙིང་པོ་ཅནཿ ཤེས་པའི་སྤྱོད་ཡུལ་ཧྲིག་གེ་བཿ སངས་རྒྱས་བཟང་པོས་ཕན་མ་བཏགསཿ སེམས་ཅན་ངན་པས་གནོད་མ་བསྐྱལཿ གདོད་ནས་ཁྱོད་དང་འདུ་འབྲལ་མེདཿ ཡེ་གྲོལ་གཉུག་མའི་གཤིས་ཡིན་ཏེཿ ངོ་མ་ཤེས་པས་འཁོར་བར་འཁྱམསཿ དེ་ལས་འཛིན་པ་ཕྲ་མོ་བཿ ངའོ་ཤར་ཞིང་ཡུལ་སྣང་བཿ བདག་ཉིད་གཅིག་པུའི་མ་རིག་པཿ དེ་ལས་བདག་གཞན་གཉིས་སུ་འཛིནཿ རྟོག་ཅིང་དཔྱོད་པར་གྱུར་པའི་ཚེཿ ལྷན་གཅིག་སྐྱེས་པའི་མ་རིག་པཿ ཡུལ་ལ་འཛིན་པའི་བློ་ཞུགས་ནསཿ དཔྱོད་བྱེད་རྟོག་ཚོགས་མང་ཤར་བཿ ཀུན་ཏུ་བརྟགས་པའི་མ་རིག་པའོཿ དེ་ལས་ཉོན་མོངས་འཁོར་བར་འཁྱམསཿ ང་ཡི་དགོངས་པ་ངོ་འཕྲོད་ཚེཿ ཞེན་མེད་མ་བཅོས་ཟང་ཁ་མཿ ཀ་དག་ཆོས་སྐུའི་དགོངས་པའོཿ རང་ངོ་ཤེས་པ་ལྟ་བ་སྟེཿ འཛིན་མེད་སྐྱོང་བ་སྒོམ་པའི་གནདཿ རྩལ་གྱི་རྣམ་རྟོག་བཟང་ངན་ཀུནཿ སྤང་བླང་བྲལ་བ་སྤྱོད་པ་སྟེཿ སངས་རྒྱས་ཐོབ་དང་འཁོར་བར་འཁྱམསཿ རེ་དོགས་བྲལ་བ་འབྲས་བུའོཿ རྩལ་ལས་ཉོན་མོངས་གང་ཤར་ཡངཿ དགག་པར་བྱ་བའང་མ་ཡིན་ཏེཿ བག་ལ་ཉལ་དུ་མི་འཇུག་པརཿ མེ་ཡི་གཉེན་པོར་མེ་བཞིན་དུཿ ཤར་ཚེ་དྲག་ཏུ་སྤེལ་ཞིང་སློངཿ དེ་ཚེ་རང་ཡལ་རྗེས་མེད་འགྲོཿ འདོད་ཆགས་བདེ་སྟོང་ཆེན་པོ་ལཿ ཞེ་སྡང་གསལ་སྟོང་འཛིན་བྲལ་བཿ གཏི་མུག་རིག་སྟོང་ཆེན་པོར་སྦྱངཿ ཕྲག་དོག་ཕྲག་དོག་ཉིད་ཀྱིས་འཇོམསཿ ང་རྒྱལ་ལྟ་བས་རང་བྱན་ཆུབཿ བག་མེད་ཡེ་དག་རིག་པའི་ངངཿ གོམ་པ་ཀློང་གྱུར་བསྒོམ་དུ་མེདཿ མེད་དོ་སྙམ་པའང་བློ་ཡིན་ཏེཿ མ་བསླད་མ་བཅོས་མི་འཛིན་པཿ ཌཱཀྐི་མ་ཡི་ཁྱད་ཆོས་སོཿ གོལ་ཤོར་ནོར་དང་འཛིན་པའི་འཕྲངཿ དངོས་གཞིའི་ལམ་གྱིས་གྲོལ་བར་འགྱུརཿ བརྩོན་འགྲུས་ཅན་གྱི་གང་ཟག་ཀུནཿ ང་དང་དགོངས་པ་མཉམ་པར་འགྱུརཿ ཨ་ལ་ལ་ཧོཿ དབང་པོ་རབ་འབྲིང་ཐ་མའི་གང་ཟག་རྣམསཿ བག་ཆགས་སྒྲིབ་པས་གཞན་དབང་གྱུར་བའི་ཕྱིརཿ སྐབས་ཀྱི་ངོ་སྤྲོད་བླ་མའི་ཞལ་ལས་ཤེསཿ ཡང་གསང་ཐུགས་ཐིག་རང་ལུགས་བླ་མེད་པཿ ཨ་མ་རྡོ་རྗེ་ཕག་མོའི་ཁྱད་ཆོས་སོཿ སྐབས་འདིར་ཌཱཀྐིའི་བྱིན་རླབས་བརྡའ་དབང་བསྐུརཿ ཚོགས་ཀྱི་འཁོར་ལོ་ཚིམ་པ་དྲུག་ཏུ་བསྐོརཿ བླ་མ་མཉེས་པར་བྱ་ཞིང་དགྱེས་པ་བསྐྱེདཿ འཁོར་བ་སྤོང་ཞིང་ཞབས་ཏོག་བསྒྲུབ་པ་ཡིཿ ཁས་བླང་བྱ་ཞིང་དགའ་བ་དཔག་མེད་སྒོམཿ ཁྱད་པར་ལམ་གྱི་དངོས་གཞི་མན་ངག་གནདཿ དང་པོའི་ལས་ཅན་ཐར་བའི་ཐེམ་སྐས་ཏེཿ བོག་འདོན་འཛིན་པ་རང་གྲོལ་མན་ངག་གནདཿ དམ་ཚིག་ཉམས་པའི་སྐྱོན་གྱིས་མ་གོས་ནཿ འདིས་ཀྱང་འོད་གསལ་བར་དོར་མཐའ་རྫོགས་ཚེཿ མཁའ་འགྲོ་དཔའ་བོའི་བསུ་མས་དག་ཞིང་ཁྲིདཿ ས་ལམ་མིག་འཕྲུལ་བཞིན་དུ་བགྲོད་ངེས་སོཿ ས་མ་ཡཿ ༈ དེ་ནས་འཛིན་པ་རང་གྲོལ་ཉམས་ལེན་ལཿ ཉེར་གཅིག་ཁྲོས་མའི་དབང་བསྡུས་ཁྲིད་རྐང་ནིཿ བླ་མར་རྩེ་གཅིག་མོས་གུས་གསོལ་བཏབ་པསཿ ཐུགས་ཀའི་འོད་ཀྱིས་བག་ཆགས་འཛིན་ཞེན་སྦྱངཿ རང་ཉིད་རྗེ་བཙུན་ཁྲོས་མ་ནག་མོའི་སྐུཿ མཐིང་གསལ་ཞལ་གཅིག་ཕྱག་གཉིས་རུས་རྒྱན་དྲུགཿ མི་མགོ་སྙིང་གི་ཕྲེང་བ་སེ་རལ་ཁཿ ཞལ་གཅིག་ཞི་ཆགས་སྤྱན་གསུམ་སྡང་མིག་བསྒྲདཿ ཕྱག་གཡས་མི་ལྤགས་གཡང་གཞི་ནམ་མཁར་ཕྱརཿ གཡོན་པས་མཆོག་ཆེན་རྐང་གླིང་རང་སྒྲ་སྒྲོགསཿ ཞབས་གཉིས་པད་ཉི་རོ་ཡི་གདན་དུ་འགྱིངཿ སྤྱི་བོར་ཕག་ཞལ་ངུར་སྒྲས་སྲིད་གསུམ་གཡོཿ ཡེ་ཤེས་དམ་ཚིག་ཤ་ཟ་མཁའ་འགྲོ་དངཿ འཇིག་རྟེན་ལས་མཛད་ཆོས་སྐྱོང་སྲུང་མའི་ཚོགསཿ སྲིད་པའི་རྩེ་མན་ན་རཀ་དམྱལ་ཁམས་ཡནཿ གཟུགས་ཅན་གཟུགས་མེད་འབྱུང་པོའི་སྡེ་ཚོགས་བཅསཿ སྔངས་སྐྲག་འདར་ཞིང་དཔའ་ཞུམ་གྱུར་པར་དམིགསཿ བསྙེན་སྔགས་བཟླ་ཞིང་མ་ཡེངས་རིག་པ་སྐྱོངསཿ བསྐྱེད་རིམ་ལྷ་ལ་་གསལ་སྣང་ཐོན་གྱུར་ཅིངཿ རྫོགས་རིམ་ནམ་མཁའ་ལྟ་བུར་བྱན་ཆུབ་ཚེཿ གཉན་འབོད་དབང་སྡུད་ཟིལ་གནོན་ཆེན་མོ་བྱཿ དེ་ཚེ་འཁུ་འཕྲིག་ཐེ་ཚོམ་རྣམ་རྟོག་དངཿ ངོ་ཚ་འཛིན་ཞེན་བློ་ངན་ལང་ལོང་སྐྱེསཿ རང་སྣང་དབང་བསྡུད་གཞན་སྣང་ཟིལ་ནོན་ཞིངཿ དགྲ་གཉེན་དགའ་སྡུག་ཆགས་སྡང་རེ་དོགས་དངཿ ལྷ་འདྲེ་གཉིས་འཛིན་སེམས་ཀྱི་ཆོ་འཕྲུལ་ཏེཿ འཛིན་པ་རང་གྲོལ་མ་སོང་དེ་སྲིད་དུཿ ལམ་འདིར་སྦྱང་པ་མཐའ་རུ་ཕྱིན་པར་བྱཿ རང་སྣང་དབང་འདུས་ཐེ་ཚོམ་མདུད་གྲོལ་ཚེཿ ཕྱི་རྐྱེན་ལྷ་འདྲེའི་རྟོག་པ་ཟིལ་གནོན་བྱཿ སྔ་མ་སྔ་རུ་ནོན་པའི་མན་ངག་གོཿ དེ་ནས་ལུས་ནི་བརྟུལ་ཞུགས་རོ་ཉལ་ཏེཿ ཅི་བདེར་བཞག་ཅིང་ངག་གིས་སྨྲ་བ་བཅདཿ སེམས་ཉིད་ནམ་མཁའི་དབྱིངས་སུ་གཏད་བྱས་ཏེཿ རྣམ་རྟོག་གང་ཤར་འཛིན་མེད་ངང་དུ་བཞགཿ དགའ་སྡུག་ལྷ་འདྲེ་གཉིས་འཛིན་རྟོག་པ་ཀུནཿ དབྱིངས་སུ་ཡལ་ཚེ་རང་སྣང་དབང་འདུས་ཤིངཿ གཞན་སྣང་ཟིལ་གནོན་གདེང་དང་ལྡན་བྱའོཿ ༈ ཉེར་གཉིས་དངོས་གཞིའི་ཉམས་ལེན་ཁྲིད་རྐང་ནིཿ ལྟ་བ་སྒོམ་པ་སྤྱོད་པ་རྣམ་གསུམ་སྟེཿ གཅིག་དྲིལ་ནམ་མཁའ་སྒོ་འབྱེད་མན་ངག་གནདཿ ལུས་ནི་དུར་ཁྲོད་རོ་བཞིན་ཅི་བདེར་བཞགཿ རླུང་གནད་སྨད་དུ་བསྐྱིལ་ཞིང་རྩ་རྒྱུད་སྦྱངསཿ ངག་གི་འཛིན་བྲལ་བག་ཡང་ཅི་དགར་སྤྱོདཿ རིག་པ་ཐད་ཀའི་ཤེས་པ་མ་བཅོས་ངངཿ རེས་འགའ་ནམ་མཁའི་དབྱིངས་སུ་གཏད་མེད་བཞགཿ ཤུགས་དྲག་རྣམ་རྟོག་གང་བྱུང་ཕཊཿཀྱིས་གཅོདཿ ཉོན་མོངས་རེ་དོགས་རྩུབ་ཅིང་འཚུབ་པའི་ཚེཿ བག་ཡངས་བཞག་ཅིང་ཧ་ཧེའི་གད་རྒྱང་སྒྲོགསཿ སྒོ་གསུམ་གློ་བུར་བདེ་སྐྱིད་ཉམས་བྱུང་ཚེཿ བླ་མ་སྙིང་དབུས་བསྒོམ་ལ་རྩ་གདར་བཅདཿ བྱིང་རྨུག་འཐིབ་ན་རིག་པ་ནམ་མཁར་གཏདཿ བཟང་ངན་རྟོག་ཚོགས་རེ་དོགས་གཉིས་འཛིན་ཀུནཿ གང་ཡང་བདག་མེད་འཛིན་པ་ཡས་སུ་བོརཿ སྤང་བླང་འཛིན་པ་བྲལ་བ་ཆོས་ཉིད་གཤིསཿ རང་གྲོལ་གཉུག་མ་གཤིས་ཀྱི་གནས་ལུགས་ཏེཿ ཁྲེགས་ཆོད་ཨ་ཏི་ཡོ་གའི་དོན་གྱི་གནདཿ གནས་ལུགས་འདྀ་ནི་དཔྱད་བྱའི་ཡུལ་ལས་འདསཿ བློ་ཡིས་གཞལ་བར་བྱ་བ་མ་ཡིན་ཏེཿ བློ་འདས་ཐ་མལ་ཤེས་པའང་རྒྱ་ཡན་པཿ འདི་ཀོ་ཁམས་གྱི་བདེ་གཤེགས་སྙིང་པོའོཿ གནད་ལ་གོམ་ཞིང་སྦྱང་བ་མཐར་སོན་ཚེཿ རྡོ་རྗེ་སློབ་དཔོན་བརྟུལ་ཞུགས་ཆེ་ལྡན་པའིཿ སློབ་བུའི་ཅི་ཡོད་བླ་མའི་ཕྱོགས་སུ་འབུལཿ མཆོད་སྦྱིན་དུར་ཁྲོད་ཉུལ་བའི་ཁས་བླང་ཞིངཿ འཛིན་པ་རང་གྲོལ་མཆོག་གི་དབང་བསྐུར་ཅིངཿ བྱིན་རླབས་མཆོག་སྩོལ་གནད་འབེབས་རིང་མོ་ཡིསཿ སྣ་དྲངས་རང་བྱུང་ཡེ་ཤེས་རང་ངོ་སྤྲདཿ སློབ་བུར་དགོངས་པའི་བྱིན་རླབས་མཆོག་འཕོས་ནསཿ འཛིན་པ་རང་གྲོལ་བྱིན་རླབས་མ་འཇུག་བརཿ ཉིན་མཚན་ཐུན་དྲུག་གཡེལ་བ་མེད་པར་འབདཿ འཛིན་པ་རང་གྲོལ་ཆོས་ཀྱི་དངོས་གཞིའོཿ རྟོགས་པའི་མན་ངག་ཟབ་མོ་ཨེ་མ་ཧོཿ ༈ ཉེར་གསུམ་ཉམས་ལེན་མཆོད་སྦྱིན་ཁྲིད་རྐང་ནིཿ དྲང་སྲོང་ཀུ་སུ་ལུ་ཡི་ཚོགས་བསགས་ནིཿ མ་དག་སྒྱུ་མའི་ལུས་འདི་གྲུབ་ནས་བཟུངཿ ཆགས་སྡང་རེ་དོག་དགེ་སྡིག་གཙང་རྩོག་དངཿ བཟང་ངན་འཛིན་པ་སྐྱེད་པར་བྱེད་པ་དངཿ བག་ཆགས་སྣ་ཚོགས་གསོག་པའི་རྐྱེན་ཡིན་ཏེཿ ཚ་གྲང་བཀྲེས་སྐོམ་བསྒྲེས་རྒུད་དོགས་པས་མནརཿ གཅེས་པར་བཟུང་བ་ལུས་ལས་གཞན་མེད་པསཿ འདི་ཉིད་མཆོད་སྦྱིན་གནད་ལ་འབད་བྱས་ཤིངཿ གཅེས་འཛིན་ཞིག་ན་འཁོར་བའི་ཞེན་པ་གྲོལཿ དེ་ཕྱིར་རྣལ་འབྱོར་པ་ཡིས་ཉམས་སུ་ལོངསཿ ཐོག་མར་གཉན་ཁྲོད་མལ་ས་ནས་ཆོད་ཕྱིརཿ ཉམས་ལེན་གདན་ཐོག་གཅིག་མ་ཞེས་བྱ་བརཿ འགྱེད་ཆེན་བཞི་ཡིས་མཆོད་སྦྱིན་འབུལ་བའི་ཐབསཿ རང་ཉིད་ཁྲོས་མ་ནག་མོར་གསལ་གདབ་ནསཿ གནས་གདོན་ལུས་གདོན་གཙོས་བྱས་སྲིད་གསུམ་གྱིཿ ལྷ་འདྲེ་བསྡུས་ཤིང་དབང་སྡུད་ཟིལ་གྱིས་མནནཿ ཚོགས་ཞིང་གསལ་གདབ་སྐྱབས་སེམས་མཎྜལ་འབུལཿ བྱིན་རླབས་གནད་འབེབ་མོས་གུས་གསོལ་གདབ་ཅིངཿ ལུས་ངག་ཡིད་ཀྱིས་སྒྲིབ་པ་སྦྱང་བའི་ཕྱིརཿ ནག་འགྱེད་ནད་གདོན་སྦྱོང་ཞིང་མཆི་བ་བསླུཿ གཉིས་པ་ཚོགས་གཉིས་ཡོངས་སུ་རྫོགས་པའི་ཕྱིརཿ དཀར་འགྱེད་བདུད་རྩིས་རྒྱ་མཚོ་ཡོངས་སྤེལ་བྱཿ གསུམ་པ་བདག་འཛིན་ཚར་གཅོད་དམར་འགྱེད་བརྩོནཿ བཞི་བ་ལན་ཆགས་སྦྱངས་ཕྱིར་ཁྲ་འགྱེད་འབདཿ ཉམས་ལེན་ཕུང་པོའི་མཆོད་སྦྱིན་ཟབ་མོ་འདིཿ ཚོགས་བསགས་མཆོད་སྦྱིན་བརྒྱ་ཡིས་དོ་ཟླ་མིནཿ རྣལ་འབྱོར་ཀུ་སུ་ལུ་པའི་ཚོགས་བསགས་ཏེཿ བསྐལ་མང་ཚོགས་ཆེན་སྐད་ཅིག་འདུམ་བྱེད་པཿ མ་ཅིག་ཡུམ་ཆེན་དགོངས་དོན་ཟབ་མོའོཿ འཚུབ་སློང་ལྷ་འདྲེ་གདུག་པའི་ཆོ་འཕྲུལ་དངཿ མགོ་སྐོར་གཟུགས་ཅན་གཟུགས་མེད་བསླུ་བྲིད་དེཿ ཚར་ཚད་དབང་བསྡུས་བྲན་ཁོལ་རྟགས་མཐོང་བཿ མཐར་ཕྱིན་འཛིན་མེད་རང་གྲོལ་གཉུག་མའི་གཤིསཿ མངོན་དུ་གྱུར་ཚེ་དུར་ཁྲོད་སྤྱོད་པ་བྱཿ འཛིན་ཞེན་ནང་གི་བདག་འཛིན་མ་གྲོལ་བརཿ ཡུལ་སྣང་བཅད་པ་འཆིང་བའི་རྒྱུ་ལས་མེདཿ ལུས་དང་སེམས་ཀྱི་འཛིན་ཞེན་ལྷའི་བུའི་བདུདཿ འཇིགས་ཤིང་སྲོག་དང་བྲལ་བ་འཆི་བདག་བདུདཿ ན་ཚ་སྡུག་བསྔལ་བསྒྲེས་རྒུད་ཕུང་པོའི་བདུདཿ འཁྲུལ་བ་རང་མཚན་འཆིང་བ་ཉོན་མོངས་བདུདཿ རྣམ་པར་གྲོལ་ཚེ་བདུད་བཞི་བཅོམ་པའོཿ བཅོམ་ཚེ་ཡུམ་ཆེན་དགོངས་དོན་མངོན་འགྱུར་ཏེཿ འགྱེད་ཆེན་བཞི་ཡིས་སྦྱིན་པའི་ཕ་རོལ་ཕྱིནཿ ལྷ་འདྲེའི་དོན་སྤྱོད་ཚུལ་ཁྲིམས་ཕ་རོལ་ཕྱིནཿ རེ་དོགས་བྲལ་བར་བཟོད་པའི་ཕ་རོལ་ཕྱིནཿ བྱང་ཆུབ་སེམས་མཆོག་བསམ་གཏན་ཕ་རོལ་ཕྱིནཿ དབྱིངས་རིག་དབྱེར་མེད་ཤེས་རབ་ཕ་རོལ་ཕྱིནཿ ཐུན་མིན་ཕྱིན་དྲུག་ལམ་མཆོག་ཟབ་མོ་སྟེཿ བཞི་བཅོམ་དྲུག་ལྡན་རྫོགས་སངས་རྒྱས་དང་མཚུངསཿ ཚེ་གཅིག་གྲོལ་བའི་མན་ངག་ཟབ་མོའོཿ འཛིན་གྲོལ་ཆོས་ཀྱི་ཉམས་ལེན་ཚོགས་གསོགས་ཐབསཿ སྤྲོས་བཅས་རྣལ་འབྱོར་པ་ཡིས་ཉམས་སུ་ལོངསཿ ༈ ཉེར་བཞི་བར་ཆད་འཛིན་གྲོལ་ཁྲིད་རྐང་ནིཿ ཕུང་པོའི་མཆོད་སྦྱིན་བདུད་ཀྱི་གཅོད་ཡུལ་གྱིཿ བོགས་འདོན་བདུད་བཞིའི་དངོས་འཛིན་ལམ་གྱི་གནདཿ ཐོག་བཅས་འབྱུང་བ་བཞི་ཡིས་གནོད་པ་དངཿ གཅན་གཟན་དུག་སྦྲུལ་དངོས་ཅན་མི་ཡི་དགྲཿ འདྲེ་གདོན་བདུད་ཀྱི་ཆོ་འཕྲུལ་དངོས་སུ་སྟོནཿ དེ་ཉིད་བརྟུལ་ཞུགས་སྤྱོད་པས་ཟིལ་མནན་བྱཿ ཐོགས་མེད་ཆགས་སྡང་རེ་དོགས་ཉོན་མོངས་པའིཿ གློ་བུར་རྐྱེན་གྱི་དབང་གྱུར་འཁྲུལ་རྟོག་སྟེཿ དེས་རྐྱེན་འཇིགས་སྣང་འཁུ་འཕྲིག་སྣ་ཚོགས་དངཿ གློ་བུར་ཡིད་མི་བདེ་ཞིང་སྙིང་རླུང་ལྡངཿ འཛིན་པའི་རྐྱེན་ཞུགས་ཐོགས་མེད་བདུད་ཡིན་ཏེཿ བྱིན་རླབས་གནད་འབེབ་སྣང་བ་གཏད་མེད་བཏངཿ དགའ་བྲོད་རང་ལ་ཡོན་ཏན་མཆོག་འཛིན་དངཿ འཇིག་རྟེན་མཁའ་འགྲོས་ཞལ་གཟིགས་ལུང་བསྟན་དངཿ འགྲོ་དོན་ཕྲིན་ལས་ལོངས་སྤྱོད་རྒྱས་པ་དངཿ ངག་ནུས་བྱིན་ཆེ་གཞན་དག་རྗེས་འཛིན་སོགསཿ དེས་རྐྱེན་སེམས་ལ་ང་རྒྱལ་སྐྱེས་པ་སྟེཿ མཆོད་སྦྱིན་དུར་ཁྲོད་ཉུལ་ཞིང་ཆགས་འཛིན་བྲལཿ རིག་པ་དབྱིངས་སུ་གཏད་ཅིང་གཡོ་མེད་ངངཿ སྙེམ་བྱེད་རྡོ་རྗེ་སློབ་དཔོན་མཛད་སྤྱོད་དངཿ ཉམས་ལེན་ཆོས་ལ་ལོག་ལྟ་ཐེ་ཚོམ་ཞུགསཿ རྡོ་རྗེའི་མཆེད་དང་དགྲ་གཉེན་བར་མའི་ཚོགསཿ ཐེ་ཚོམ་ལོག་ལྟ་དོག་པའི་རྐྱེན་དབང་གིསཿ རེ་དོགས་བདུད་ཞུགས་གྱ་གྱུའི་འཁྲུལ་དབང་ཤོརཿ དེ་ཚེ་བླ་མར་ཕུར་ཚུགས་གསོལ་བ་གདབཿ དད་དང་དམ་ཚིག་ཡིད་ཆེས་གོ་ཆ་བགོསཿ བརྟུལ་ཞུགས་ལམ་སློང་དུར་ཁྲོད་ཀུན་ཏུ་རྒྱུཿ འཇིགས་མེད་སྣང་བ་ཐོག་བརྫིས་བྱས་ན་ཆོདཿ དེ་ལྟར་བདུད་བཞིའི་བདག་འཛིན་ཆོད་པའི་ཐབསཿ རང་ལུས་མི་དམིགས་ཌཱཀྐི་ལྗང་གསལ་སྐུཿ མཁའ་ལ་འཇའ་ཚོན་ཤར་བ་ཇི་བཞིན་བསྒོམཿ གར་སྟབས་བསྒྱུར་ཅིང་གཏད་མེད་ཅི་དགར་སྤྱོདཿ ངག་གིས་སྨྱོན་པ་ཁྲོག་ལང་ལྟ་བུར་བྱེདཿ གང་ཤར་བརྗོད་ཅིང་སེམས་ཉིད་མ་བཅོས་ངངཿ གཏད་མེད་ངང་དུ་ཧཱུཾ་ཕཊ་གད་རྒྱང་སྒྲོགསཿ བདུད་བཞིའི་འཛིན་པ་རང་གྲོལ་མ་སོང་བརཿ བདག་འཛིན་ཚར་གཅོད་མན་ངག་འདི་ལ་འབདཿ འཚུབས་སློང་བྱུང་ཚེ་ཐོག་བརྫིས་བྱེད་པ་དངཿ རྣམ་རྟོག་སྐྱེས་ཚེ་ཕཊཿཀྱིས་གཅོད་པ་དངཿ ང་རྒྱལ་སྐྱེས་ཚེ་ཞེན་ལོག་སྒོམ་པ་དང་ཿ ཐེ་ཚོམ་སྐྱེས་ཚེ་བླ་མར་གསོལ་འདེབས་པཿ གནད་ཀྱི་གདམས་པའི་ཡིན་ནོ་སེམས་ལ་འཆོངསཿ དེ་ལྟར་བདུད་བཞི་དབྱིངས་སུ་གཅོད་པ་དངཿ སློང་ཚད་བསླུ་བྲིད་ཚར་ཚད་མཐར་ཕྱིན་ཚདཿ མངོན་གྱུར་གདོད་མའི་རྒྱལ་སར་དབུགས་དབྱུང་ཞིངཿ འཛིན་པ་རང་གྲོལ་ཉམས་ལེན་མཐར་ཕྱིན་ནསཿ ཁྲེགས་ཆོད་གདོད་མའི་གཞི་ལ་བྱང་ཆུབ་བོཿ བདག་འཛིན་རང་སར་གྲོལ་བའི་ས་མ་ཏིཿ ༈ ཉེར་ལྔ་བརྟུལ་ཞུགས་ལམ་སློང་ཁྲིད་རྐང་ནིཿ གཡང་གཞི་རྐང་གླིང་ཌཱ་རུ་དྲིལ་གཡེར་དངཿ གཅན་གཟན་ལྤགས་གདན་ཅོག་པུ་ཐོད་པ་བཅསཿ འོས་པའི་ཆས་རྣམས་ཐོག་མར་སྟ་གོན་བྱཿ ཐོག་མར་གཉན་ཁྲོད་མལ་ས་ནས་ཆོད་བྱཿ དེ་ནས་གཉན་དམིགས་དུར་ཁྲོད་ཀུན་རྒྱུ་ཞིངཿ བོག་འདོན་ལམ་སློང་གནད་ལ་གོམ་པའི་ཕྱིརཿ རང་ཉིད་ཁྲོས་མ་ནག་མོའི་ཏིང་འཛིན་གྱིསཿ དབང་སྡུད་ཟིལ་གནོན་བྱིན་རླབས་གནད་ལ་འབེབསཿ རང་གི་ཐུགས་ལས་གནམ་ལྕགས་རི་རབ་ནིཿ སྲ་བརྟན་གཟི་བརྗིད་འབར་བ་འཕྲོས་པ་ཡིསཿ གང་དམིགས་གཉན་སར་གནམ་ལྕགས་ཐོག་ལྟར་བབཿ གནས་གདོན་ལུས་གདོན་ལྷ་འདྲེ་གདུག་པ་ཅནཿ བཀའ་འགལ་དམ་ཉམས་མགོ་གཡོགས་མགོ་སྐོར་མཁནཿ རི་རབ་འོག་མནན་དེར་གནས་ལྷ་འདྲེ་ཀུནཿ དཔའ་ཞུམ་དད་ཅིང་གུས་པས་གནས་པར་བསམཿ དེ་ནས་ལྟ་བ་ཆོས་ཉིད་མ་བཅོས་ངངཿ བབ་ཀྱི་ངང་བཞག་གཏད་མེད་ངང་དུ་འགྲོཿ དམིགས་པའི་གཉན་ཁྲོད་དེ་རུ་སླེབ་མ་ཐགཿ དབང་བསྡུས་ཟིལ་གནོན་བརྟུལ་ཞུགས་རོ་ཉལ་བྱཿ དེ་ནས་སྣང་བ་དབང་དུ་འདུ་བའི་ཚེཿ བྱིན་རླབས་གནད་འབེབས་དངོས་གཞིའི་ཉམས་ལེན་འབདཿ ཕྱི་ནང་བདུད་བཞི་ཚར་གཅོད་འཛིན་གྲོལ་གནདཿ ཐུན་བཞིར་འགྱེད་ཆེན་བཞི་ཡི་དམིགས་པ་བཅུནཿ འཇིགས་སྣང་འཁུ་འཕྲིག་རེ་དོགས་གང་ཤར་ཡངཿ ཐམས་ཅད་སེམས་ཀྱི་རོལ་གར་ཉིད་དུ་སོམསཿ སྐབས་འགར་ཉམས་ཀྱི་སྣང་བ་འུར་བའི་ཚེཿ བདག་འཛིན་ཚར་ཆོད་གང་ཤར་ཐོགས་མེད་སྤྱོདཿ ཐོགས་བཅས་ཐོགས་མེད་དགའ་བྲོད་སྙེམ་བྱེད་བདུདཿ རྐྱེན་དབང་མི་འཆོར་ཡུམ་གྱི་དགོངས་དོན་རྟོགསཿ གཉེན་པོ་མི་བཙལ་གང་ཡང་བློ་ཡིས་བྱཿ རེ་དོགས་མི་བྱ་ཤར་གྲོལ་བཟང་ངན་མེདཿ འདྲེ་གདོན་རྟོག་པ་དབྱིངས་སུ་མ་ཆོད་ནཿ གནོད་བདུད་བླ་མར་བསྒོམས་ནས་གསོལ་བ་ཐོབཿ དབང་བཞི་བླང་ཞིང་ཐུགས་ཡིད་གཅིག་ཏུ་བསྲེཿ དེ་ཚེ་སྣང་སྲིད་བླ་མའི་རོལ་གར་རྟོགསཿ ལྷ་འདྲེ་རེ་དོགས་དབྱིངས་སུ་དག་པའི་ཚེཿ རྣལ་འབྱོར་བརྟུལ་ཞུགས་ལམ་དུ་སློང་བ་སྟེཿ འཛིན་པ་རང་གྲོལ་ཆོས་ཀྱི་འབྲས་བུའོཿ ཆོ་འཕྲུལ་ཉོན་མོངས་གང་སྐྱེས་འཚུབ་སློང་ཚདཿ རེ་དོགས་ལུང་སྟོན་སྣ་ཚོགས་བསླུ་བྲིད་ཚདཿ གུས་འདུད་དབང་དུ་འདུ་བ་ཚར་ཚད་དེཿ རང་སེམས་ཁོ་ཐག་ཆོད་པ་མཐར་ཕྱིན་ཚདཿ ཚད་བཞིས་གནད་ཀྱིས་ས་མཚམས་དབྱེ་བ་གཅེསཿ གཉན་ཁྲོད་མལ་སར་ཆོད་པའི་རྣལ་འབྱོར་ལཿ ཚད་བཞི་ཉིན་ཞག་ཕྲུག་གཅིག་དག་གིས་རྫོགསཿ དེ་ཚེ་གནས་གཞན་སྤོའམ་རང་གནས་ལྡོགཿ ཕུང་པོའི་མཆོད་སྦྱིན་ཁྲ་འགྱེད་གནད་སྨིན་པསཿ དགའ་སྟོན་བྱ་ཞིང་རང་ཉིད་ཡུམ་ཆེན་མོའིཿ ཕྱག་གཡས་གསེར་རྡོར་དང་བཅས་སྐྱབས་སྦྱིན་གྱིཿ སོར་མོའི་རྩེ་ལས་བདུད་རྩིའི་རྒྱུན་བབས་པསཿ མགྲོན་རྣམས་ཐམས་ཅད་ངོམ་ཞིང་ཚིམ་གྱུར་ནསཿ སྟོང་ཉིད་བྱང་ཆུབ་སེམས་མཆོག་རྒྱུད་ལ་སྐྱེསཿ སྐུ་བཞིའི་འབྲས་བུ་མྱུར་དུ་སྨིན་པར་བསམཿ ག་ཏེ་ག་ཏེ་བརྒྱ་རྩ་བརྒྱད་བཟླས་ཤིངཿ སླར་ཡང་ག་ཏེའི་སྔགས་དབྱངས་བསྐུལ་བ་ཡིསཿ མགྲོན་རྣམས་ཀུན་ཀྱིས་མགྲིན་གཅིག་བཟླས་པའི་མཐུསཿ ཐམས་ཅད་འཕགས་མ་ཡུམ་ཆེན་སྐུར་གྱུར་ནསཿ འཁོར་བ་དོང་སྤྲུགས་འགྲོ་དོན་མཐར་ཕྱིན་དམིགསཿ སྐབས་སུ་དངོས་འབྱོར་ཚོགས་ཀྱི་འཁོར་ལོའང་བྱཿ གཉན་ཁྲོད་གཞན་དུའང་དེ་བཞིན་བྱ་བ་སྟེཿ ཐ་མ་རྗེས་གཅོད་མན་ངག་ཟབ་མོ་ནིཿ མཐར་རྫོགས་དུས་སུ་གཉན་ཁྲོད་མལ་ས་དེརཿ ཐོ་བརྩིགས་དབུས་དེར་ཨཱཿཡིག་གིས་མཚན་པཿ རིན་ཆེན་རི་རབ་འབར་བ་ལྷུན་མཐོར་བསྒོམཿ དབུས་སུ་རིན་ཆེན་བཀོད་མཛེས་ཕོ་བྲང་ནངཿ རིན་ཆེན་པདྨ་ཉི་ཟླའི་ཁྲི་སྟེང་དུཿ རྒྱལ་བའི་ཡུམ་ཆེན་ཤེས་རབ་ཕ་རོལ་ཕྱིནཿ བཙོ་མ་གསེར་མདོག་རྡོ་རྗེའི་སྐྱིལ་ཀྲུང་བཞུགསཿ ལོངས་སྐུའི་ཆས་རྫོགས་ཞལ་དཀྱིལ་ཕྱོགས་བཞིར་གཟིགསཿ དང་པོའི་ཕྱག་གཉིས་གསེར་རྡོར་གླེགས་བམ་འཛིནཿ འོག་གཉིས་མཉམ་བཞག་དགོས་འདོད་ཀུན་འབྱུང་བའིཿ བུམ་པ་འཛིན་ཅིང་དངོས་གྲུབ་ཆར་ལྟར་འབེབཿ ལྷ་འདྲེ་དབུལ་ཕོང་སྡུག་བསྔལ་ཀུན་སེལ་ཞིངཿ ཞལ་ནས་ཆོས་ཀྱི་སྒྲ་དབྱངས་སྒྲོགས་པ་ཡིསཿ དངོས་མེད་དད་གུས་ཡེ་ཤེས་རྒྱུད་ལ་སྐྱེསཿ ཡུམ་ཆེན་ཐུགས་དགོངས་རྟོགས་ཤིང་གྲོལ་བར་དམིགསཿ དེ་ནས་གོམ་པ་བརྒྱད་ཅུ་འདས་པའི་སརཿ རང་ཉིད་རྣལ་འབྱོར་མ་ཡི་བསྒོམ་བཟླས་བྱཿ ལྷ་དང་འདྲེར་རྟོག་གཉིས་འཛིན་ཤུབས་ལས་ཐོནཿ སྤང་བླང་ཡེ་ཟད་གདོད་མའི་གཤིས་ལ་བཞགཿ དེ་ནས་རྗེས་ཐོབ་སྤྱོད་པ་གང་དགར་རོལཿ གནད་ཀྱི་མན་ངག་འཛིན་པ་རང་གྲོལ་ཆོསཿ ཉམས་བླང་ཚོགས་རྫོགས་སྒྲིབ་དག་དངོས་གྲུབ་ཐོབཿ ཁྲེགས་ཆོད་གནད་ཀྱི་གདམས་པའི་དོན་རྟོགས་ཤིངཿ སངས་རྒྱས་བཟང་པོ་ཐོབ་པའི་རེ་བ་དངཿ སྡུག་བསྔལ་འཁོར་བར་ལྷུང་བའི་དོགས་པ་གཉིསཿ ཡོངས་ཟད་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཆེཿ དཔེ་ཡི་ཡེ་ཤེས་རིག་པ་ཟང་ཁ་མཿ གང་ཤར་མི་ཞེན་ཤར་གྲོལ་དུས་མཉམ་སྟེཿ བཟང་ངན་དགེ་སྡིག་རེ་དོགས་རྣམ་གཡེངས་ཀུནཿ བཟང་ངན་མེད་དེ་ཤར་ཚེ་འཛིན་པ་བྲལཿ གོས་པ་མེད་དེ་གྲོལ་ཚེ་རྩ་བ་བྲལཿ འདི་དོན་རྟོགས་ཚེ་ཆོས་སྐུའི་དགོངས་པའོཿ རྟོགས་པའི་ཐབས་ནི་བླ་མའི་མན་ངག་སྟེཿ བོག་འདོན་ཐབས་ནི་འཛིན་པ་རང་གྲོལ་ཆོསཿ མངོན་གྱུར་འབྲས་བུ་ཐབས་ཀྱི་ལམ་མཆོག་སྟེཿ འབྲས་བུ་མ་ཐོབ་བར་དུ་འབད་པར་བྱཿ ཉམས་ལེན་གཅོད་ཀྱི་གདམས་པ་ཟབ་མོའོཿ ཡང་གསང་ཌཱཀྐིའི་ཐུགས་ཐིག་ཆེན་མོ་ལསཿ སྐལ་ལྡན་རྗེས་འཛིན་དོན་ཁྲིད་ནོར་བུའི་ལུགསཿ རིན་ཆེན་གསེར་གྱི་ཡི་གེ་ཅན་ཞེས་པཿ བདག་ཉིད་དྲི་མ་མེད་པའི་དགོངས་དོན་ཏེཿ ཁྲིད་རྐང་ཉེར་ལྔ་ཡིད་བཞིན་ནོར་འདྲའི་ཆོསཿ སྐལ་མེད་ལོག་ལྟ་ཅན་ལ་གུ་ཧྱ་རྒྱཿ སྐལ་ལྡན་དབང་རབ་ཐེ་ཚོམ་བྲལ་བ་རྣམསཿ འདི་ཡི་ལམ་གྱིས་འབྲས་བུ་མ་ཐོབ་ནཿ ང་ཉིད་བདེན་པར་སྨྲ་བས་ཁྱོད་བསླུས་སོཿ དེ་ཕྱིར་གཅེས་པར་ཟུང་ལ་ཉམས་སུ་ལོངསཿ དངོས་གཞིའི་ང་དང་དགོངས་པ་མཉམ་པར་ངེསཿ ༈ མཐིང་ཤོག་གསེར་གྱི་ཡི་གེ་ཅནཿ ངོ་མཚར་བརྡ་རིས་ལས་ཕབ་བཞིནཿ དྲི་མ་མེད་པས་དག་པར་བགྱིསཿ རིག་པའི་ཁྱེའུས་ལེགས་པར་བྲིསཿ འདི་ལ་ཐེ་ཚོམ་མི་དགོས་སོཿ བཀའ་འདི་སྔགས་ཀྱི་སྲུང་མ་དངཿ སྤུ་གྲི་མཆེད་གསུམ་ལག་ཏུ་གཏདཿ ཐུབ་པར་སྲུངས་ཤིག་དམ་ཚིག་རྒྱཿ གཏེར་བདག་དྲག་རྩལ་ཁྱོད་ལ་གཏདཿ སྐལ་མེད་ལོག་ལྟ་ཅན་དག་དངཿ བཀའ་རྐུན་ལག་ཏུ་ཤོར་གྱུར་ནཿ ཁྱེད་ཅག་སྲོག་སྙིང་འགས་ཏ་རེཿ དེ་ཕྱིར་སྙིང་ལས་གཅེས་པར་སྲུངསཿ ས་མ་ཡཿ རྒྱ་རྒྱ་རྒྱཿ ཁ་ཐཾཿ ལེའུ་དང་པོའོཿ དགེའོ། །དགེའོ། །དགེའོ།། །།༄༅། །དེ་ནས་ནང་ལྟར་རུ་ཤན་བྱ་བ་ལཿ རིགས་དྲུག་འཕེན་བྱེད་དུག་ལྔའི་ས་བོན་དང་ཿ བག་ཆགས་ལུས་ཀྱི་འཛིན་པ་སྦྱོང་བའི་ཕྱིརཿ རང་རིག་ཡེ་ཤེས་མཁའ་འགྲོ་མཐིང་གསལ་ལཿ བག་ཆགས་སྐྱོན་གྱིས་མ་གོས་རྒྱན་སྤངས་ཤིངཿ ནུ་འབུར་བྷ་ག་ལང་ཚོ་རབ་ཏུ་རྒྱསཿ ཉོན་མོངས་ཟ་ཕྱིར་ཤིན་ཏུ་ཁྲོ་གཏུམ་རྔམསཿ རང་ལུས་རྣམ་ཤེས་དང་བཅས་ཚང་བ་ཡིཿ གཏི་མུག་ཤ་དང་ཞེ་སྡང་རུས་པ་སྟེཿ འདོད་ཆགས་ཁྲག་དང་ང་རྒྱལ་དྲོད་ཀྱི་ཁམསཿ ཕྲག་དོག་རླུང་སོགས་ས་བོན་བག་ཆགས་གནསཿ རྟེན་གཞི་སྙིང་གི་རྩ་འཁོར་ལས་མཆེད་ཅིངཿ བག་ཆགས་སྣང་གཟུགས་ལུས་ཀུན་ཁྱབ་པ་སྟེཿ ཉིན་གྱི་ཉོན་མོངས་མཚན་གྱི་ཉིང་འཁྲུལ་སྤེལཿ བག་ཆགས་འཁོར་བར་འཕེན་པའི་རྒྱུ་ཡིན་ཏེཿ དེ་ཉིད་སྦྱོང་ཕྱིར་རང་རིག་མཁའ་འགྲོ་མསཿ རང་ལུས་དུག་ལྔ་ཤ་ཁྲག་རུས་དྲོད་དབུགསཿ ཀུན་གཞི་བག་ཆགས་དང་བཅས་ལྷག་མེད་དུཿ བཞད་སྒྲ་དང་བཅས་ཟོས་ཤིང་རང་ལུས་ཀྱིཿ ཡེ་ཤེས་མེ་རླུང་ཆུ་ཡིས་རྣམ་པར་སྦྱངསཿ ཡེ་ཤེས་འོད་ལྔ་འཁྱིལ་བས་ལུས་གང་ཞིངཿ རླུང་གནད་སྨད་བསྐྱིལ་རིག་པ་རང་བབ་བཞགཿ མཉམ་བཞག་སད་ཚེ་ཧ་སྒྲ་གསུམ་གྱི་མཐརཿ སྣང་བ་གདོང་འདེད་གང་དགར་སྤྱོད་པའོཿ འདི་ནི་གནད་ཀྱི་གདམས་པ་ཟབ་མོ་སྟེཿ གནས་སྐབས་སྒོ་གསུམ་ནད་གདོན་བག་ཆགས་སྦྱོངཿ སྒྲིབ་པ་ཡོངས་དག་མཐར་ཐུག་འོད་སྐུར་གྲོལཿ འཁོར་བར་འཕེན་བྱེད་སྒོ་གསུམ་འཛིན་ཞེན་དགཿ ཉོན་མོངས་ཡེ་ཤེས་རུ་ཤན་འབྱེད་པ་སྟེཿ དྲང་སྲོང་མཁའ་འགྲོའི་གདམས་པ་ཟབ་མོའོཿ སྙན་རྒྱུད་ཡི་གེ་མེད་པའི་སྐོར་རོཿ ཿ