DKYD-KABUM-02-KHA-035: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
Line 7: Line 7:
|author=Mdo mkhyen brtse
|author=Mdo mkhyen brtse
|authortib=མདོ་མཁྱེན་བརྩེ་
|authortib=མདོ་མཁྱེན་བརྩེ་
|citation=
|sourcerevealer=Mdo mkhyen brtse
|sourcerevealertib=མདོ་མཁྱེན་བརྩེ་
|tibgenre=
|terma=Yes
|cycle=gcod 'dzin pa rang grol
|cycletib=གཅོད་འཛིན་པ་རང་གྲོལ་
|language=Tibetan
|volnumtib=༢
|volyigtib=ཁ
|language=Tibetan
|language=Tibetan
|pagestatus=Temporary stub only
|pagestatus=Temporary stub only

Revision as of 11:22, 17 June 2024

Wylie title
Location mdo mkhyen brtse bka' 'bum
Volume 2, Text 35, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre
Cycle གཅོད་འཛིན་པ་རང་གྲོལ་ (gcod 'dzin pa rang grol)
[edit]
༅། །ཙི ཏྟཾ ཏི ལ ཀ མ ང྄གྲ ཧ ནཾ སྭོ ྅ ཀྵ རཱ ཏྒོ ཊི ཀ སྨཾ ཧ རཱོ ྅ ཎ བི དྷ ཿ ཧྨོ ལཾ སིདྡྷ སྨ མུད ཡོ ཏི སྨ། །༄༅། །ཐུགས་ཐིག་འཛིན་པ་རང་གྲོལ་ལསཿ མཐའ་སྡུད་རྗེས་ཆོག་དངོས་གྲུབ་ཀུན་འབྱུང་བཞུགསཿ

«༄༅། །ཿནྟཐ྅྅྅ཡེ་ཤེས་དབྱིངས་ཀྱི་ཌཱཀྐི་མརཿ བུ་པས་འདུད་དེ་དངོས་གྲུབ་སྩོལཿ ཡང་གསང་འཛིན་པ་རང་གྲོལ་གྱིཿ མཐའ་སྡུད་རྗེས་ཆོག་རིམ་པ་ནིཿ དེ་ཡང་རྣལ་འབྱོར་རང་འབྲིང་མཐའཿ རབ་ལ་སློང་ཚད་ཆོ་འཕྲུལ་སོགསཿ ཕྲན་བུ་ཙམ་ལས་བྱེད་མི་ནུསཿ ཚར་ཚད་ཆོད་ཚད་ཡིད་ཆེས་འབྱུངཿ འབྲིང་ལ་ཐོག་མར་འཚུབ་སློང་ལྡངཿ» «དེ་ཉིད་ཞི་ཚེ་ཚར་ཚད་རྫོགསཿ ཐ་མར་གསུམ་ག་འདྲེས་མ་ཡིཿ ཡིད་བརྟན་མི་རུང་སྣ་ཚོགས་དངཿ ཡང་ན་སློང་དང་ཆོ་འཕྲུལ་ལ་སོགསཿ ཤིན་ཏུ་བྱིང་ཆེ་ནོན་དཀའ་ཙམཿ གང་ལའང་འཇིགས་མེད་དཔའ་གདེངས་བསྐྱེདཿ ཞལ་རྒྱུན་མན་ངག་གདེངས་ལྡན་ཞིངཿ ཟིལ་གནོན་མཆོད་སྦྱིན་དྲག་གཅོད་སོགསཿ དམིགས་པས་གཟེར་ཐོབས་མོས་གུས་དངཿ ཡང་དག་ལྟ་བའི་གདེངས་ཆེན་ལྡནཿ ཚད་སློང་མཐའ་རུ་ཕྱིན་འགྱུར་ཞིངཿ སངས་རྒྱས་ཐོབ་པའི་རེ་བ་དངཿ འཁོར་བར་འཁྱམས་ཀྱི་དོགས་པ་གཉིསཿ ལྷ་ལ་དངོས་གྲུབ་རེ་བ་དངཿ འདྲེ་གདོན་གནོད་འཚེ་དོགས་པ་བཅསཿ རོ་དོགས་དབྱིངས་སུ་ཟད་པ་ནིཿ མཉམ་ཉིད་ཚོད་ཚད་ཆེན་མོའོཿ སློང་ཚད་ཆོད་ཚད་མཐར་ཕྱིན་ནསཿ ལྷ་འདྲེའི་འགྲོ་དོན་སྤྱད་པ་ནིཿ» ཕཊཿ མདུན་མཁར་བཞུགས་པའི་ཚོགས་ཞིང་ལྷ་རྣམས་ཀྱིཿ སྐུ་ལས་བྱིན་རླབས་བདུད་རྩིའི་རྒྱུན་བབས་པསཿ བདག་ཉིད་ཁྲོས་མ་ནག་མོ་གནས་གྱུར་ཞིངཿ འགྲོ་འདུལ་སྙིང་རྗེའི་རང་གཟུགས་སྤྱན་རས་གཟིགསཿ དཀར་གསལ་དུང་མདོག་དུང་གི་རོ་བོ་ལཿ ཉི་མ་བྱེ་བས་འཁྱུད་ལྟའི་གཟི་འོད་འབརཿ ཞི་བའི་ཉམས་ལྡན་དར་དང་རིན་ཆེན་བརྒྱནཿ ཞལ་གཅིག་ཕྱག་གཉིས་ཞབས་ཟུང་སེམས་དཔའི་སྐྱིལཿ སེམས་ཉིད་ངལ་བསོའི་བཞུགས་སྟངས་ཕྱག་རྒྱ་མཛདཿ སེམས་དཔའ་ཆེན་པོ་སྤྲུལ་པའི་སྐུ་རུ་སྣངཿ གནས་གདོན་ལུས་གདོན་བགེགས་རིགས་ལན་ཆགས་མགྲོནཿ ཕ་མར་གྱུར་པའི་རིགས་དྲུག་སྙིང་རྗེའི་མགྲོནཿ ཁམས་གསུམ་འཁོར་བར་འཁྱམས་པའི་འགྲོ་རྣམས་ལཿ སྐུ་ལས་ཡེ་ཤེས་བདུད་རྩི་ཕྱག་སོར་ལསཿ བབ་ཅིང་མགྲོན་རྣམས་ཁྲུས་བྱས་སྡིག་སྒྲིབ་དངཿ ཁོང་ཁྲོ་ཞེ་སྡང་གནོད་སེམས་གདུག་རྩུབ་ཀྱིཿ དྲི་མ་ཀུན་དག་རེ་ལྡན་བདུད་རྩི་ལཿ ལོངས་སུ་སྤྱོད་པས་ཐམས་ཅད་ངོམས་ཤིང་ཚིམཿ བྱང་ཆུབ་སེམས་ཀྱི་མྱུ་གུ་ཡོངས་སྨིན་ཞིངཿ བྱམས་དང་སྙིང་རྗེ་དགའ་བ་བཏང་སྙོམས་བཞིཿ རྒྱུད་ལ་སྐྱེས་ནས་ཐར་པའི་ས་བོན་ཐེབསཿ བདག་དང་ཚོགས་ཞིང་ལྷ་ཚོགས་ཞལ་མཐོང་ཞིང་ཿ མོས་གུས་དད་པ་བརྟན་པོའི་མྱུ་གུ་འཁྲུངསཿ དགེ་ལ་རྗེས་སུ་ཡི་རངས་ཆོས་ཉན་བསྒོམཿ «ཡི་གེ་དྲུག་མ་བརྒྱ་རྩ་བཟླསཿ» ཕཊཿ ཀྱེ་མ་འདིར་འདུས་སྣང་སྲིད་ལྷ་འདྲེའི་གཙོསཿ མར་གྱུར་མཁའ་མཉམ་སེམས་ཅན་ཐམས་ཅད་ཀུནཿ སེམས་ཉིད་བདག་མེད་བདག་ཏུ་བཟུང་བ་དངཿ སྣང་བ་གཞན་མེད་གཞན་བཟུང་འཁྲུལ་སྣང་གིསཿ གཉེན་དང་ཉེ་དུ་སྒྱུ་མའི་ནོར་ལ་ཆགསཿ ཕ་རོལ་དགྲ་གདོན་འདུ་ཤེས་ཞེ་སྡང་བསྐྱེདཿ གཉིད་དང་བྱིང་རྨུག་ཐར་པའི་ལམ་ལ་རྨོངསཿ འཁྲུལ་སྣང་ཡིན་པར་རློམ་པའི་ང་རྒྱལ་ཞིངཿ བསོད་ནམས་ཡོན་ཏན་ལྡན་ལ་ཕྲག་པར་དགཿ སྐྱབས་ཡུལ་དམ་པའི་ཆོས་ལ་ལོག་པར་བལྟསཿ ཉོན་དྲུག་རྐྱེན་གྱིས་སྡིག་པར་སྤྱོད་པའི་འབྲསཿ དམྱལ་བ་ཚ་གྲང་བཙོ་བསྲེགས་བཅད་གཏུབས་ནོནཿ ཡི་དྭགས་ཉམ་ཐག་བཀྲེས་སྐོམ་ཟུག་རྔུས་མནརཿ དུད་འགྲོ་གླེན་ལྐུགས་བླུན་རྨོངས་སྲོག་དང་བྲལཿ མཁའ་རྒྱུའི་འབྱུང་པོ་བར་དོའི་འགྲོ་བ་རྣམསཿ གནས་སྐབས་ཕྱིན་ཅི་ལོག་བཞིའི་སྣང་བ་དང་ཿ ཚ་གྲང་དབུལ་ཕོངས་བཀྲེས་སྐོམ་འཇིགས་སྐྲག་སྡངསཿ ཁོང་ཁྲོ་གཞན་གནོད་བསམ་སྦྱོར་ངན་པའི་མཐུསཿ ཕྱིས་ནས་ངན་སོང་གསུམ་དུ་ཉམ་ཐག་མནརཿ སྡུག་བསྔལ་ལས་ལ་སྤྱོད་པ་སྙིང་རེ་རྗེཿ ད་ནི་བླ་མ་རྩ་གསུམ་ལྷ་ཚོགས་དངཿ བདག་ཉིད་སྡུག་བསྔལ་ནད་སེལ་སྨན་པའི་མཆོགཿ འཕགས་མཆོག་སྤྱན་རས་གཟིགས་ཀྱི་ཞལ་མཐོང་བཿ སྐྱེ་སྔོན་རྣམ་དཀར་འབྲས་བུ་དུས་སྨིན་ནཿ དད་པའི་ཤུགས་བསྐྱེད་ཟབ་མོའི་ཆོས་ལ་ཉོནཿ སྔར་བྱས་སྡིག་ལ་འགྱོད་སེམས་དྲག་པོ་དངཿ ཕྱིན་ཆད་སྡོམ་སེམས་ཀུན་ལ་སྙིང་རྗེ་བསྐྱེདཿ རྒྱལ་བ་ཉི་མའི་གཉེན་གྱིས་འདི་སྐད་གསུངསཿ སྲོག་གཅོད་བརྣབ་སེམས་གནོད་སེམས་ལོག་ལྟ་སྤོངསཿ སངས་རྒྱས་ཆོས་དང་དགེ་འདུན་སྐྱབས་སུ་འཛིནཿ སེམས་ཅན་ཕ་མར་ཤེས་པའི་སྙིང་རྗེ་བསྐྱེདཿ ཀུན་ལ་སྨན་པའི་བསམ་སྦྱོར་དང་དུ་ལོངསཿ ལུས་ངག་ཡིད་གསུམ་ཞི་དུལ་དྲང་པོར་གནསཿ སྡིག་སེམས་སྤོངས་ལ་དགེ་བློ་མ་བྲལ་ནཿ སངས་རྒྱས་བསྟན་པ་འཛིན་པའི་གང་ཟག་ཡིནཿ ལུས་ཀྱི་སྡོམ་པ་སྲོག་གཅོད་རྐུ་འཕྲོག་བརྡུངཿ ངག་གི་སྡོམ་པ་ཚིག་རྩུམ་ཕྲ་མ་རྫུནཿ ཡིད་ཀྱི་སྡོམ་པ་ཐེ་ཚོམ་ལོག་ལྟ་ཁྲོཿ སྤང་དང་སྡུག་བསྔལ་ཀུན་ལས་རྣམ་པར་གྲོལཿ འཁོར་འདས་ཀུན་གྱི་བྱེད་པོ་སེམས་ཡིན་ཏེཿ དགེ་སྡིག་རྒྱུ་དང་འབྲས་བུ་བསྐྱེད་པའི་གཞིཿ འཁྲུལ་སྣང་རྨི་ལམ་སྒྱུ་མ་ཇི་བཞིན་དུཿ ཤེས་པར་གྱིས་ལ་སེམས་ཀྱི་གནས་ལུགས་སྐྱོངསཿ «ཞེས་བརྗོད་ཆོས་ཉིད་བསྲེ་ཞིང་མཉམ་པར་བཞགཿ »ཕཊཿ སླར་ཡང་བདག་དང་ཚོགས་ཞིང་ལྷ་རྣམས་ཀྱིཿ སྐུ་ལས་འོད་འཕྲོས་མགྲོན་རིགས་ཀུན་ལ་ཕོགཿ སྒོ་གསུམ་བག་ཆགས་དྲི་མ་ཀུན་དག་ནསཿ སྡུག་བསྔལ་ཀུན་བྱང་བདེ་ཆེན་མཆོག་ཐོབ་ཤོགཿ མ་གཅིག་ཡུམ་ཆེན་གདུལ་བྱར་འགྱུར་བར་ཤོགཿ ཕཊཿ བདག་གི་དུས་གསུམ་བསགས་པའི་དགེ་ཚོགས་དངཿ དེ་འབྲས་སངས་རྒྱས་བྱང་ཆུབ་སེམས་ཀྱི་ཁམསཿ ལྷ་འདྲེའི་གཙོར་བྱས་མགྲོན་རིགས་མ་ལུས་པའིཿ རྒྱུད་ལ་སྨིན་ཅིང་ཁྱེད་ཅག་སྡིག་སྒྲིབ་དངཿ ཉེས་ལྟུང་དྲི་མ་སྡུག་བསྔལ་བ་ཆགས་ཀུནཿ བདག་ལ་ཐིམ་ཞིང་ལན་ཆགས་སྙིང་རྗེའི་མགྲོནཿ ཐམས་ཅད་རྗེ་བཙུན་སྒྲོལ་མའི་སྐུར་གྱུར་ནསཿ ཁམས་གསུམ་རིགས་དྲུག་དག་པའི་ཞིང་དུ་གྱུརཿ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱཿ «བརྒྱ་རྩ་བརྒྱད་བཟླས་དག་པ་རབ་འབྱམས་བསྒོམཿ སླར་ལན་ཆགས་སྙིང་རྗེའི་མགྲོན་རྣམས་ཀུནཿ སོ་སོའི་གནས་སུ་གཤེགས་སུ་གསོལ་བྱ་བ་ནིཿ »ཕཊཿ བཀའ་བརྒྱུད་བླ་མ་མཆོག་གསུམ་ཡི་དམ་ལྷཿ མ་ཚོགས་མཁའ་འགྲོ་རྒྱ་མཚོའི་བྱིན་རླབས་ཀྱིསཿ ཀུན་ཀྱང་བྱང་ཆུབ་སེམས་ཀྱི་རྒྱུད་བརླན་ནསཿ རིགས་དྲུག་སྙིང་རྗེའི་མགྲོན་དུ་གྱུར་པ་རྣམསཿ འཁྲུལ་པ་རྣམ་དག་རང་གནས་བདེ་ཆེན་ཞིངཿ འཛད་མེད་གཏེར་ཆེན་ལོང་སུ་སྤྱོད་པར་གཤེགསཿ བགེགས་རིགས་ལན་ཆགས་མགྲོན་དུ་གྱུར་རྣམས་ཀྱངཿ གདུག་རྩུབ་གཞན་གནོད་རྩ་བ་ཡོངས་སྟོང་ཞིངཿ སྡུག་བསྔལ་འཁྲུལ་པའི་སྣང་བ་རང་སར་ཞིགཿ གཞན་ཕན་སྙིང་རྗེ་ཆེན་པོས་རྒྱུད་བརླན་ཞིངཿ བླ་ན་མེད་པའི་འབྲས་སུ་མ་ཐོབ་པརཿ ས་ལ་སྤྱོད་པའི་རིག་འཛིན་གནས་རྣམས་སུཿ སྣ་ཚོགས་སྤྲུལ་པས་འགྲོ་དོན་སྤྱོད་པའི་དྲུང་ཿ རྫོགས་ལྡན་གསར་བའི་དགའ་སྟོན་སྤྱོད་ཕྱིར་གཤེགསཿ ལོག་སྨོན་ཉམས་པའི་རྐྱེན་གྱིས་གོས་པ་ཡིཿ འབྱུང་པོ་གང་དག་ཞི་བས་མི་འདུལ་ཀུནཿ འཁྲུལ་པ་རང་མཚན་ལས་ཀྱི་གཤིན་རྗེའི་དྲུངཿ ལས་མཁན་འབར་མའི་ཚོགས་ཀྱིས་དེད་ལ་སོངཿ སརྦ་ལོ་ཀ་གཙྪ་གཙྪཿ ཕཊཿ ཕཊཿ ཕཊཿ སླར་ཡང་རིག་པ་ཆུ་ལས་ཉ་འཕར་ལྟརཿ མ་གཅིག་གསང་བ་ཡེ་ཤེས་ལམ་གྱིས་གསལཿ ཐུགས་ལས་སྤྲུལ་པའི་མཆོད་པའི་ལྷ་མོ་ནིཿ དཔག་མེད་ནམ་མཁའ་གང་བར་རབ་སྤྲུལ་ཏེཿ དཀོན་མཆོག་སྲིད་ཞུ་མགོན་པོ་ཡོན་ཏན་གྱིཿ མགྲོན་གྱུར་ཚོགས་ཞིང་ལྷ་ཚོགས་ཐམས་ཅད་ལཿ འདོད་པའི་ཡོན་ཏན་ལྔ་ལྡན་ཟག་མེད་ཀྱིཿ ཀུན་ཏུ་བཟང་པོའི་མཆོད་སྤྲིན་སྤྲུལ་ཏེ་འབུལཿ བཞེས་ནས་ཐུགས་ཀྱི་དགོངས་པ་ཡོངས་སུ་རྫོགསཿ ཡང་དག་བདེ་ཆེན་ཡེ་ཤེས་བསྐྱེད་པར་མཛོདཿ སརྦ་པཱུ་ཙ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་པཱུ་ཛ་ཧོཿ «ཞེས་མཆོད་ཅིང་བསྟོད་ལ་གསོལ་བ་འདེབསཿ »ཕཊཿ ཆོས་དབྱིངས་མི་འགྱུར་དོན་གྱི་འོག་མིན་ནཿ བཞུགས་པའི་སྐུ་གསུམ་རྒྱལ་བ་སྲས་དང་བཅསཿ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཚོགསཿ གསང་གསུམ་ཡོན་ཏན་རྗེས་སུ་དྲན་པས་བསྟོདཿ མ་གཅིག་ཆོས་སྐུ་རྒྱལ་བ་ཡུམ་ཆེན་མོཿ དམ་པ་རྒྱ་གར་ཁྲོས་མ་ལྷ་ལྔ་མཿ ཀུན་འདུས་ངོ་བོ་བླ་མ་ཡབ་ཡུམ་ལཿ རྩེ་གཅིག་གུས་པའི་ཡིད་ཀྱིས་གསོལ་བ་འདེབསཿ གང་ལ་གང་འདུལ་ཚོགས་ཞིང་དཀྱིལ་འཁོར་ལྷཿ མཐུ་སྟོབས་འོད་ཟེར་གཟི་བརྗིད་སྤུངས་སེ་སྤུངཿ ཐུགས་བསྐྱེད་ཐུགས་དམ་བསྐུལ་ལོ་བརྩེར་དགོངས་ཤིགཿ« བསྡུ་རིམ་བྱིན་འཇུག་རིམ་པ་ནིཿ »ཕཊཿ ཚོགས་ཞིང་ལྷ་ཚོགས་འོད་ཕུང་ལྡེམས་སེ་ལྡེམཿ གཅིག་ལ་གཅིག་ཐིམ་རྩ་བའི་བླ་མར་བསྡུསཿ དེ་ཡང་ཕ་གཅིག་དམ་པ་ནག་པོ་དང་ཿ ཁྲོས་མ་ལྷ་ལྔའི་རྣམ་པར་བསྡུས་པ་ལཿ ལྷ་ལྔའི་ཐུགས་ལས་འོད་ཟེར་འཕྲོས་པ་ཡིསཿ འཁོར་འདས་ཀུན་གྱི་དྭངས་བཅུད་འོད་དུ་དྲངསཿ གར་སྟབས་ཁྱུག་ཁྱུག་རང་གི་ཚངས་བུག་ནསཿ ཞུགས་ཤིང་གནས་ལྔར་འོད་ཀྱི་གོང་བུ་ཡིཿ རྣམ་པར་གནས་ཤིང་སྙིང་གའི་ཁྲོས་ནག་མའིཿ ཐུགས་ཀར་ཚེ་བསོད་བཅུད་ཀྱི་དྭངས་མར་དྲིལཿ མི་འཇིགས་རྡོ་རྗེའི་སྲོག་ལ་དབང་ཐོབ་གྱུརཿ ཕཊཿ ཀྱེ་མ་མ་གཅིག་ཡེ་ཤེས་མཁའ་འགྲོ་མཿ དབུས་ཕྱོགས་སངས་རྒྱས་རིགས་ཀྱི་ཌཱཀྐིའི་གཙོཿ ཁྲོས་མ་ནག་མོ་ཆོས་ཉིད་ཉམས་དང་ལྡནཿ སྙིང་ག་ཆོས་ཀྱི་འཁོར་ལོའི་གཞལ་ཡས་སུཿ ཆོས་དབྱིངས་ཡེ་ཤེས་ངང་དུ་རྟག་བཞུགས་པཿ འདུ་འབྲལ་མེད་པར་བྱིན་གྱིས་བརླབ་ཏུ་གསོལཿ ཕཊཿ ཀྱེ་མ་མ་གཅིག་རྡོ་རྗེ་མཁའ་འགྲོ་མཿ ཤར་ཕྱོགས་སྐུ་ཡི་རིགས་ཀྱི་ཌཱཀྐིའི་གཙོཿ བདེ་ཆེན་དཀར་མོ་ཞི་བའི་ཉམས་དང་ལྡནཿ སྤྱི་བོའི་྅྅྅ཆེན་འཁོར་ལོའི་གཞལ་ཡས་སུཿ མེ་ལོང་ཡེ་ཤེས་ངང་དུ་རྟག་བཞུགས་ལཿ འདུ་འབྲལ་མེད་པར་བྱིན་གྱི་བརླབ་ཏུ་གསོལཿ ཕཊཿ ཀྱེ་མ་མ་གཅིག་པདྨ་མཁའ་འགྲོ་མཿ ནུབ་ཕྱོགས་གསུང་གི་རིགས་ཀྱི་ཌཱ༴ དམར་མོ་སྒྲ་སྒྲོགས་དབང་གི་ཉམས་དང་༴ མགྲིན་པ་ལོངས་སྤྱོད་འཁོར་ལོའི་གཞལ་ཡས༴ སོར་རྟོག་ཡེ་ཤེས་ངང་དུ༴ འདུ་འབྲལ་མེད་པར་བྱིན༴ ཕཊཿ ཀྱེ་མ་མ་གཅིག་རིན་ཆེན་མཁའ་འགྲོ་མཿ ལྷོ་ཕྱོགས་ཡོན་ཏན་རིགས་ཀྱི་ཌཱ༴ སེར་མོ་དོན་གྲུབ་རྒྱས་པའི་ཉམས༴ ལྟེ་བ་སྲུལ་པའི་འཁོར་ལོའི༴ མཉམ་ཉིད་ཡེ་ཤེས་ངང་༴ འདུ་འབྲལ༴ ཕཊཿ ཀྱེ་མ་མ་གཅིག་ལས་ཀྱི་མཁའ་འགྲོ་མཿ བྱང་ཕྱོགས་ཕྲིན་ལས་རིགས་ཀྱི༴ སྣ་ཚོགས་མཐར་ཕྱིན་དྲག་པོའི་ཉམས༴ གསང་གནས་བདེ་སྐྱོང་འཁོར་ལོའི༴ བྱ་གྲུབ་ཡེ་ཤེས༴ འདུ་འབྲལ༴ ཕཊཿ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱིཿ དངོས་གྲུབ་རྩོལ་ལ་དབང་བཞི་བསྐུར་དུ་གསོལཿ སྒྲིབ་བཞི་དག་ནས་མཆོག་དང་ཐུན་མོང་གིཿ དངོས་གྲུབ་མ་ལུས་དུས་འདིར་ཐོབ་པ་དངཿ ཡེ་ཤེས་ཆེན་པོའི་རྟོགས་པ་མངོན་གྱུར་ཞིངཿ ཀ་དག་གདོད་མའི་རྒྱལ་སར་དབུགས་དབྱུང་གསོལཿ ཨོཾ་ཛྙཱ་ན་ཌཱ་ཀྐི་ནི་བཾ་ཧ་རི་ནི་ས་ཀཱ་ཡ་ཝཱ་ཀྲེ་ཙིཏྟ་གུ་ཎ་ཀརྨ་སརྦ་སིདྡྷི་ཕ་ལ་ཧོཿ ན་མོཿ སྐྱབས་གནས་གཅིག་ཆོག་བླ་མ་རྡོ་རྗེ་འཆང་ཿ རྩ་གསུམ་རྒྱལ་བ་མ་ལུས་འདུས་པའི་དཔལཿ ཕ་གཅིག་དམ་པ་རྒྱ་གར་རྣམ་པ་རུཿ བདེ་ཆེན་འཁོར་ལོའི་རྒྱན་དུ་རྟག་བཞུགས་གསོལཿ གནས་ཁང་རིན་ཆེན་ནོར་བུ་འོད་འབར་བཿ གྱེན་ལངས་དབུས་སུ་བདག་ཉིད་གསང་ཡེ་མའིཿ ཕྱག་གཡས་བམ་རིལ་ཐོད་པའི་ནང་ཉིད་དུཿ བླ་མའི་ཐུགས་ཀའི་འོད་ཀྱིས་དྲངས་པ་ཡིསཿ སྲིད་ཞིའི་ཚེ་བཅུད་བདུད་རྩིར་དཀར་དམར་གྱིསཿ མེར་གྱི་གང་ཞིང་ལོངས་སུ་སྤྱོད་པ་ཡིསཿ འཆི་བ་མེད་པ་རྡོ་རྗེའི་སྲོག་འགྲུབ་ཅིངཿ འོད་ལུས་ཡེ་ཤེས་སྙིང་པོ་ཅན་དུ་གྱུརཿ ནོར་བུ་ལས་བྱུང་རིན་ཆེན་ནོར་གྱི་དབྱིགཿ ཟས་ནོར་ལོངས་སྤྱོད་དངོས་གྲུབ་ཆར་འབེབས་པའིཿ རང་གནས་གང་ཞིང་འཛད་པ་མེད་པར་གྱུརཿ བྷྲཱུྃ་པུཥྟིཾ་ཀུ་རུ་ཇཡེ་སྭཱ་ཧཱཿ «ཁྱད་པར་ཅན་གྱིས་མན་ངག་ཟབ་མོཿ ཡུམ་ཆེན་ཐུགས་ཀློང་དར་ཅིག་མཉམ་པར་བཞགཿ རྟག་ཏུ་བླ་མའི་སྣང་བ་མི་བསལ་ཞིངཿ ཅི་དགར་ལོངས་སྤྱོད་གང་བྱུང་དངོས་གྲུབ་བསམཿ སྐྱེད་ངན་ལམ་དང་འགལ་རྐྱེན་གོགས་སུ་ཤརཿ བརྟུལ་ཞུགས་རོ་སྙོམས་ཆེན་པོའི་རྣལ་འབྱོར་པརཿ ལྷ་དང་འདྲེའི་འཛིན་རྟོག་པ་དབྱིངས་སུ་ཟདཿ མི་རུང་བ་ལ་ལོངས་སུ་སྤྱོད་པ་དངཿ མི་ནུས་ཐོག་རྗེས་གཉན་ཐོག་གཉན་དབབ་ཅིངཿ གང་ཤར་བདག་མེད་བག་ཡངས་ངང་དུ་བཞགཿ གདོས་བཅས་ལུས་ཀྱི་དངོས་པོར་ཡོངས་ཞི་གནསཿ ཤ་ཁྲག་ལུས་ཀྱི་བདག་འཛིན་ཆོད་པའི་ཚེཿ འགོ་བའི་ནད་རིགས་སྟོང་ཕྲག་བརྒྱད་ཅུའི་བགེགསཿ གནོད་བྱ་གནོད་བྱེད་མེད་པའི་དབྱིངས་སུ་ཡལཿ འཇིགས་མེད་རྒྱལ་པོའི་གཏན་སྲིད་ཟིན་པའོཿ རྗེས་ལ་བསྔོ་སྨོན་བཀྲ་ཤིས་རིམ་པ་ནིཿ »དེང་འདིར་བསྒྲུབས་པའི་དགེ་རྩ་བླ་མེད་པཿ གཞན་ཡང་དུས་གསུམ་བསགས་དང་བསགས་འགྱུར་གྱིཿ ཟག་བཅས་ཟག་མེད་དགེ་ཚོགས་མཐའ་དག་ཀུནཿ གཅིག་ཏུ་བསྡུས་ནས་མཁའ་མཉམ་འགྲོ་བ་ཀུནཿ རྫོགས་སངས་རྒྱས་པའི་འབྲས་བུ་ཐོབ་ཕྱིར་བསྔོཿ ཟབ་གསང་ལུས་མེད་མཁའ་འགྲོའི་གདམས་ངག་ཆོསཿ འཛིན་པ་རང་གྲོལ་ཉམས་སུ་བླང་བ་དངཿ ཤ་ཁྲག་ལུས་ཀྱི་མཆོད་སྦྱིན་ཡོངས་ཕུལ་ཞིངཿ ཆོས་ཉིད་ཟབ་མོའི་དོན་ལ་སྦྱངས་པའི་མཐུསཿ དཔལ་ལྡན་བླ་མའི་ཐུགས་དགོངས་ཡོངས་རྫོགས་ཤིངཿ བློས་བྱས་བག་ཆགས་དྲི་མས་མི་གོས་ཤིངཿ འཁྲུལ་སྣང་དམ་ཚིག་ཉམས་པའི་སྐྱོན་དང་བྲལཿ དགྲ་གཉེན་ཕན་གནོད་ལྷ་འདྲེ་ཆགས་སྡང་དང་ཿ རེ་དོགས་བློ་ཡི་མདུད་པ་རང་གྲོལ་ནསཿ གཏད་མེད་རྒྱ་ཡན་ལྷུག་འབྱམས་ཆོས་ཀྱི་སྐུཿ ཡེ་ཤེས་སྒྲོན་མ་གཞི་གདངས་ལོངས་སྤྱོད་རྫོགསཿ འགྲོ་དོན་རྒྱུན་ཆད་མེད་པར་སྤྲུལ་པའི་སྐུཿ གཞི་ཡི་གནས་ལུགས་རྟོགས་པ་ངོ་བོ་ཉིདཿ མཐར་ཐུག་འབྲས་བུའི་ཐུས་ཀ་མངོན་བྱང་ཆུབཿ སྐུ་ལྔ་ལྷུན་རྫོགས་འབྲས་བཟང་མངོན་གྱུར་ཤོགཿ གནས་སྐབས་ཟག་མེད་ཏིང་འཛིན་རྩལ་ཤུགས་ཀྱིསཿ ཕྲིན་ལས་མཐུ་སྟོབས་ནུས་པའི་རྩལ་འབར་ཞིངཿ གསང་སྔགས་བསྟན་པ་འཛིན་སྐྱོང་སྤེལ་བ་ཡིཿ རྣམ་བཞིའི་ལས་ཀྱི་དཔལ་ཡོན་མཐར་ཕྱིན་ནསཿ སེམས་ཅན་དོན་དུ་ལུས་དང་སྲོག་གཏོང་བའིཿ འགྲོ་དོན་རྒྱ་ཆེ་རྒྱུན་མི་ཆད་པར་ཤོགཿ ལམ་ཟབ་མཆོད་སྦྱིན་འབྲེལ་པས་བསྡུས་པ་ཡིཿ སྡང་སེམས་ལྡན་པའི་གནས་གདོན་ལུས་གདོན་གཙོསཿ གཟུགས་མེད་སྣང་ཞིང་སྲིད་པའི་ལྷ་འདྲེའི་ཚོགསཿ བླ་མ་ཡུམ་ཆེན་གདུལ་བྱར་འགྱུར་བ་དངཿ གཞན་ཡང་བཟང་ངན་ལས་ཀྱི་འབྲེལ་བ་ཀུནཿ འདྲེན་པའི་དེད་དཔོན་ཆེན་པོར་བདག་གྱུར་ཅིགཿ ན་མོཿ གཞི་ལས་འཁྲུལ་མ་མྱོང་བ་ཡིཿ སྐྱེ་མེད་ཆོས་སྐུའི་བཀྲ་ཤིས་ཤོགཿ ལྷུན་གྲུབ་ཡེ་ཤེས་རིགས་མཆོག་ལྔཿ འགགས་མེད་ལོངས་སྐུའི་བཀྲ་ཤིས་ཤོགཿ རོལ་རྩལ་དོན་གཉིས་ལྷུན་གྱིས་གྲུབཿ གནས་མེད་སྤྲུལ་སྐུའི་བཀྲ་ཤིས༴ སྐུ་གསུམ་སངས་རྒྱས་ལྷུམས་སུ་ཆུདཿ ཡུམ་ཆེན་ཤེར་ཕྱིན༴ འགྲོ་བའི་དོན་དུ་རང་ཤར་བའིཿ དྲི་མ་མེད་པའི༴ རྫོགས་ཆེན་དོན་བརྒྱུད་གདམས་པའི་མཛོདཿ དགའ་རབ་དཔའ་བོའི༴ རྡོ་རྗེའི་སྐུ་བརྙེས་འགྲོ་བའི་མགོནཿ པདྨ་ཐོད་ཕྲེང་༴ ཁམས་གསུམ་ཟིལ་གནོན་བརྟུལ་ཞུགས་མཆོགཿ ཕ་གཅིག་དམ་པའི༴ གསང་སྔགས་གདམས་པའི་མཛོད་འཛིན་མཿ དབང་བསྒྱུར་ཆེན་མོའི༴ སངས་རྒྱ་ཐམས་ཅད་བསྐྱེད་པའི་ཡུམཿ གསང་བ་ཡེ་ཤེས་བཀྲ་ཤིས༴ མཁའ་འགྲོ་མ་ཚོགས་ཀུན་གྱི་སྲོགཿ རྡོ་རྗེ་ཕག་མོའི༴ ཁམས་གསུམ་བརླག་པའི་མཐུ་རྩལ་མྱུརཿ བདུད་འདུལ་དྲག་མོའི༴ འཁོར་འདས་ཀུན་ལ་མངའ་དབང་བསྒྱུརཿ ཁྲོས་མ་ལྷ་ལྔའི་བཀྲ་ཤིས་ཤོགཿ རྒྱལ་ཀུན་ཕྲིན་ལས་གཅིག་བསྡུས་དཔལཿ སྒྲོལ་མ་ཡུམ་གྱི་བཀྲ་ཤིས་ཤོགཿ བྱིན་རླབས་སྩོལ་མཛད་ཐུགས་རྗེའི་གཏེརཿ བཀའ་བརྒྱུད་བླ་མའི་བཀྲ་ཤིས་ཤོགཿ བདག་ཉིད་འདྲེན་པའི་དེད་དཔོན་མཆོགཿ རྩ་བའི་བླ་མའི་བཀྲ་ཤིས་ཤོགཿ མཆོག་དང་ཐུན་མོང་དངོས་གྲུབ་སྟེརཿ ཡི་དམ་ལྷ་ཚོགས་བཀྲ་ཤིས་ཤོགཿ ཕྲིན་ལས་རྣམ་བཞི་ཐོགས་པ་མེདཿ མ་སྲིང་མཁའ་འགྲོའི་བཀྲ་ཤིས་ཤོགཿ བཀའ་དང་དམ་ཚིག་སྲུང་མཛད་པའིཿ དམ་ཅན་སྲུང་མའི་བཀྲ་ཤིས་ཤོགཿ དགྲ་བགེགས་ལོག་འདྲེན་ཐལ་བར་བརླགཿ ལས་མཁན་ཚོགས་ཀྱི་བཀྲ་ཤིས་ཤོགཿ སྒྲུབ་པ་པོ་ལ་བུ་བཞིན་བརྩེཿ གཏེར་བདག་ནོར་ལྷའི་བཀྲ་ཤིས་ཤོགཿ གསང་སྔགས་བསྟན་པ་དར་བ་དངཿ དེར་འཛིན་སྐུ་ཚེ་རབ་བརྟན་ཅིངཿ ཕྲིན་ལས་རྣམ་བཞི་ཕྱོགས་མཐར་རྒྱསཿ འགྲོ་དོན་འབྱུང་བའི་བཀྲ་ཤིང་ཤོགཿ འཛིན་པ་རང་གྲོལ་རྣལ་འབྱོར་པཿ བརྟུལ་ཞུགས་ཞིག་པོ་ཞིག་མོ་ཡིསཿ ཡངས་པའི་ས་ཆེན་ཡོངས་ཁྱབ་ནསཿ གདུག་པ་འདུལ་བའི་བཀྲ་ཤིས་ཤོགཿ འཛམ་གླིང་ཡངས་པའི་ས་ཆེན་འདིརཿ ལོངས་སྤྱོད་ཟས་ནོར་བཅུད་འཕེལ་ཞིངཿ གནས་པའི་སེམས་ཅན་ཐམས་ཅད་ཀུནཿ བདེ་སྐྱིད་དཔལ་འབར་བཀྲ་ཤིས་ཤོགཿ «ཨེ་མ་ཡང་གསང་འཛིན་པ་རང་གྲོལ་གྱིཿ རྗེས་ཆོག་མན་ངག་ཟབ་མོ་འདིཿ ཨ་ཙར་ནག་པོའི་ཁྱད་ཆོས་ཏེཿ མ་འོངས་བསྐལ་པའི་ཐ་མ་ལཿ ལྷ་ལྕམ་སྤྲུལ་པའི་ཌཱིཀྐི་མརཿ འཕྲད་ནས་འགྲོ་དོན་འབྱུང་བར་ཤོགཿ འབར་མ་སྤུན་གསུམ་གིང་ཆེན་བརྒྱདཿ དུར་ཁྲོད་བདག་པོས་ཐུབ་པར་གཟུངསཿ ས་མ་ཡཿ རྒྱ་རྒྱ་རྒྱཿ གུཧྱཿ ཁ་ཐཾཿ བྱིན་རླབས་ཐུགས་ཀྱི་རྒྱཿ བདག་འདྲ་དུས་མཐའི་གཏེར་སྨྱོན་ཨ་ཙར་ནག་པོས་གསང་བའི་བརྡ་རིས་ལས་དག་པར་ཕབ་པའི་ཡི་གེའི་འདུ་བྱེད་སློབ་བུ་འོད་ཟེར་མཐའ་ཡས་ཀྱིས་བགྱིས་པ་སྟེ་མེད་དུ་མི་རུང་བའི་གདམས་པ་ཤིན་ཏུ་བྱིན་རླབས་ཀྱི་ཚན་ཁ་ཆེ་ཞིང་ཞལ་དྲོ་བྱིན་ཆགས་དངོས་གྲུབ་རྣམ་གཉིས་ཐོབ་པར་ཤོག །དགེའོ། དགེའོ། དགེའོ།། །།རྒྱལ་གསུངས་འཁོར་ལོ་བར་བར་བསྟན་པའི་དོན། །ངོ་བོ་རྒྱུ་འབྲས་དོན་དམ་སྟོང་པའི་དབྱིངས། །རྣམ་ཀུན་མཆོག་ལྡན་ཤེས་རབ་ཕར་ཕྱིན་གྱི། །དགོངས་པའི་སྙིང་པོ་འཛིན་པ་རང་གྲོལ་འདི། །པདྨ་ཐེག་མཆོག་བློ་ལྡན་ཐུགས་བསྐྱེད་དང༌། །འཇམ་མགོན་བློ་གྲོས་མཐའ་ཡས་སྒྱུ་འཕྲུལ་གར། །དཀོན་མཆོག་བསྟན་པའི་རྒྱལ་མཚན་མཐུན་རྐྱེན་ལས། །མི་ཟད་དུ་མར་འཆར་བའི་བར་དུ་བསྒྲུབས། །དེ་ལས་བྱུང་བའི་དགེ་ཚོགས་བདུད་རྩིའི་ཆུས། །བདག་དང་འགྲོ་བའི་ཡིད་ལ་མངོན་ཞུགས་པའི། །འཁྲུལ་སྣང་དངོས་པོར་ཞེན་པའི་དྲི་མ་ཀུན། །རབ་གསལ་རྒྱལ་བའི་མཚན་དཔེ་ཐོབ་གྱུར་ཅིག །རྒྱལ་ཀུན་གསང་བའི་མཛོད་འཛིན་རྡོ་རྗེ་ཆོས། །ཆོས་སྐུའི་སྟོན་པ་དགའ་རབ་དཔའ་བོ་ཞབས། །དགོངས་པའི་དོན་བརྒྱུད་ལས་ཅན་བརྡར་སྣང་བའི། །ཡང་གསང་བླ་མེད་གདམས་པ་འདི་ཁོ་ན། །བསྟན་པའི་སྙིང་པོ་རྡོ་རྗེ་ཐེག་པའི་ཆོས། །གདམས་པའི་མཐར་ཐུག་གདན་ཐོག་གཅིག་མའི་ལམ། །ཟབ་ལས་ཡང་ཟབ་རིག་འཛིན་དགོངས་པའི་བཅུད། །ཕྱོགས་དུས་ཀུན་ཏུ་མི་ཉམས་རྒྱས་གྱུར་ཅིག །ཕན་བདེའི་འབྱུང་གནས་རྒྱལ་བསྟན་ཡུན་དུ་གནས། །བསྟན་འཛིན་དགེ་བའི་བཤེས་རྣམས་ཞབས་པད་བརྟན། །ཡངས་པའི་རྒྱལ་ཁམས་ཀུན་ཏུ་དགེ་ཞིང་ཤིས། །ཕུན་ཚོགས་མཆོག་གསུམ་སྣང་བས་མཛེས་གྱུར་ཅིག །གཞི་དབྱིངས་མི་འགྱུར་འདུས་མ་བྱས་བའི་ཀློང་ཀ་དག་ཆོས་སྐུར་མངོན་བྱང་ཆུབ། རང་སྣང་རྣམ་དག་ལྔ་ལྡན་ཞིང་དུ་ཟག་མེད་ཁ་སྦྱོར་བདུན་གྱི་བདག །སྒྱུ་འཕྲུལ་དྲྭ་བའི་ཡེ་ཤེས་སྐུ་ནི་ཞིང་ཁམས་རྒྱ་མཆོར་དུ་མར་སྣང་ཿ དཀྱིལ་འཁོར་དབང་ཕྱུག་སྐུ་གསུམ་ངོ་བོ་བླ་མ་མཆོག་གི་བཀྲ་ཤིས་ཤོག །སརྦ་དཱ་ཀསྱཱ་ཎཾ་བྷ་བནྡྷུ།། །།