DKR-KABUM-02-KHA-010: Difference between revisions

From Khyentse Lineage - A Tsadra Foundation Project
DKR-KABUM-02-KHA-010
No edit summary
m (Text replacement - "Khyentse Metadata" to "Text")
 
Line 1: Line 1:
{{Khyentse Metadata
{{Text
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts

Latest revision as of 08:00, 1 June 2024

Wylie title thub bstan yongs rdzogs kyi bla ma mchod pa'i cho ga byin rlabs ye shes bdud rtsi'i mchog stsol gyi smin byed skal bzang kun dga'i mchog sbyin DKR-KABUM-02-KHA-010.pdf
Location dil mgo mkhyen brtse bka' 'bum
Volume 2, Text 10, Pages 51-65 (Folios 1a to 15a5)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. Thub bstan yongs rdzogs kyi bla ma mchod pa'i cho ga byin rlabs ye shes bdud rtsi'i mchog stsol gyi smin byed skal bzang kun dga'i mchog sbyin. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 2: 51-65. Delhi: Shechen Publications, 1994.
Genre Empowerment Ritual - dbang chog - dbang skur  ·  Guru Offering Texts- bla ma mchod pa  ·  Guru Yoga Texts - bla ma'i rnal 'byor
Colophon

།ཅེས་པ་འདི་ནི་ཐུབ་མཆོག་དོན་ཀུན་གྲུབ་པའི་རིང་ལུགས་ལུང་རྟོགས་ཀྱི་བསྟན་པ་སྒྲ་ཇི་བཞིན་པ་འཛིན་པས་རིས་སུ་མ་ཆད་པ་ལ་འཆད་སྤེལ་ཆོས་རྒྱུན་སྤེལ་བའི་ཐུགས་བསྐྱེད་དང་མཛད་པ་གསེར་སྦྱངས་ལྟར་གཙང་བའི་འཕགས་ཆེན་དམ་པའི་སྐྱེས་ཆེན་འཁྲུལ་ཞིག་མཆོག་སྤྲུལ་རིན་པོ་ཆེ་འགྱུར་མེད་ཆོས་ཀྱི་བློ་གྲོས་རིན་པོ་ཆེ་དང༌། འཕགས་ཡུལ་བཻ་ཧཱར་གྱི་དགེ་སློང་དད་མོས་རྣམ་པར་དཀར་བ་ཤྲཱི་ཀརྨ་ལྷག་མཐོང་བཅས་ནས་གསུང་བསྐུལ་ཆེད་དུ་གནང་བ་བཞིན་དག་སྣང་ཉེ་བརྒྱུད་སོགས་གང་ཡང་མིན་ཀྱང་བཀའ་གཏེར་གྱི་ཆོས་བརྒྱུད་ཐམས་ཅད་འཇམ་མགོན་བླ་མ་རྣམ་གཉིས་ལས་བྱུང་བའི་ཕྱིར་འདི་ལྟར་བགྱིས་ན་གཟུ་ལུམ་གྱི་ནོངས་པ་མེད་ཁུལ་གྱིས་གསང་བ་ཟབ་མོའི་རྣམ་ཐར་གྱི་ཁུངས་དང་འབྲེལ་ཞིང་མོས་གུས་སྐྱེད་པའི་ཐབས་གཙོ་བོར་བཟུང་སྟེ་བླ་མ་འཇམ་པའི་དབྱངས་ཀྱིས་ཚེ་རབས་ཐམས་ཅད་དུ་རྗེས་སུ་འཛིན་པའི་སྐལ་བཟང་ཕྲ་མོ་ཐོབ་པའི་འབངས་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་མེ་སྦྲུལ་ཆོ་འཕྲུལ་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བཅུ་ལ་དཔལ་ནཻ་པཱ་ལའི་རྒྱལ་ཁབ་ཆེན་པོའི་ཤར་ཕྱོགས་སྦས་ཡུལ་ཤོད་རོང་གྲུབ་པའི་སྨན་ལྗོངས་གངས་བྲག་ནགས་ཀྱི་ལྷུན་པོ་ན་བུན་དང་དག་བྱེད་ཀྱི་རྒྱན་ཕྲེང་མཛེས་པའི་སྨིན་གྲོལ་ཐུབ་བསྟན་ཆོས་གླིང་དུ་གདམས་ངག་རིན་པོ་ཆེའི་མཛོད་ཀྱི་ཆོས་སྒོ་འབྱེད་དེ་གནས་པའི་སྐབས་བྲིས་ཤིང་སྤེལ་བ་འདིས་ཀྱང་འབྲེལ་ཚད་རྗེ་བཙུན་བླ་མ་ཐམས་ཅད་མཁྱེན་ཅིང་གཟིགས་པའི་ཟག་མེད་ཀྱི་རྣམ་ཐར་བསམ་མི་ཁྱབ་པའི་གསང་བ་ལ་ཅི་དགར་ལོངས་སུ་སྤྱོད་པའི་སྐལ་བཟང་དུ་སྨོན་པ་བཞིན་གྲུབ་པར་གྱུར་ཅིག །དགེའོ། །མངྒ་ལཾ།།

/ces pa 'di ni thub mchog don kun grub pa'i ring lugs lung rtogs kyi bstan pa sgra ji bzhin pa 'dzin pas ris su ma chad pa la 'chad spel chos rgyun spel ba'i thugs bskyed dang mdzad pa gser sbyangs ltar gtsang ba'i 'phags chen dam pa'i skyes chen 'khrul zhig mchog sprul rin po che 'gyur med chos kyi blo gros rin po che dang*/__'phags yul bai hAr gyi dge slong dad mos rnam par dkar ba shrI karma lhag mthong bcas nas gsung bskul ched du gnang ba bzhin dag snang nye brgyud sogs gang yang min kyang bka' gter gyi chos brgyud thams cad 'jam mgon bla ma rnam gnyis las byung ba'i phyir 'di ltar bgyis na gzu lum gyi nongs pa med khul gyis gsang ba zab mo'i rnam thar gyi khungs dang 'brel zhing mos gus skyed pa'i thabs gtso bor bzung ste bla ma 'jam pa'i dbyangs kyis tshe rabs thams cad du rjes su 'dzin pa'i skal bzang phra mo thob pa'i 'bangs 'gyur med theg mchog bstan pa'i rgyal mtshan gyis me sbrul cho 'phrul zla ba'i dkar phyogs kyi tshes bcu la dpal nai pA la'i rgyal khab chen po'i shar phyogs sbas yul shod rong grub pa'i sman ljongs gangs brag nags kyi lhun po na bun dang dag byed kyi rgyan phreng mdzes pa'i smin grol thub bstan chos gling du gdams ngag rin po che'i mdzod kyi chos sgo 'byed de gnas pa'i skabs bris shing spel ba 'dis kyang 'brel tshad rje btsun bla ma thams cad mkhyen cing gzigs pa'i zag med kyi rnam thar bsam mi khyab pa'i gsang ba la ci dgar longs su spyod pa'i skal bzang du smon pa bzhin grub par gyur cig__/dge'o/__/mang+ga laM//_

[edit]
༄༅། །ཐུབ་བསྟན་ཡོངས་རྫོགས་ཀྱི་བླ་མ་མཆོད་པའི་ཆོ་ག་བྱིན་རླབས་ཡེ་ཤེས་བདུད་རྩིའི་མཆོག་སྩོལ་གྱི་སྨིན་བྱེད་སྐལ་བཟང་ཀུན་དགའི་མཆོག་སྦྱིན་ཞེས་བྱ་བ་བཞུགས་སོ།། རྒྱལ་ཀུན་བྱིན་རླབས་ཡེ་ཤེས་ཉིན་མོར་བྱེད། །རིགས་བརྒྱའི་ཁྱབ་བདག་བླ་མའི་སྐུར་ཤར་བ། །རྣམ་གྲོལ་པདྨོའི་དགའ་ཚལ་འབྱེད་པའི་མགོན། །ཚེ་རབས་ཀུན་ཏུ་ཡིད་མཁར་འབར་གྱུར་ཅིག །གང་ཉིད་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ནི། །སངས་རྒྱས་ཀུན་གྱི་གསང་བ་མི་ཟད་དབྱིངས། །སྐུ་བཞིའི་ཡེ་ཤེས་བྱིན་རླབས་སྙིང་པོ་ཡིས། །སྐལ་བཟང་ཀུན་དགའི་མཆོག་སྦྱིན་རིམ་པ་བསྟན། །དེ་ཡང་ཡར་ངོའི་ཚེས་བཅུ་སོགས་བླ་མས་བྱིན་གྱིས་བརླབས་པའི་དུས་བཟང་གི་ཆར་གཙང་ཞིང་དབེན་པའི་གནས་སུ་ཆོ་ག་འདི་བྱ་སྟེ། གནས་ཁང་བྱི་དོར་བྱས་པའི་གུང་དུ་བླ་མའི་སྐུ་བྱིན་རླབས་ལྡན་པ་བཀྲམ་པའི་མདུན་སྟེགས་བུར་རྡུལ་ཚོན་ནམ་རས་བྲིས་ཀྱི་པདྨ་འདབ་བརྒྱད་སྟེང་མཉྫི་ལ་བུམ་པ་བཅུད་ལྡན་མགུལ་ཆིངས་ཁ་རྒྱན་དང་བཅས་པ། འབྱོར་ན་ཤེར་ཕྱིན་སྡུད་པ་དང་རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱུད་ཀྱི་གླེགས་བམ་དང༌། མ་བྱུང་ཚེ་ཤེས་རབ་སྙིང་པོ་དང་འཇམ་དཔལ་མཚན་བརྗོད་བཅས་དང༌། ཚེ་བུམ། བྷཉྫ་མཚན་ལྡན་བདུད་རྩིའི་བཅུད་ལྡན། རིག་ཙཀ །རྡོར་དྲིལ། རྡོ་རྗེ་སེམས་དཔའི་སྐུ་བཅས་བཤམས། རྒྱབ་མདུན་གང་བདེར་སྨན་རཀ་གཏོར་མ་དང༌། མཐའ་ཉེར་སྤྱོད་བདུན་སོགས་མཆོད་པ་ཅི་འབྱོར་རྒྱས་པར་བཤམས། བླ་མཆོད་གཞུང་ལྟར་བཏང་སྟེ་མཚན་སྔགས་དང༌། རིག་འཛིན་སྤྱི་སྙིང་བཟླས་པའི་བར་མཐར་ཆགས་སུ་བཏང༌། མདུན་གྱི་དབང་རྫས་རྣམས་བླ་མའི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་རྣམ་རོལ་དུ་བྱིན་གྱིས་བརླབས། ཁྱད་པར་རྣམ་བུམ་ལ་དམིགས་ཏེ། བུམ་པ་རང་བྱུང་གི་གཞལ་མེད་ཁང་ཆེན་པོར་རིག་འཛིན་བླ་མ་སྒྱུ་འཕྲུལ་དྲྭ་བའི་ལྷ་ཚོགས་རྣམས་དྭངས་པའི་མཁའ་ལ་གཟའ་སྐར་ཤར་བ་ལྟར་བཞུགས་པའི་སྐུ་ལས་བྱིན་རླབས་བདུད་རྩིའི་རྒྱུན་བབ་པ་བུམ་པའི་བཅུད་དང་རོ་གཅིག་ཏུ་འདྲེས་པར་བསམ་ལ་སྔགས་ཅི་ནུས་བཟླས་མཐར། ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པས། བུམ་བཅུད་ཡེ་ཤེས་བདུད་རྩི་རྡོ་རྗེ་བདེ་བ་ཆེན་པོའི་རང་བཞིན་དུ་གྱུར་པར་བསམ། ལས་བུམ་བདུད་རྩི་འཁྱིལ་བའི་སྔགས་ཀྱིས་བྱིན་གྱིས་བརླབས། འདོད་དོན་གསོལ་འདེབས་བཅས་བྱ། ཚོགས་མཆོད་གྲུབ་པ་དང་སློབ་དཔོན་རང་ཉིད་ཀྱིས་དབང་ལེན་གཞུང་ལྟར་བྱ། སྤྲོས་པས་མ་ལྕོགས་ན་ཟུར་རྒྱན་ཏིང་ངེ་འཛིན་གྱི་དབང་ལེན་ཁོ་ན་བྱས་ཀྱང་རུང༌། གང་ལྟར་ཡང་མཐར། ཨོཾ། རྡོ་རྗེའི་ཡེ་ཤེས་ཐོབ་བྱེད་པའི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྙིང་པོའི་དཀྱིལ་འཁོར་ཆེན་པོ་འདིར། །བདག་གི་སློབ་མ་འཇུག་པར་འཚལ། །ཞེས་གནང་བ་ཞུ། སྣོད་དུ་འོས་པའི་སློབ་མ་སྒོ་དྲུང་དུ་བོས་ལ་ཁྲུས་ནས་དབྱུང༌། བགེགས་བསྐྲད་སྲུང་འཁོར་སྤྱི་ལྟར་སྔོན་དུ་འགྲོ་བ་ཀུན་སློང་དང་ཀུན་སྤྱོད་ཀྱི་སྤང་བླང་རྒྱས་བསྡུས་ཇི་ལྟར་འོས་པ་སྤྱི་ལྟར་གསལ་བཏབ་ལ། དེ་ཡང་རྩ་གསུམ་ཀུན་དྲིལ་སྙིང་པོའི་རྒྱུད་ལས། བླ་མ་སངས་རྒྱས་ཐོག་མར་འབྱུང་བའི་དོན༔ རང་རིག་རྒྱལ་པོ་རང་གསལ་བླ་མ་མཆོག༔ ཅེས་གསུངས་པ་ལྟར་གནས་ལུགས་ངེས་པ་དོན་གྱི་བླ་མ་སྲིད་ཞི་བརྟན་གཡོ་ཀུན་གྱི་སྙིང་པོའི་དཔལ་དུ་འདུ་འབྲལ་མེད་པར་བཞུགས་ཀྱང་འཁྲུལ་པའི་སེམས་ཅན་རྣམས་ཀྱིས་ངེས་དོན་ཆོས་ཉིད་ཀྱི་བླ་མའི་གནས་ལུགས་མངོན་སུམ་མ་མཇལ་བར་ལོག་རྟོག་དངོས་པོར་ཞེན་པས་མེད་སྣང་སྲིད་པའི་འཁྲུལ་སྣང་གིས་སྡུག་བསྔལ་བ་རྣམས་ལ་བླ་མའི་ཐུགས་རང་བྱུང་ཐུགས་རྗེ་ཆེན་པོའི་རྩལ་གཡོས་ཏེ་གཟུགས་སྐུ་རྣམ་པ་གཉིས་ཀྱི་རོལ་པ་ཅིར་ཡང་སྟོན་པས་ཕྱོགས་དུས་གདུལ་བྱ་རྣམས་ཀྱི་དོན་མཛད་པའི་ཚུལ། རྒྱུད་སྔ་མ་ལས། རང་རིག་བླ་མ་བསྟེན་པའི་འདྲེན་པ་དེ༔ བླ་མ་གཟུགས་སྐུའི་བདག་ཉིད་གཅིག་ལ་ལྟོས༔ ཞེས་དང༌། རྡོ་རྗེ་གུར་ལས། གང་ཉིད་རྡོ་རྗེ་སེམས་དཔའ་སྟེ། །དེ་ཉིད་སློབ་དཔོན་ཚུལ་ཅན་ཏེ། །སེམས་ཅན་ཕན་གདགས་དགོངས་ནས་ནི། །ཐ་མལ་པ་ཡི་གཟུགས་ཀྱིས་གནས། །ཞེས་གསུངས་པ་ལྟར་མཚན་ལྡན་གྱི་རྡོ་རྗེའི་བླ་མའི་བྱིན་རླབས། དད་བརྩོན་བློ་ལྡན་སློབ་མའི་མོས་གུས་དག་སྣང་འཛོམས་ནས་འཁོར་བ་མྱང་འདས། སེམས་ཅན་སངས་རྒྱས་སུ་བསྒྱུར་བ་ལ་ཚེགས་མེད་ཅིང༌། དེ་ཡང་སྒྲུབ་བྱེད་ཕུན་སུམ་ཚོགས་པ་དགོས་པས་རྡོ་རྗེ་སེམས་དཔའ་ཐ་མལ་པའི་གཟུགས་ཀྱིས་འདུལ་ཏེ་སྣང་སྲིད་ཟིལ་གནོན་བླ་མ་ཆེ་བའི་ཆེ་མཆོག་གི་བརྟུལ་ཞུགས་གྲུབ་པ། པཎ་ཆེན་བི་མ་ལ་མི་ཏྲ་ཉིད་ཐུན་མོང་འདུལ་བྱའི་སྣང་ངོར་ཐུབ་བསྟན་ཡོངས་རྫོགས་ཀྱི་དགེ་བའི་བཤེས་གཉེན་འཇམ་དབྱངས་བླ་མ་མཁྱེན་བརྩེའི་དབང་པོར་བྱོན་པ་འདི་ཉིད་ངེས་པའི་དོན་དུ་རྒྱལ་ཀུན་ཡབ་གཅིག་འཇམ་དཔལ་གཞོན་ནུ་ཉིད་བསམ་བཞིན་མཆོག་གི་རྡོ་རྗེ་སློབ་དཔོན་ཆེན་པོའི་མཚན་དཔེར་ཤར་བས་རྩོད་དུས་ཀྱི་རྙོགས་མས་མ་བསླད་པ་མཁས་བཙུན་བཟང་པོའི་རྣམ་ཐར་འགྲན་ཟླ་དང་བྲལ་བས་གསན་བསམ་སྒོམ་པའི་ཡོན་ཏན་མཐར་སོན་པའི་ཚེ་སྲས་དང་བཅས་པའི་རྒྱལ་བས་དགྱེས་པའི་ཕྱག་བརྐྱངས་ཏེ་ཆོས་སྒོ་རབ་འབྱམས་འཛིན་སྤེལ་སྡུད་པའི་བྱེད་པོ་གཅིག་པུར་མངའ་གསོལ་ཏེ། ཆོས་ཀུན་ཡེ་ཤེས་ཀྱི་རོལ་རྩེད་དུ་གཟིགས་པའི་ལྟ་དགོངས་ཀྱིས་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ལ་དབང་འབྱོར་ནས་ཐུན་མིན་བཀའ་བབ་བདུན་གྱི་གསང་མཛོད་ཀྱི་སྒོ་འཕར་གསར་དུ་ཕྱེས་ཏེ་ཁམས་བོད་གཉིས་སུ་གང་བཞུགས་ཀྱི་མཁས་གྲུབ་རྒྱ་མཚོའི་དབུས་སུ་རྒྱུད་ལུང་མན་ངག་གི་གསང་བའི་དབྱིག་གི་ནོར་བུ་ཐམས་ཅད་སྒྲིབ་པ་མེད་ལ་གཏིང་མཐའ་བྲལ་བའི་ཐུགས་ཀྱི་རྒྱ་མཚོར་བསྐྱིལ་ནས་ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་མངའ་དབང་བསྒྱུར་ཏེ་གྲུབ་མཐའ་རིས་སུ་མ་ཆད་པའི་གཙུག་གི་ནོར་བུར་གྲགས་པ་དོན་དང་ལྡན་པའི་ཚུལ་བི་མའི་བླ་སྒྲུབ་བྱིན་རླབས་སྙིང་པོ་ལས། དེ་ཉིད་ཕྱི་མ་ཕྱི་མའི་དུས༔ རྣལ་འབྱོར་ནང་གི་གསང་བའི་ཆེ༔ དར་ལ་མ་སྨིན་འཆལ་ནས་ཀྱང༔ ཐ་སྙད་སྒྲ་ཕྱིར་འབྲང་བ་ཡིས༔ དངོས་གྲུབ་བརྙེས་པ་ཆེས་དཀོན་ཚེ༔ པད་འབྱུང་བི་མས་བྱིན་བརླབས་པ༔ མངའ་བདག་ཆེན་པོའི་གསུང་གི་སྤྲུལ༔ འཇམ་དཔལ་ཆོས་ཀྱི་བཤེས་གཉེན་ནས༔ འོད་གསལ་སྤྲུལ་པའི་རྡོ་རྗེ་ཞེས༔ སྐལ་ལྡན་གཅིག་ཆར་རིག་ཅན་ཞིག༔ མདོ་ཁམས་བར་གྱི་མཐིལ་དུ་འབྱུང༔ ཆུང་ནས་སྙིང་པོའི་དོན་དང་ནི༔ ལྷག་པར་པད་འབྱུང་བི་མ་ལའི༔ བཀའ་སྲོལ་ཟོལ་མེད་ཁོ་ནར་དད༔ བསྟན་པ་ཡོངས་ལ་ལྷག་བསམ་གྱིས༔ བཤད་སྒྲུབ་དྲི་མེད་འཕེལ་འདོད་པས༔ ཉིན་མཚན་ཆོས་ཀྱི་སྣང་བས་འདའ༔ ཚད་མའི་བསྟན་དང་སྟོན་པ་དག༔ ཡིད་ལ་དྲན་པ་ཙམ་གྱིས་ཀྱང༔ སྣང་བ་འགྱུར་ཞིང་བ་སྤུ་གཟེངས༔ མཆི་མ་འཁྲུགས་པའི་གདུང་ཤུགས་ཀྱིས༔ སྐལ་པ་བཟང་པོའི་རིགས་སད་མཐུས༔ རིག་འཛིན་ལྷ་དང་མཁའ་འགྲོས་ཀྱང༔ སྐྱེས་བུ་དེ་ལ་མཁྱེན་ཅིང་དགོངས༔ རྒྱ་ཆེའི་བཀའ་དང་ཟབ་མོའི་གཏེར༔ ས་གཏེར་དངོས་དང་ཡང་གཏེར་དང༔ ཤིན་ཏུ་ཡང་ཟབ་དགོངས་པའི་གཏེར༔ དག་སྣང་སྙན་བརྒྱུད་རྗེས་དྲན་ཏེ༔ བཀའ་བབ་བདུན་གྱིས་དབུགས་འབྱིན་བྱེད༔ ཅེས་པ་ཉིད་གཙོ་བོར་བཞུགས་པ་ལ་འཕགས་བོད་ཤིང་རྟ་ཆེན་པོའི་འཁོར་ཚོགས་གསེར་རིའི་ཕྲེང་བ་ཚར་དུ་དངར་བའི་འཁོར་གྱིས་བསྐོར་བའི་དཀྱིལ་འཁོར་དབང་ཕྱུག་བླ་མ་མཆོད་པའི་ཆོ་ག་དང་རྗེས་སུ་འབྲེལ་བའི་གསང་བ་མི་ཟད་རྡོ་རྗེ་བཞི་ཡི་དཀྱིལ་འཁོར་དུ་འཇུག་ཅིང་བྱིན་རླབས་དང་འཕོ་བའི་སྨིན་བྱེད་འབོག་པ་སྐབས་སུ་བབ་པ་སྟེ། དེ་ཡང་བྱང་ཆུབ་སེམས་ཀྱི་མངའ་བདག་ཇོ་བོ་བཀའ་གདམས་པའི་དགེ་བའི་བཤེས་གཉེན་ཆེན་པོ་ཤ་ར་བས་རྗེས་སུ་དྲན་པ་དྲུག་གིས་བླ་མ་མཆོད་དགོས་པ་གསུངས་པའི་དགོངས་དོན་ལྟར་ལོ་རྒྱུས་བརྗོད་པས་བླ་མའི་ཡོན་ཏན་རྗེས་སུ་དྲན་དགོས་པས་དེའི་ཚུལ་ནི་རིམ་ལྔ་ལས། རི་དབང་རྩེ་ནས་འགའ་ཞིག་ལྷུང་གྱུར་ན། །ལྷུང་བར་མི་བྱ་སྙམ་ཡང་ལྷུང་བར་འགྱུར། །བླ་མའི་དྲིན་གྱིས་ཕན་པའི་ལམ་རྙེད་ན། །གྲོལ་བར་མི་འགྱུར་སྙམ་ཡང་གྲོལ་བར་འགྱུར། །ཞེས་གསུངས་པ་ལ་དགོངས་ནས་ཕྱོགས་དུས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་བདག་ཅག་རྣམས་འདྲེན་པའི་དེད་དཔོན་ཆེན་པོར་དགེ་བའི་བཤེས་གཉེན་གྱི་ཚུལ་དུ་བསྟན་པ་ཡང༌། ཇི་སྐད་དུ། ང་ནི་ཕྱི་མའི་དུས་ཀྱི་ཚེ། །དགེ་བའི་བཤེས་གཉེན་ཚུལ་བཟུང་ནས། །ཁྱེད་ལ་སོགས་པའི་དོན་བྱེད་འགྱུར། །ཞེས་དང༌། ཐལ་འགྱུར་ལས། བླ་མ་སངས་རྒྱས་མཉམ་པ་སྟེ། །བསྟེན་པ་དེ་ལས་ཡོན་ཏན་ནི། །དཔག་བསམ་ཤིང་དང་ཡིད་བཞིན་ནོར། །འདོད་འཇོའི་བ་དང་འདྲ་བ་ཡི། །ཡོན་ཏན་དཔག་ཏུ་མེད་པ་ཐོབ། །དེ་ལ་དམིགས་ཏེ་བླ་མ་བསྟེན། །འཁོར་བའི་གཡུལ་ལས་བཟློག་ཕྱིར་རོ། །ཞེས་དང༌། ཁྱད་པར་མཆོག་གི་དངོས་གྲུབ་ཀྱི་རྩ་བ་ལྷན་སྐྱེས་ཡེ་ཤེས་ཀྱི་སྣང་བ་རྒྱུད་ལ་འཆར་བ་ནི་བླ་མའི་བྱིན་རླབས་ཁོ་ན་ལ་རག་ལས་ཏེ། དགྱེས་པ་རྡོ་རྗེའི་རྒྱུད་ལས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་ན། །བླ་མའི་དུས་ཐབས་བསྟེན་པ་དང༌། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་གསུངས་པས་བླ་མ་དཀྱིལ་འཁོར་དབང་ཕྱུག་ཏུ་ཐག་ཆོད་པའི་ཡིད་ཆེས་མོས་གུས་དང་ལྡན་ན་དགོངས་བརྒྱུད་ཀྱི་བྱིན་རླབས་བཙན་ཐབས་སུ་འཕོ་བ་སོམས་ཉི་མི་དགོས་ཤིང༌། ཁྱད་པར་རིགས་བརྒྱའི་ཁྱབ་བདག་བླ་མའི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་བྱིན་རླབས་འཇུག་ཕྱིར་རྡོ་རྗེ་ཐེག་པའི་དབང་བཞིའི་ཆོ་གས་སྨིན་པ་ཁོ་ན་ལ་རག་ལས་པས་བྱང་ཆུབ་སེམས་དཔའ་གཞོན་ནུ་ནོར་བཟང་གིས་བྱང་ཆུབ་ཀྱི་སྤྱོད་པ་ཡོངས་སུ་རྫོགས་པའི་ཆེད་འཇམ་དཔལ་གཞོན་ནུར་གྱུར་པ་ནས་བརྩམས་རྒྱལ་ཚབ་བྱམས་པའི་བར་དུ་དགེ་བའི་བཤེས་གཉེན་བརྒྱ་རྩ་བསྟེན་པའི་ཚུལ་ལྟར་བསྟན་པ་འདི་ལ་བྱོན་པའི་ཤིང་རྟ་ཆེན་པོ་རྣམས་ཀྱི་མཚན་དང་རྣམ་ཐར་རྗེས་སུ་དྲན་པའི་ཕྱིར་རིས་མེད་མཁས་གྲུབ་ཀུན་འདུས་ཀྱི་དཀྱིལ་འཁོར་དུ་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་འབོག་པ་ལ་ཐོག་མར་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། རིགས་ཀུན་ཁྱབ་བདག་ཁྱོད་ལ་འདུད། །ཐར་ལམ་ཆེན་པོ་བདག་འདོད་དེ། །དེ་ཉིད་དབང་དང་དམ་ཚིག་དང༌། །མགོན་པོ་དཔའ་བོར་སྐྱབས་སོང་ན། །ཐེག་ཆེན་ཁང་པར་གཞུག་པ་དང༌། །མཁྱེན་རབ་ཡེ་ཤེས་བདག་ལ་སྩོལ། །ལན་གསུམ། དེ་ནས་དབང་གི་སྔོན་དུ་སྐྱབས་འགྲོ་སེམས་བསྐྱེད་དགོས་པས་ཨ་བྷི་དྷ་ན་ལས། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་བྱེད་པོ་བླ་མ་ཡིན། །བླ་མ་དཔལ་ལྡན་རྡོ་རྗེ་འཆང༌། །ཞེས་གསུངས་པ་ལྟར་ཕྱོགས་དུས་སྐྱབས་ཡུལ་མཆོག་གསུམ་རྩ་གསུམ་རྒྱ་མཚོ་བླ་མའི་དཀྱིལ་འཁོར་གཅིག་ལ་རྫོགས་པའི་ངེས་ཤེས་ཀྱིས་དྲངས་ཏེ་བདག་གཞན་སེམས་ཅན་ཐམས་ཅད་སྒོ་གསུམ་གཅིག་དྲིལ་གྱི་དད་མོས་ཀྱིས་བྱང་ཆུབ་སྙིང་པོའི་བར་དུ་གཅིག་ཆོག་རྒྱལ་པོ་བླ་མའི་གསང་བ་གསུམ་ལ་སྐྱབས་སུ་འགྲོ་བ་དང༌། ཐེག་ཆེན་ལམ་གྱི་རྩ་བ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་དམ་བཅའ་ལེན་པའི་ཕྱིར། ཡོན་ཏན་རིན་པོ་ཆེ་སྡུད་པ་ལས། སངས་རྒྱས་ཆོས་རྣམས་དགེ་བའི་བཤེས་ལ་བསྟེན་ཏོ་ཞེས། །ཡོན་ཏན་ཀུན་གྱི་མཆོག་མངའ་རྒྱལ་བས་དེ་སྐད་གསུངས། །ཅེས་པ་ལྟར་སྐྱབས་ཡུལ་གྱི་ཚོགས་ཞིང་དེ་དག་གི་སྤྱན་སྔར་སྒོ་གསུམ་གྱི་རྣམ་དཀར་ཐམས་ཅད་རྒྱལ་བ་སྲས་དང་བཅས་པའི་ངོ་མཚར་གྱི་མཛད་པ་གཅིག་ཏུ་བསྡུས་པ་དཔལ་ལྡན་བླ་མའི་རྣམ་ཐར་བཞིན་རྗེས་སུ་སློབ་པས་མཁའ་ཁྱབ་ཀྱི་ཡིད་ཅན་ཐམས་ཅད་བླ་མ་སྐུ་བཞིའི་རྒྱལ་སར་དབུགས་དབྱུང་བའི་གོ་ཆ་བདག་གིས་བགོ་སྙམ་པས་སྐྱབས་སེམས་འདིའི་རྗེས་ཟློས་མཛོད། བདག་གཞན་མཁའ་ཁྱབ་འགྲོ་བ་མ་ལུས་ཀུན། །སྡུག་བསྔལ་སྲིད་པའི་མཚོ་ལས་བསྒྲལ་བྱའི་ཕྱིར། །བླ་མ་དཀོན་མཆོག་གསུམ་ལ་སྐྱབས་མཆི་ཞིང༌། །ཟབ་མོའི་རྣལ་འབྱོར་བསྒོམ་པར་སེམས་བསྐྱེད་དོ། །ལན་གསུམ། རྒྱུད་རྣམ་པར་མ་དག་ན་དབང་གིས་སྨིན་དུ་མི་རུང་བས། རྒྱུད་ལས། དུས་གསུམ་སངས་རྒྱས་མཆོད་པ་ལས། །བླ་མའི་བ་སྤུ་གཅིག་མཆོད་ལྷག །ཞེས་གསུངས་པས་མཚོན་ཚོགས་གཉིས་ཀྱི་ཞིང་དུ་བླ་མ་ལས་ལྷག་པ་མེད་པར་མདོ་རྒྱུད་ཀུན་ནས་གསུངས་པའི་རྒྱུ་མཚན་གྱིས་བླ་མ་སྐྱབས་ཡུལ་རྒྱ་མཚོའི་སྤྱན་སྔར་བསགས་སྦྱང་གི་སྙིང་པོ་ཡན་ལག་བདུན་པ་ཚིག་རྗེས་སུ་དོན་དྲན་པས་རྒྱུད་སྦྱང་འདིའི་རྗེས་ཟློས་མཛོད། ཕྱོགས་བཅུ་དུས་བཞིའི་སྐྱབས་ཡུལ་རྒྱ་མཚོ་ལ། །གུས་པས་ཕྱག་འཚལ་མཆོད་འབུལ་སྡིག་ལྟུང་བཤགས། །དགེ་ལ་ཡི་རང་ཆོས་འཁོར་བསྐོར་བཞིན་དུ། །བསྐལ་བརྒྱར་བཞུགས་གསོལ་དགེ་ཚོགས་འགྲོ་ལ་བསྔོ། །ལན་གསུམ། རྒྱུད་སྡོམ་པ་དང་མི་ལྡན་པ་ལ་དབང་གི་བཅུད་མི་ཆགས་པས་སྡོང་པོ་བཀོད་པའི་མདོ་ལས། དགེ་བའི་བཤེས་གཉེན་གྱི་ཚིག་དང་མི་འགལ་བར་གནས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པར་ཉེ་བར་འགྱུར་རོ། །ཞེས་པ་ལྟར་སྡོམ་པ་བཟུང་བའི་ཡུལ་ཆོས་ཀྱི་དབྱིངས་དང་མཉམ་པའི་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་སྤྱན་སྔར། དགོས་པ་མཁའ་ཁྱབ་ཀྱི་སེམས་ཅན་སྲིད་ཞིའི་མཐའ་ལས་སྒྲོལ་བའི་ཕྱིར། བྱེད་ལས་སྣང་སྤྱོད་ཡེ་ཤེས་ཀྱི་འཁོར་ལོར་སྡོམ་པའི་ཚུལ་ཁྲིམས་གཞུང་བཞིན་གཟུང་བར་བགྱི་སྙམ་པས་རྗེས་ཟློས་མཛོད། ཇི་ལྟར་སྔོན་གྱི་རྒྱལ་བ་སྲས་བཅས་དང༌། །རིག་འཛིན་མཁའ་འགྲོ་རྒྱ་མཚོའི་ཚོགས་རྣམས་ཀྱིས། །ཕྱི་ནང་གསང་བ་མཆོག་གི་དམ་ཚིག་དང༌། །སྡོམ་པ་རྒྱ་མཚོ་མཐའ་ཡས་བཟུང་བ་ལྟར། །དེང་ནས་བདག་ཀྱང་ལམ་ཆེན་དེར་ཞུགས་ཏེ། །འགྲོ་ལ་ཕན་ཕྱིར་དེ་དག་གཟུང་བར་བགྱི། །ལན་གསུམ། དེ་དག་གིས་སྔོན་འགྲོ་འཇུག་པའི་ཆོས་རྣམས་སོང་ནས། དངོས་གཞིའི་དབང་བསྐུར་བ་ལ། གྲུབ་ཐོབ་ཆེན་པོའི་ཐུགས་ཏིག་གི་དབང་གི་མདོ་བྱང་ལས། དེ་ཡང་འོག་མིན་གསང་ཆེན་དུ༔ ཀུན་ཏུ་བཟང་པོ་རྡོ་རྗེ་འཆང༔ བདེ་གཤེགས་ཞི་ཁྲོ་ཚོམ་བུ་ཡིས༔ རིགས་གསུམ་སེམས་དཔར་བྱིན་བརླབས་ནས༔ འཛམ་གླིང་ལས་ཀྱི་ས་པ་རུ༔ མི་ལས་སྐལ་ལྡན་རྒྱལ་པོ་ཛཿ པུསྟི་གླེགས་བམ་དབང་ཆེན་ཐོབ༔ ཏནྟྲ་ཡོངས་ཀྱི་བདག་པོར་གྱུར༔ བུདྡྷ་གུ་ཧྱ་བི་མ་ལས༔ དགེ་བའི་བཤེས་གཉེན་དབང་བརྙེས་པས༔ པཎ་གྲུབ་མང་པོས་གཙུག་ཏུ་བཀུར༔ རིག་རྩལ་དབང་ཐོབ་ཤྲཱི་སེང་ཧ༔ སྙིང་པོ་དོན་གྱི་བསྟན་པའི་བདག༔ འོད་གསལ་ཡེ་ཤེས་སྐུ་མཆོག་འགྲུབ༔ ཁྱད་པར་ཡོངས་རྫོགས་ཕྱག་ཆེན་དབང༔ རྡོ་རྗེ་སེམས་དཔའི་སྤྲུལ་པའི་སྐུ༔ རིག་འཛིན་དགའ་རབ་རྡོ་རྗེས་རྫོགས༔ དེ་རྣམས་ཀུན་གྱི་ཆུ་བོའི་རྒྱུན༔ ཀུན་འདུས་པདྨ་ཐོད་ཕྲེང་རྩལ༔ དུས་གསུམ་རྒྱལ་བའི་གདུང་འཚོབ་དེས༔ བོད་ཀྱི་རྣལ་འབྱོར་ཐང་སྟོང་པར༔ དགོངས་ཀློང་རོ་གཅིག་བྱིན་གྱིས་བརླབས༔ རྟོགས་གྲོལ་དུས་མཉམ་བརྡ་ཐབས་བསྟན༔ སྨིན་གྲོལ་སྙན་བརྒྱུད་དངོས་སུ་བསྩལ༔ དཔེ་རྒྱུད་ཟབ་གཏེར་སྒྲོམ་བུ་གཏད༔ རྒྱལ་ཚབ་ཆེན་པོར་དབང་བསྐུར་བས༔ གཞན་ལས་ཁྱད་འཕགས་ཉེ་བརྒྱུད་ཀྱི༔ བྱིན་རླབས་མཉམ་པ་མེད་པའོ༔ ཞེས་གསུངས་པ་ལྟར། དེ་ཡང་གསང་སྔགས་སྔ་འགྱུར་གྱི་བསྟན་པའི་བབས་སོ་ཐམས་ཅད་བསྡུ་ན་བཀའ་བབ་དབང་གི་ཆུ་བོ་བཞི་ཞེས་གྲགས་ཏེ། ཀུན་ཏུ་བཟང་པོའི་རྒྱལ་ཚབ་རྡོ་རྗེ་སེམས་དཔའ་དགའ་རབ་རྡོ་རྗེ་ལ་ཡི་དམ་ལྷས་དབང་བསྐུར་བས་བྱང་ཆུབ་སེམས་ཡེ་ནས་མ་བཅོས་ལྷུན་གྲུབ་ཏུ་ཤར་ཏེ་དཀྱིལ་འཁོར་འཁོར་ལོའི་དབང་ཕྱུག་དང་སྐལ་པ་མཉམ། ཕྱག་ན་རྡོ་རྗེའི་སྤྲུལ་པ་ས་ཧོ་རའི་རྒྱལ་པོ་ཛཿལ་ཏནྟྲ་སྡེ་བཅོ་བརྒྱད་ཀྱི་གླེགས་བམ་གྱི་ཆར་ཁང་སྟེང་དུ་བབ་སྟེ་བཀའ་བརྒྱུད་གླེགས་བམ་གྱི་དབང་ཐོབ་པས་རྒྱུད་སྒྱུ་འཕྲུལ་དྲྭ་བའི་དགོངས་པ་ཐུགས་སུ་ཆུད་དེ་བརྒྱུད་པ་གསུམ་གྱི་བར་ཚོམ་བུ་དང་བཅས་གྲོལ། ཨུ་རྒྱན་གྱི་མཁན་པོ་པདྨ་སམ་བྷ་ལ་རིག་འཛིན་ཤྲཱི་སིང་ཧས་རིག་པ་རྩལ་གྱི་དབང་བསྐུར་བས་སྲིད་པ་གཏན་དཀྲུགས། དུག་གསུམ་རྩད་གཅོད། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་དེ་བཞིན་གཤེགས་པ་དང་རྣམ་དབྱེར་མེད་པར་གྱུར། །པཎ་གྲུབ་ལྔ་བརྒྱའི་གཙུག་རྒྱན་བི་མ་ལ་དང༌། སློབ་དཔོན་སངས་རྒྱས་གསང་བའི་ཞབས་ལ་འཕགས་བོད་ཀྱི་པཎ་གྲུབ་ཀུན་གྱིས་གཏུགས་ཤིང་མདོ་སྔགས་བསྟན་པའི་འབྱུང་གནས་སུ་གྱུར་པས་དགེ་བའི་བཤེས་གཉེན་གྱི་དབང་ཐོབ་པ་སྟེ་བོད་དུའང་བསྟན་པའི་ཆུ་འགོ་གྱུར་པས་གཉགས་ལོ་ཆེན་པོ། བཻ་རོ། ནམ་སྙིང་རྣམས་ལའང་ཆུ་བོ་བཞིའི་བཀའ་བབ་བརྙེས་པའི་ཐུགས་བསྐྱེད་དང་སྨོན་ལམ་གྱི་མཐུས་ཕྱི་མའི་དུས་འདིར་རྗེ་བླ་མ་རིན་པོ་ཆེ་མཆོག་ལ་བཀའ་བབ་བདུན་གྱི་ཤིང་རྟ་ཐུབ་བསྟན་ཡོངས་རྫོགས་ཀྱི་འདྲེན་པ་འཇམ་དཔལ་དབྱངས་ཆོས་དབྱིངས་གསུང་དབང་ཕྱུག་ཏུ་གྱུར་པའི་ཡེ་ཤེས་དགོངས་པའི་བྱིན་རླབས་འཕོ་བའི་དབང་ཐོབ་པའི་ཕྱིར་བླ་མའི་བྱིན་རླབས་དག་སྣང་ལ་བརྟེན་ནས་འཇུག་དགོས་པས་རྡོ་རྗེ་བཞི་ཡི་ཡེ་ཤེས་ཀྱི་ཉིན་མོར་བྱེད་པ་རྒྱུད་ལ་འདྲེན་པའི་ཕོ་ཉ་དབང་གི་གཞི་འགོད་པ་ཡེ་ཤེས་དབབ་པ་ལ་དག་པ་གསུམ་གྱི་དམིགས་པ་འདི་ལྟར་སྒོམས་ཤིག །ཨོཾ་མ་ཧཱ་ཤཱུ་ནྱ་ཏ་སོགས། སློབ་མ་རྣམས་ཀྱི་ཕུང་ཁམས་སྐྱེ་མཆེད་ཀྱིས་མཚོན་པའི་མ་དག་པའི་སྣང་བ་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་སྣོད་རྣམ་པར་དག་པ་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་ཆེན་པོར་ཡོངས་སུ་རྫོགས་པའི་དབུས་སུ། བཅུད་རྣམ་པར་དག་པ་སྣང་སྲིད་བླ་མ་སྐུ་ཕྱག་རྒྱར་བསྒྲུབ་པའི་སླད་དུ་སངྒཻ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཟླ་བའི་སྟེང་དུ་ཁྱེད་རང་རྣམས་སྐད་ཅིག་གིས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་གསལ་ཞལ་གཅིག་ཞི་ཞིང་འཛུམ་ལ་སྒེག་པའི་ཉམས་ཅན། ཕྱག་གཡས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་གཏོད་ཅིང༌། གཡོན་པ་དྲིལ་བུ་དཀུ་ལ་བསྟེན་པ། ཞབས་གཉིས་སེམས་དཔའི་སྐྱིལ་ཀྲུང་གིས་པདྨ་དང་ཟླ་བའི་གདན་ལ་འགྱིང་བ། སྐུ་ལ་དར་གྱིས་ཆས་གོས་ལྔ་དང༌། རིན་པོ་ཆེའི་རྒྱན་ཆས་བཅུ་གསུམ་གྱིས་མཛེས་པར་སྤྲས་པ་སྣང་སྟོང་འཇའ་ཟེར་ཐིག་ལེའི་ཀློང་ན་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་ཞིང་ཐམས་ཅད་ཀྱི་ཁྱབ་བདག་ཏུ་བཞུགས་ཤིང༌། གཞན་ཡང་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་གདོད་ནས་རྣམ་པར་དག་པའི་གདན་གསུམ་ལྷ་ཡི་འཁོར་ལོར་རྫོགས་པའི་རྒྱལ་ཀུན་སྤྱི་གཟུགས་ཆེན་པོར་ལམ་གྱིས་གསལ་བའི་གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན་པར་མོས་ནས། རྒྱུད་རྣམ་པར་དག་པར་ཡེ་ཤེས་ཀྱི་གཟི་བྱིན་དབབ་པའི་སླད་དུ། ཐུགས་སྲོག་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་ནམ་མཁའ་གང་བའི་བླ་མ་རྒྱལ་བ་ཞི་ཁྲོ་རབ་འབྱམས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཁོར་རྣལ་འབྱོར་མའི་ཚོགས་ཐམས་ཅད་སྤྱན་དྲངས་ནས་སིབ་སིབ་ཐིམ་པས་ལྷན་སྐྱེས་བདེ་བ་ཆེན་པོ་རྡོ་རྗེའི་ཡེ་ཤེས་མངོན་དུ་སད་པས་ཐུགས་ཡིད་དབྱེར་མེད་དུ་གྱུར་པའི་མོས་པ་མཛོད། ཅེས་འདུན་པ་རྩེ་གཅིག་པས། ཨོཾ། སྟོང་པ་ཤིན་ཏུ་ཡོད་མེད་རྣལ་འབྱོར་མཐུས། །ནམ་མཁའ་བཞིན་དུ་དམ་ཚིག་ཉེ་བར་གནས། །བདེ་མཆོག་བདེ་བར་གཤེགས་པ་དགོངས་སུ་གསོལ། །རྡོ་རྗེ་སེམས་དཔའ་སྐལ་བཟང་དཔལ་ཁྱོད་བདག །ཨོཾ་སརྦ་མ་ཧཱ་གུ་རུ་མཎྜལ་ལ་དེ་ཝ་ག་ཎ་ཤཱནྟིཾ་ཀྲོ་དྷ་ཌཱ་ཀི་ནི་ཛྙཱ་ན་དྷརྨ་པཱ་ལ་བཛྲ་ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨཿ ཞེས་རྩ་སྔགས་བརྗོད། ཏིཥྛ་བཛྲས་བརྟན་པར་བྱས་པའི་མོས་པ་མཛོད། དེ་དག་གིས་སྔོན་འགྲོ་ཕྱི་ནང་གི་ཆོས་སོང་ནས་དངོས་གཞིའི་དབང་གི་སླད་དུ་མཎྜལ་ཕུལ། བླ་མ་སྐུ་བཞིའི་ཁྱབ་བདག་ལ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། བྱང་ཆུབ་རྡོ་རྗེའི་སངས་རྒྱས་ལ་སོགས་ལན་གསུམ། ཞེས་གསོལ་བ་བཏབ་པས་འཁོར་གྱི་ཚོགས་ཞིང་རྣམས་དགྱེས་པ་ཆེན་པོའི་ངོ་བོར་འོད་དུ་ཞུ་ནས་རིགས་ཀུན་ཁྱབ་བདག་བླ་མ་འཇམ་པའི་དབྱངས་ལ་ཐིམ། བླ་མ་ཉིད་སྐྱབས་གནས་ཀུན་འདུས་སྐུ་བཞིའི་དབང་ཕྱུག་ཏུ་བཞུགས་པའི་ཐུགས་ཀ་ནས་སློབ་དཔོན་སངས་རྒྱས་གསང་བ། པཎ་ཆེན་བི་མ་ལ། ཨོ་རྒྱན་སངས་རྒྱས་གཉིས་པ་སྟོན་འཁོར་སོགས་ལྷ་ཀླུ་མི་ཡི་རིག་འཛིན་གྱི་ཚོམ་བུ་འབུམ་ཕྲག་དང་བཅས་པའི་གདན་གསུམ་ཚང་བའི་དབང་ལྷ་ནམ་མཁའ་གང་བར་སྤྲོས། རིག་པའི་ལྷ་མོ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་བཅས་བུམ་པ་བདུད་རྩིས་གང་བ་ཐོགས་ནས་དབང་བསྐུར་བར་གྱུར། ཧཱུྃ། བཀྲ་ཤིས་བུམ་པ་ཆེན་པོ་ནི། བདེ་གཤེགས་བཞུགས་པའི་ཕོ་བྲང་སྟེ། །དཀྱིལ་འཁོར་རྫོགས་པར་གྱུར་པ་ཡི། །དབང་མཆོག་དེ་ཡང་ཁྱོད་ལ་སྦྱིན། །ཨོཾ་བཛྲ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུངས་ཤིང་དབང་བསྐུར་བས་བདུད་རྩིའི་ཆུ་རྒྱུན་གྱིས་ལུས་ཀྱི་ནང་ཐམས་ཅད་གང༌། ཉོན་མོངས་པ་ལྔ་ཡི་དྲི་མ་སྦྱངས། ལམ་བསྐྱེད་རིམ་བསྒོམ་པ་ལ་དབང༌། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་སོ། །བུམ་དབང་དང་འབྲེལ་བ་ནང་ནུས་འཇུག་གི་དབང་རྡོ་རྗེ་གསུམ་གྱི་བྱིན་རླབས་འབེབས་པ་ལ། རྗེ་འཇམ་མགོན་བླ་མ་དགུང་ལོ་བཅུ་དྲུག་བཞེས་པའི་ཤིང་ལུག་ས་ཟླའི་ཚེས་བརྒྱད་ལ་དག་པའི་སྣང་བར་རྒྱ་གར་རྡོ་རྗེ་གདན་ནམ། དྷ་ཧེ་ནའི་ཀེའུ་ཚང་རིམ་པ་དགུ་པའི་གཙུག་ལག་ཁང་རིམ་པ་བརྒྱད་པའི་ནང་སློབ་དཔོན་འཇམ་དཔལ་བཤེས་གཉེན་དང་མཇལ་ཏེ་མདོ་རྒྱུད་ཀྱི་གླེགས་བམ་ལ་བརྟེན་མདོ་སྔགས་ཆོས་ཚུལ་རྒྱ་མཚོའི་བཀའ་ལུང་བྱིན་རླབས་ཐམས་ཅད་རྫོགས་པ་ཡིན་ནོ་ཞེས་གསུངས་ཏེ་རྗེ་ཉིད་ལ་ཐིམ་པས་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔས་གཟུངས་ཀྱི་སྒོའི་ཡི་གེ་རེ་རེས་ཀྱང་དོན་དང་ཚིག་གི་རྣམ་གྲངས་བསྐལ་པའི་བར་ཟད་པ་མེད་པ་སྟོན་ནུས་པ་ལྟ་བུའི་མཁྱེན་རྟོགས་ཀྱི་རྩལ་རྫོགས་པའི་གཟིགས་སྣང་གིས་མཚོན་འཕགས་ཡུལ་ཤིང་རྟ་ཆེན་པོ་གཉིས། རྒྱན་དྲུག་སོགས་དང༌། བོད་ཡུལ་བཤད་ཀ་བཅུས་རྗེས་སུ་བཟུང་ཞིང་བྱིན་གྱིས་བརླབས་པ་དང་མཐུན་པར་སླར་ཡང་མོས་གུས་ཤུགས་དྲག་ཏུ་བསྐྱེད་དེ་གསོལ་བ་བཏབ་པས། བླ་མ་འཇམ་པའི་དབྱངས་ཀྱི་ཕྱག་གཡོན་པའི་ཨུཏྤལ་གྱི་སྡོང་བུ་ལ་གནས་པའི་ཆོས་སྒོ་རབ་འབྱམས་འདུས་པའི་གླེགས་བམ་ཉིད་ཡེར་གྱིས་བྱོན། ཨཱ་ལི་ཀཱ་ལིའི་རང་སྒྲ་སྒྲོག་བཞིན་པས་རང་གི་སྤྱི་བོ་ནས་ཞུགས་ཏེ་སྙིང་དབུས་སུ་སིབ་ཀྱིས་ཐིམ་པས་ཤིང་རྟ་ཆེན་པོ་རྣམ་པ་གཉིས་དང་རྒྱན་དྲུག །གངས་ཅན་བཤད་བརྒྱུད་ཀ་ཆེན་བཅུ་ལ་སོགས་པ་མདོར་ན་སྡེ་སྣོད་སྔགས་རྒྱུད་རྒྱ་མཚོ་འཆད་རྩོད་རྩོམ་གསུམ་ནུས་པའི་བྱིན་རླབས་ཁྱད་པར་ཅན་ཐོབ། གཟུངས་དང་སྤོབས་པ་བློ་གྲོས་མི་ཟད་པའི་གཏེར་ཆེན་པོ་བརྡོལ། གང་འདུལ་གྱི་ཆོས་སྒོ་རབ་འབྱམས་ཐོགས་མེད་དུ་འབྱེད་པ་ལ་སྨྲ་བའི་དབང་ཕྱུག་རྡོ་རྗེ་རྣོན་པོ་དངོས་སུ་གྱུར་པར་བསམ་ལ། དོན་ཟབ་དོན་ནི་རྒྱ་ཆེ་ཞིང༌། །དོན་ཆེན་མཚུངས་མེད་རབ་ཞི་བ། །ཐོག་མ་བར་དང་མཐར་དགེ་བ། །སྡེ་སྣོད་རྒྱུད་སྡེའི་དབང་ཐོབ་ཤོག །ཨོཾ་དྷརྨ་ས་ར་ཨ་བྷི་ཥིཉྩ་ཧཱུྃ། དབྱངས་གསལ་རྟེན་སྙིང་བརྗོད་དེ་མདོ་རྒྱུད་ཀྱི་གླེགས་བམ་སྤྱི་བོར་བཞག །དེས་བཤད་རྒྱུད་ཀྱི་བྱིན་རླབས་གྲུབ་ནས་སྒྲུབ་བརྒྱུད་ཀྱི་བྱིན་རླབས་འཕོ་བའི་དབང་བསྐུར་ནི། རྗེ་བླ་མ་དགུང་གྲངས་བདུན་དུ་ཕེབས་སྐབས་ཡང་གཏེར་རྡོ་རྗེའི་བདུད་རྩིའི་ཆོས་སྒོ་འཇམ་མགོན་བློ་གྲོས་མཐའ་ཡས་ལ་ཐོག་མར་ཕྱེས་པའི་དུས་སུ་ནུབ་ཕྱོགས་སོ་མ་པཱུ་རིའི་གཙུག་ལག་ཁང་དུ་ཕེབས་ནས་སྐལ་ལྡན་རྒྱལ་པོ་ཛཿདང་མཁའ་འགྲོ་ལས་ཀྱི་དབང་མོ་དབྱེར་མེད་དབང་གི་ཆུ་བོ་བཞི་རྫོགས་སུ་བཀའ་བབ་བརྙེས་པར་ལུང་བསྟན་པ་བཞིན་དཔའ་བོ་དང་རྣལ་འབྱོར་མའི་ཁྱུ་མཆོག་དཔལ་ཧེ་རུ་ཀ་གསང་འཛིན་རྡོ་རྗེ་ཆོས་དང་གཉིས་སུ་མེད་པའི་འཕགས་ཡུལ་གྱི་རྣལ་འབྱོར་དབང་ཕྱུག་བརྒྱད་ཅུ་རྩ་བཞི། གུ་རུ་རིན་པོ་ཆེ་རྗེ་འབངས་དང་བཅས་པས་མཚོན་པའི་གངས་ཅན་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་དབང་བསྐུར་གདམས་པ་དང་རྗེས་སུ་བསྟན་པས་གཉིས་སུ་མེད་པར་བྱིན་གྱིས་བརླབས་ཏེ་སྨིན་གྲོལ་རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་གསང་མཛོད་གཏད་པ་དང་མཐུན་པར་སླར་ཡང་དད་མོས་གདུང་ཤུགས་ཀྱིས་གསོལ་བ་བཏབ་པས་བླ་མ་འཇམ་པའི་དབྱངས་ཀྱི་ཕྱག་གཡས་པའི་ཚེ་བུམ་ལས་ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་འབེབས་བཞིན་པ་སྤྲོས། སྤྱི་བོ་ནས་དབང་བསྐུར། བདུད་རྩིའི་རྒྱུན་གྱིས་ལུས་ཀྱི་ནང་གང༌། རྣལ་འབྱོར་དབང་ཕྱུག་བརྒྱད་ཅུ་རྩ་བཞི། སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ལ་སོགས་པའི་རྒྱུད་སྡེ་རྒྱ་མཚོའི་དབང་བཞི་དང་རྡོ་རྗེ་གསུམ་གྱི་བྱིན་རླབས་མཐའ་དག་ཐོབ། ལམ་བཞིའི་ཡོན་ཏན་ཇི་བཞིན་མངོན་དུ་གྱུར། གསང་དབང་ཟབ་མོའི་ཚུལ་ཉན་སྒོམ་སྒྲུབ་པ་ལ་དབང༌། དོན་གཉིས་ཀྱི་ལམ་ཐམས་ཅད་སྒྲུབ་ནུས་པ་གསང་བའི་བདག་པོ་དང་གཉིས་སུ་མེད་པའི་བྱིན་རླབས་དང་དབང་བསྐུར་ཡོངས་སུ་རྫོགས་པར་མོས་པས། སྒྱུ་འཕྲུལ་དྲྭ་བའི་ཚུལ་བསྟན་པ། ཟབ་ཅིང་ཡངས་ལ་རྒྱ་ཆེ་བ། །དོན་ཆེན་འགྲོ་བའི་དོན་བྱེད་པ། །གསང་བ་ཟབ་མོའི་དབང་ཐོབ་ཤོག །ཨོཾ་མནྟྲ་གུ་ཧྱ་ཨ་བྷི་ཥིཉྩ་ཧཱུྃ། ཚེ་བུམ་སྤྱི་བོར་བཞག །གསང་བ་ཟབ་མོའི་དབང་གི་སླད་དུ་རྗེ་བླ་མ་རྡོ་རྗེའི་རིག་འཛིན་བདེ་བ་ཆེན་པོ་དཔལ་ཧེ་རུ་ཀ་མཆོག་ལ་གྲུབ་ཆེན་ས་ར་ཧ་དང་རྒྱལ་པོ་ཛཿས་གསང་བ་ཟབ་མོའི་དབང་གིས་ཐུགས་རྒྱུད་བསྐུལ་བས་བརྟན་གཡོ་ཐམས་ཅད་བདེ་སྟོང་རོལ་པའི་ཆོ་འཕྲུལ་དུ་གཟིགས་ཏེ་རིག་རྩལ་ཕྱོགས་མེད་དུ་རྒྱས་ཤིང་འོད་གསལ་མཁའ་ལྟར་ཞི་བའི་དབྱིངས་སུ་སྙོམས་པར་ཞུགས་པ་ལྟར་བླ་མ་རྡོ་རྗེ་འཆང་ཆེན་པོ་ལོངས་སྤྱོད་རྫོགས་སྐུ་ཡབ་ཡུམ་གྱི་རྣམ་པར་བཞེངས་ཏེ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོར་ལྕེ་ཐོག་ཏུ་བཞག་པར་གྱུར་པའི་མོས་པས། ཧཱུྃ། དགའ་བ་བྱང་ཆུབ་སེམས་ཆེན་པོ། །ཀུན་ཏུ་ཚིམ་པར་བྱེད་པ་ཡི། །དཀར་དམར་ལྷག་པའི་བྱང་ཆུབ་སེམས། །དབང་ཐོབ་ཁྱོད་ཀྱི་ལྕེ་ལ་བཞག །ཨོཾ་བཛྲ་གུ་ཧྱ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བྱིན་པའི་བདུད་རྩི་དེ་ཉིད་ཨོཾ་ཨཱཿཧཱུྃ་གིས་མྱོང་བས་གསལ་སྟོང་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས། དེས་གསང་བའི་དབང་ཐོབ། ངག་གི་དྲི་མ་སྦྱངས། ལམ་རྩ་རླུང་བསྒོམ་པ་ལ་དབང༌། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་སོ། །ཤེར་དབང་སྐབས་རྗེ་བླ་མ་བརྟུལ་ཞུགས་གྲུབ་པའི་དཔའ་བོ་མཆོག་ལ་མཁའ་སྤྱོད་རྡོ་རྗེ་བཙུན་མོ་དང༌། རང་གྲོལ་གྱི་རྣལ་འབྱོར་མ་པདྨའི་མཚན་ཅན། སྨན་བཙུན་རྡོ་རྗེ་གཡར་མོ་བསིལ་སོགས་ཀྱི་ཞིང་སྔགས་ལྷན་སྐྱེས་ཀྱི་ཌཱ་ཀི་འདུ་བས་བཛྲ་ཨ་ར་ལིའི་སྦྱོར་བ་བསྟབས་པས་རྡོ་རྗེའི་གསང་སྤྱོད་ལ་དབང་ཐོབ་པ་བཞིན་བླ་མའི་ཐུགས་ཀ་ནས་རིག་མ་གཟུགས་དང་ལང་ཚོ་རྫོགས་པ་རྡོ་རྗེ་བཙུན་མོའི་ངོ་བོ་ཅན་སྤྲོས་ཏེ་ཐར་པ་བསྟེན་པར་བསྐུལ་བར་གྱུར་པའི་མོས་པས། རིག་ཙཀ་གཏད་དེ། ལྷ་མོ་འདི་ནི་ཕྱག་རྒྱ་ཆེ། །མཐའ་ཡས་བདེ་བ་སྦྱིན་པ་མོ། །རྣམ་པ་ཀུན་ཏུ་ཕྱག་རྒྱར་ལོངས། །བུ་ཡིས་བླ་མེད་མཆོད་པར་གྱིས། །ཨོཾ་བཛྲ་པྲཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ། ཕྱག་རྒྱ་དང་འདུ་ཤེས་གསུམ་ལྷན་གྱིས་མཉམ་པར་སྦྱར་བས་དགའ་བ་བཞིའི་རིམ་པས་མཚོན་བྱེད་དཔེའི་ཡེ་ཤེས་ཉམས་སུ་མྱོང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དེས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་སྦྱངས། ལམ་ཐིག་ལེ་བསྒོམ་པ་ལ་དབང༌། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་སོ། །རྗེ་བླ་མ་དཔལ་རྡོ་རྗེ་སེམས་དཔའི་སྨིན་གྲོལ་གྱི་རྗེས་སུ་བཟུང་བ་ཐམས་ཅད་དཀྱིལ་འཁོར་གྱི་བདག་པོའི་གོ་འཕང་མངོན་དུ་བྱེད་པ་བརྡའི་ལུང་བསྟན་པ་དང༌། རྣལ་འབྱོར་མའི་ཆོས་འབྲེལ་ཐོབ་པ་ཐམས་ཅད་རིམ་པར་བྱིན་རླབས་ཐོབ་པའི་ལྟས་གཟིགས་པ་སོགས་ལྷག་པའི་ལྷ་དུ་མས་གསང་བ་གསུམ་གྱི་དཀྱིལ་འཁོར་དང་གཉིས་སུ་མེད་པའི་གོ་འཕང་སྒྲ་ཇི་བཞིན་དུ་བརྙེས་པའི་ཕྱིར་ཚུལ་དང་མཐུན་པར་འཇུག་པའི་དབང་གིས་གཙོ་བོ་ཡི་དམ་ལྷ་ཡི་དབང་བསྐུར་བར་མངའ་གསོལ་བའི་ཕྱིར་འཇམ་མགོན་བླ་མའི་ཕྱག་གི་རྡོར་དྲིལ་དང༌། ཡི་དམ་གྱི་ལྷ་དང་གཉིས་སུ་མེད་པའི་རིག་འཛིན་རྣལ་འབྱོར་གྲུབ་པ་ཕོ་མོའི་ཚོགས་ཐམས་ཅད་ཀྱི་ཐུགས་བདེ་སྟོང་གི་ཡེ་ཤེས་ཀྱི་ཕྱག་རྒྱའི་བྱིན་རླབས་ཡི་དམ་གྱི་ལྷ་ཞི་ཁྲོ་རབ་འབྱམས་སྤྲོས། ཐམས་ཅད་དཔལ་རྡོ་རྗེ་སེམས་དཔའ་རིགས་ཐམས་ཅད་ཀྱི་ཁྱབ་བདག་གཅིག་གི་སྐུ་ཡི་རྣམ་པར་གྱུར་ཏེ་རང་གི་སྙིང་གར་ཐིམ་པས་སྒོ་གསུམ་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པར་སད་དེ་ཡི་དམ་ལྷག་པའི་ལྷ་རབ་འབྱམས་ཀྱི་གསང་བ་མི་ཟད་པ་རྒྱན་གྱི་འཁོར་ལོ་དང་གཉིས་སུ་མེད་པར་གྱུར་པར་དབང་དང་བྱིན་རླབས་དངོས་གྲུབ་ཐམས་ཅད་ཐོབ་པར་མོས། ཨོཾ་ཨཱཿཧཱུྃ། དཔལ་ལྡན་སངས་རྒྱས་སྐུ་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་གྱི་བདག །དེང་འདིར་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་དབང་བསྐུར་རོ། །ཨོཾ་བཛྲ་ཛྙཱ་ན་ཀཱ་ཡ་ཝཱཀ་ཙིཏྟ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ། རྡོར་སེམས་ཀྱི་སྐུ་གནས་གསུམ་དུ་བཞག་ལ། རྡོར་དྲིལ་ཐོགས་ཏེ། ཧཱུྃ་ལས་བྱུང་བའི་རྡོ་རྗེ་ཐབས་ཀྱི་རང་བཞིན་དང༌། མུཾ་ལས་བྱུང་བའི་དྲིལ་བུ་ཤེས་རབ་ཀྱི་རང་བཞིན་ལག་གཡས་གཡོན་དུ་གཏད་པས་རྡོ་རྗེ་སློབ་དཔོན་མཆོག་ཏུ་མངའ་གསོལ་བས་རིགས་ཀུན་ཁྱབ་བདག་འཇམ་མགོན་ཆོས་ཀྱི་རྒྱལ་པོ་དང་གཉིས་སུ་མེད་པ་གསང་བ་རྒྱ་མཚོའི་མངའ་བདག་ཏུ་གྱུར་པར་མོས་ཤིག །རྡོ་རྗེ་ཆེ་དང་དྲིལ་བུ་ཆེ། །ཟུངས་ཤིག་རྡོ་རྗེར་བྱིན་གྱིས་བརླབས། །དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སློབ་མའི་ཚོགས་རྣམས་བསྡུ་བར་གྱིས། །ཞེས་བརྗོད་དེ། རྡོ་རྗེ་ཐུགས་ཀར་གཏོད། དྲིལ་བུ་དཀྲོལ་ཏེ་དཀུར་བསྟེན། མཐར་འཁྱུད་རྒྱ་ཐུགས་ཀར་བཟུང་བ་དང༌། འཁོར་ལོ། དུང༌། པོ་ཏི། ཕྱག་ཤིང་སོགས་མདུན་དུ་བཀོད་པས་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་སློབ་མ་རྗེས་སུ་འཛིན་པའི་ཕྲིན་ལས་ལ་དབང་འབྱོར་བར་གྱུར། རྗེ་བཙུན་དཔལ་མགོན་བླ་མ་རིན་པོ་དགུང་གྲངས་བཅུ་དྲུག་པར་རྔ་ཡབ་པདྨ་འོད་དུ་ཕེབས་ཏེ་གུ་རུ་རིན་པོ་ཆེའི་དགོངས་པས་ངོ་སྤྲད་ཅིང་བརྡ་ཡི་དབང་བསྐུར་བཀའ་བབ་བདུན་འབྱུང་བའི་དབུགས་དབྱུང་དུ་གྱུར་ཐུགས་ཡིད་དབྱེར་མེད་དུ་འདྲེས་པ་དང༌། རིག་འཛིན་དགའ་རབ་རྡོ་རྗེ་དང༌། ཤྲཱི་སེང་ཧ། བི་མ་ལ། ཀུན་མཁྱེན་བླ་མ་ཡབ་སྲས་ཀྱི་རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་བསྐུར། རྫོགས་ཆེན་སྡེ་གསུམ་གྱི་གསང་མཛོད་གཏད་པས་རིག་པ་རྩལ་གྱི་དབང་རྫོགས་པ་བཞིན་དབང་བཞི་པའི་སླད་དུ་བླ་མ་རྡོ་རྗེ་འཆང་ཆེན་པོས་རྡོ་རྗེའི་ཚིག་གིས་ངོ་སྤྲོད་པར་གྱུར་པའི་མོས་པས། ཡེ་ཤེས་འདི་ནི་ཤིན་ཏུ་ཕྲ། །རྡོ་རྗེ་སྙིང་པོ་མཁའ་འདྲ་ཞིང༌། །རྡུལ་བྲལ་བ་ནི་ཞི་བའི་ཆོས། །རང་གི་རང་བཞིན་དེ་ཉིད་དོ། །ཨོཾ་བཛྲ་དྷརྨཱ་དྷཱ་ཏུ་ཨ་བྷི་ཥིཉྩ་ཨ། བྱིན་རླབས་འཕོ་བའི་རིམ་པས་མཚོན་བྱ་དོན་གྱི་ཡེ་ཤེས་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་གནས་ལུགས་མངོན་སུམ་དུ་མཐོང་བར་བསམ་ལ་མཉམ་པར་བཞག །དེས་དབང་བཞི་པ་ཐོབ། ཡེ་ཤེས་ཀྱི་དྲི་མ་སྦྱངས། ལམ་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང༌། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་སོ། །ཚིག་དབང་བསྐུར་མཐར། རྡོར་སེམས་ཀྱི་སྐུ། མདོ་རྒྱུད་ཀྱི་གླེགས་བམ། རྡོར་དྲིལ་རྣམས་གནས་གསུམ་དུ་བཞག་ལ། ཨོཾ་ཨཱཿཧཱུྃ། ཀུན་བཟང་རྡོར་སེམས་རིགས་ལྔ་འཇམ་པའི་དབྱངས༔ དགོངས་པ་རོ་གཅིག་སྐུ་གསུམ་རྣམ་དབྱེར་མེད༔ ཤྲཱི་སེང་ཧ་རིག་རྩལ་རང་དབང་ཐོབ༔ བི་མ་མི་ཏྲ་འཕོ་ཆེན་ཡེ་ཤེས་སྐུ༔ པདྨ་འབྱུང་གནས་རྩ་གསུམ་རྒྱ་མཚོའི་དངོས༔ རྒྱལ་པོ་ཛཿདང་སངས་རྒྱས་གསང་བ་གཉགས༔ བཻ་རོ་ཙ་ན་ནམ་མཁའི་སྙིང་པོ་དང༔ སངས་རྒྱས་ཡེ་ཤེས་ཚངས་པའི་མེ་ཏོག་དང་༔ བཀའ་བབ་བདུན་ལྡན་འཇམ་དབྱངས་མཁྱེན་བརྩེའི་དབང༔ འཇམ་མགོན་བླ་མ་བློ་གྲོས་ཕ་མཐའ་ཡས༔ ཟབ་གཏེར་མངའ་བདག་མཆོག་གྱུར་གླིང་པ་སོགས༔ བརྒྱུད་གསུམ་བླ་མ་འཆི་མེད་རིག་འཛིན་ཆེ༔ ཚིག་དོན་བྱིན་རླབས་ཆུ་རྒྱུན་མ་ཆད་པའི༔ བཀའ་དྲིན་ཅན་གྱི་སྙན་བརྒྱུད་བླ་མ་སོགས༔ ཕྱོགས་བཅུ་དུས་བཞིའི་རྩ་བརྒྱུད་བླ་མ་དང༔ ཡི་དམ་ཞི་ཁྲོ་དཔའ་བོ་མཁའ་འགྲོ་མ༔ དབྱིངས་དང་ཡེ་ཤེས་ཆོས་སྲུང་རྒྱ་མཚོའི་ཚོགས༔ སྐལ་ལྡན་སློབ་མ་རིགས་ཀྱི་བུ་རྣམས་ལ༔ ཐུགས་རྗེས་བརྩེར་དགོངས་ཡེ་ཤེས་བྱིན་ཆེན་ཕོབ༔ ཕྱི་ནང་གསང་བའི་ལམ་གྱི་བར་ཆད་སོལ༔ ཐུགས་རྒྱུད་དགོངས་པའི་བྱིན་རླབས་དབང་མཆོག་སྐུར༔ རྩ་རླུང་ཐིག་ལེ་སེམས་ཀྱི་སྒྲིབ་པ་སྦྱོངས༔ ཕུང་པོ་རྩ་ཁམས་སྣང་སྟོང་སྤྲུལ་སྐུར་དག༔ ངག་རླུང་མི་ཤིགས་བདེ་ཆེན་ལོངས་སྤྱོད་རྫོགས༔ ཡིད་དང་ཐིག་ལེ་འོད་གསལ་མཆོག་སྐུར་སྨིན༔ དབྱེར་མེད་ཡེ་ཤེས་བླ་མའི་ས་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་མཉྫུ་གྷོ་ཥ་པདྨ་དྷེ་ཝ་དྷཱ་ཀི་ནི་ཤྲཱི་དྷརྨ་པཱ་ལ་སརྦ་སིདྡྷི་ཕ་ལ་ཧཱུྃ། ཀཱ་ཡ་ཀ་ལ་ཤ་ཝཱཀ་གུ་ཧྱ་ཙིཏྟ་པྲཛྙཱ་ཛྙཱ་ན་དྷཱ་ཏུ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧོཿ སྐུ་གསུང་ཐུགས་རྟེན་རྣམས་སློབ་མའི་གནས་གསུམ་བཞག །དཔོན་སློབ་གཉིས་ཀས་མཉམ་པར་བཞག །ཤིས་པ་བརྗོད། དམ་ཚིག་ཁས་བླང་མཎྜལ་ལུས་འབུལ་དགེ་བསྔོ་རྣམས་བྱས་ལ་སློབ་མ་རྣམས་གྲོལ། སློབ་དཔོན་གྱིས་སླར་ཡང་ཏིང་ངེ་འཛིན་གྱི་དབང་ལེན་བསྡུས་ཙམ་བྱས་ཏེ་རྗེས་རིམ་མཐའ་རྒྱས་སུ་བྱས་ལ་དགེ་ལེགས་སུ་བྱའོ། །བཀའ་གཏེར་རབ་འབྱམས་རྒྱུད་དང་སྒྲུབ་ཐབས་ཀྱི། །དཀྱིལ་འཁོར་འཁོར་ལོ་བླ་མའི་གསང་གསུམ་སྟེ། །དེ་ཡི་སྨིན་བྱེད་གསར་དུ་སྤྲོས་འདི་ཡང༌། །འབྲེལ་ཚད་རྡོ་རྗེ་བཞི་དབྱིངས་བྱང་ཆུབ་ཤོག །ཅེས་པ་འདི་ནི་ཐུབ་མཆོག་དོན་ཀུན་གྲུབ་པའི་རིང་ལུགས་ལུང་རྟོགས་ཀྱི་བསྟན་པ་སྒྲ་ཇི་བཞིན་པ་འཛིན་པས་རིས་སུ་མ་ཆད་པ་ལ་འཆད་སྤེལ་ཆོས་རྒྱུན་སྤེལ་བའི་ཐུགས་བསྐྱེད་དང་མཛད་པ་གསེར་སྦྱངས་ལྟར་གཙང་བའི་འཕགས་ཆེན་དམ་པའི་སྐྱེས་ཆེན་འཁྲུལ་ཞིག་མཆོག་སྤྲུལ་རིན་པོ་ཆེ་འགྱུར་མེད་ཆོས་ཀྱི་བློ་གྲོས་རིན་པོ་ཆེ་དང༌། འཕགས་ཡུལ་བཻ་ཧཱར་གྱི་དགེ་སློང་དད་མོས་རྣམ་པར་དཀར་བ་ཤྲཱི་ཀརྨ་ལྷག་མཐོང་བཅས་ནས་གསུང་བསྐུལ་ཆེད་དུ་གནང་བ་བཞིན་དག་སྣང་ཉེ་བརྒྱུད་སོགས་གང་ཡང་མིན་ཀྱང་བཀའ་གཏེར་གྱི་ཆོས་བརྒྱུད་ཐམས་ཅད་འཇམ་མགོན་བླ་མ་རྣམ་གཉིས་ལས་བྱུང་བའི་ཕྱིར་འདི་ལྟར་བགྱིས་ན་གཟུ་ལུམ་གྱི་ནོངས་པ་མེད་ཁུལ་གྱིས་གསང་བ་ཟབ་མོའི་རྣམ་ཐར་གྱི་ཁུངས་དང་འབྲེལ་ཞིང་མོས་གུས་སྐྱེད་པའི་ཐབས་གཙོ་བོར་བཟུང་སྟེ་བླ་མ་འཇམ་པའི་དབྱངས་ཀྱིས་ཚེ་རབས་ཐམས་ཅད་དུ་རྗེས་སུ་འཛིན་པའི་སྐལ་བཟང་ཕྲ་མོ་ཐོབ་པའི་འབངས་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་མེ་སྦྲུལ་ཆོ་འཕྲུལ་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བཅུ་ལ་དཔལ་ནཻ་པཱ་ལའི་རྒྱལ་ཁབ་ཆེན་པོའི་ཤར་ཕྱོགས་སྦས་ཡུལ་ཤོད་རོང་གྲུབ་པའི་སྨན་ལྗོངས་གངས་བྲག་ནགས་ཀྱི་ལྷུན་པོ་ན་བུན་དང་དག་བྱེད་ཀྱི་རྒྱན་ཕྲེང་མཛེས་པའི་སྨིན་གྲོལ་ཐུབ་བསྟན་ཆོས་གླིང་དུ་གདམས་ངག་རིན་པོ་ཆེའི་མཛོད་ཀྱི་ཆོས་སྒོ་འབྱེད་དེ་གནས་པའི་སྐབས་བྲིས་ཤིང་སྤེལ་བ་འདིས་ཀྱང་འབྲེལ་ཚད་རྗེ་བཙུན་བླ་མ་ཐམས་ཅད་མཁྱེན་ཅིང་གཟིགས་པའི་ཟག་མེད་ཀྱི་རྣམ་ཐར་བསམ་མི་ཁྱབ་པའི་གསང་བ་ལ་ཅི་དགར་ལོངས་སུ་སྤྱོད་པའི་སྐལ་བཟང་དུ་སྨོན་པ་བཞིན་གྲུབ་པར་གྱུར་ཅིག །དགེའོ། །མངྒ་ལཾ།། །།

Footnotes

Other Information