DKR-KABUM-03-GA-001: Difference between revisions
From Khyentse Lineage - A Tsadra Foundation Project
DKR-KABUM-03-GA-001
WikiBot2015 (talk | contribs) No edit summary |
WikiBot2015 (talk | contribs) No edit summary |
||
Line 1: | Line 1: | ||
{{ | {{Khyentse Metadata | ||
|classification=Tibetan Publications | |||
< | |subclass=Tibetan Texts | ||
|collectiontitle=dil mgo mkhyen brtse bka' 'bum | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|totalvolumes=25 | |||
|author=Khyentse, Dilgo | |||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=GA | |||
|textnuminvol=001 | |||
|pdflink=File:DKR-KABUM-03-GA-001.pdf | |||
}} | |||
{{Header}} | |||
<h1 style="font-size: 24px !important;">Tibetan Text</h1> | |||
<onlyinclude> | <onlyinclude> | ||
{{TibP|༄༅། །སྐྱེ་ཕྲེང་གསོལ་འདེབས་པདྨ་དཀར་པོའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ།། | |||
༄༅། །རྡོ་རྗེ་རིག་འཛིན་བྱེ་བའི་གཙུག་ཕུད་རྩེར། །རྡོ་རྗེ་ཐེག་པའི་ལམ་བཟང་སྟོན་མཁས་པ། །རྡོ་རྗེ་འཆང་དངོས་འགྱུར་མེད་གྲུབ་པའི་དཔྱིད། །རྡོ་རྗེ་སློབ་དཔོན་མཆོག་དེས་དགེ་ལེགས་སྩོལ། །ཕྱོགས་བཅུའི་ཞིང་དང་དུས་གསུམ་བདེ་བར་གཤེགས། །སྲས་བཅས་རྒྱལ་བའི་ཐུགས་ཀྱི་དཔལ་བེའུ། །ཡེ་ཤེས་སེམས་དཔའི་སྐུ་ཅན་འཇམ་དཔལ་དབྱངས། །སྲིད་ཞིའི་ཁྱབ་བདག་གྱུར་ལ་གསོལ་བ་འདེབས། །སྔོན་ཚེ་དག་པའི་ཞིང་མཆོག་མཉམ་པ་ན། །དེ་བཞིན་གཤེགས་པ་ཀླུ་ཡི་རིགས་མཆོག་གིས། །བགྲང་ཡས་གདུལ་བྱ་བྱང་ཆུབ་གསུམ་འགོད་ཕྱིར། །ཐེག་མཆོག་བདུད་རྩི་བསྩལ་ལ་གསོལ་བ་འདེབས། །ད་ལྟ་མི་མཇེད་འཇིག་རྟེན་བྱང་གི་ཕྱོགས། །རྟག་པར་རབ་དགའ་སྡུག་ཅིང་མོས་པའི་ཞིང༌། །སངས་རྒྱས་རབ་དགའ་རིན་ཆེན་བརྩེགས་པའི་རྒྱལ། །འཚོ་ཞིང་གཞེས་ཏེ་བཞུགས་ལ་གསོལ་བ་འདེབས། །མ་འོངས་གྲངས་མེད་བསྐལ་པ་བགྲང་ཡས་མཐར། །ལྷོ་ཕྱོགས་རྡུལ་བྲལ་ཡང་དག་བསགས་པ་རུ། །མགོན་པོ་ཀུན་ཏུ་གཟིགས་སུ་སངས་རྒྱས་ནས། །རྫོགས་སྨིན་སྦྱངས་མཐར་སོན་ལ་གསོལ་བ་འདེབས། །སྔོན་ཚེ་ཤར་ཕྱོགས་འབྱུང་བཟང་འཇིག་རྟེན་དུ། །སངས་རྒྱས་འབྲུག་སྒྲའི་དབྱངས་ཀྱི་སྤྱན་སྔ་རུ། །རྒྱལ་པོ་ནམ་མཁར་སྐྱེས་ཏེ་ཐུགས་བསྐྱེད་ནས། །ཟབ་རྒྱས་སྤྱོད་པ་སྤྱད་ལ་གསོལ་བ་འདེབས། །རབ་འབྱམས་ཞིང་ནས་སངས་རྒྱས་སྲས་ཀྱི་མཆོག །བགྲང་ཡས་ཆོས་སྒོ་འབྱེད་དང་རྫུ་འཕྲུལ་སྟོན། །གདུལ་དཀའ་འདུལ་ཕྱིར་གང་འདུལ་རོལ་པ་སོགས། །རྣམ་ཐར་བསམ་མི་ཁྱབ་ལ་གསོལ་བ་འདེབས། །སྟོན་པའི་དྲུང་ན་རྒྱལ་སྲས་ཐུ་བོ་དང༌། །ཉན་རང་འཕགས་པ་དགེ་བའི་བཤེས་གཉེན་ཆེ། །རྒྱལ་བློན་ཁྱིམ་པའི་རྣམ་རོལ་དུ་མ་ཡིས། །ཕྲིན་ལས་རྒྱུན་མི་འཆད་ལ་གསོལ་བ་འདེབས། །འཕགས་པའི་ཡུལ་དུ་བདེ་གཤེགས་སྐུ་ཡི་རིགས། །འཇམ་དཔལ་ཞི་ཁྲོའི་རྒྱུད་ལུང་བཀའ་བ་བརྙེས། །ཐེག་མཆོག་ཤིང་རྟའི་སྲོལ་འབྱེད་སློབ་དཔོན་ཆེ། །འཇམ་དཔལ་བཤེས་གཉེན་གྲགས་ལ་གསོལ་བ་འདེབས། །འཕོ་ཆེན་ཡེ་ཤེས་རྡོ་རྗེའི་སྐུ་མཆོག་བརྙེས། །མཚུངས་མེད་པཎ་གྲུབ་ལྔ་བརྒྱའི་གཙུག་གི་རྒྱན། །གངས་ལྗོངས་འོད་གསལ་བསྟན་པ་འབྱུང་གནས་གྱུར། །པཎ་ཆེན་བི་མ་མི་ཏྲར་གསོལ་བ་འདེབས། །དབུ་མའི་སྲོལ་འབྱེད་སློབ་དཔོན་ལེགས་ལྡན་འབྱེད། །དངོས་ཀུན་ལྷན་སྐྱེས་ཡེ་ཤེས་ཕྱག་རྒྱ་ཡིས། །བདེ་ཆེན་དྲྭ་བ་སྡོམ་པའི་སྐུར་བཞེངས་པ། །རྡོ་རྗེ་དྲིལ་བུ་པ་ལ་གསོལ་བ་འདེབས། །པཎ་ཆེན་ཆེན་སྒོ་མཐའ་ཡས་པའི་བློ་གྲོས་དང༌། །ནགས་ཀྱི་རིན་ཆེན་ཨ་མོ་གྷ་བཛྲ། །རྟེན་འབྲེལ་མངའ་བརྙེས་དམ་པ་སངས་རྒྱས་སོགས། །སྣ་ཚོགས་རོལ་པར་སྟོན་ལ་གསོལ་བ་འདེབས། །ཁྱད་པར་མ་ཧཱ་བྷོ་ཊའི་ལྗོངས་ཆེན་པོར། །ཐུབ་བསྟན་སྐབས་གསུམ་དག་བྱེད་དྲངས་པའི་ཕྱིར། །ཐུགས་བསྐྱེད་དྲང་སྲོང་དམོད་ལྡན་མངའ་བདག་ཆེ། །ཁྲི་སྲོང་ལྡེའུ་བཙན་ཞབས་ལ་གསོལ་བ་འདེབས། །པདྨའི་ཐུགས་བཅུད་ཐུན་མིན་མཐའ་དག་གི །སྣོད་ལྡན་རྗེ་འབངས་འདུས་པ་ཡོངས་ཀྱི་གཙོ། །འབྲེལ་ཚད་དོན་ལྡན་རྡོ་རྗེའི་ལུང་གིས་བསྔགས། །རྒྱལ་སྲས་ལྷ་རྗེའི་ཚུལ་བསྟན་ལ་གསོལ་བ་འདེབས། །བཀའ་བརྒྱུད་བསྟན་པའི་འབྲས་བུའི་དུས་ལས་ཡོལ། །བོད་ཡུལ་ཕྱི་མའི་གདུལ་བྱའི་དུས་བབས་ཚེ། །གཏེར་འབྱིན་ཀུན་གྱི་ཐོག་མར་རིག་པ་འཛིན། །སངས་རྒྱས་བླ་མར་བྱོན་ལ་གསོལ་བ་འདེབས། །མདོ་སྔགས་སྟོན་པའི་མཚན་དང་སྐུའི་བཀོད་པ། །གཅིག་དྲིལ་བླ་མ་བསྟན་གཉིས་སྐོར་གསུམ་སོགས། །རྨད་བྱུང་གདམས་པས་སྐལ་ལྡན་དབུགས་དབྱུང་བསྩལ། །རྒྱ་ལོ་རྡོ་རྗེ་བཟང་པོར་གསོལ་བ་འདེབས། །ཇོ་བོའི་ཐུགས་སྲས་ནག་ཚོ་ལོ་ཙཱ་བ། །སྤྱན་རས་གཟིགས་དངོས་འབྲོམ་སྟོན་ཨུ་པཱ་སི། །སྙན་བརྒྱུད་བསྟན་པའི་བདག་པོ་རས་ཆུང་པ། །རྗེ་བཙུན་འཇའ་ཚོན་སྐུ་ཅན་ལ་གསོལ་བ་འདེབས། །དྭགས་བརྒྱུད་སྙིང་པོའི་བསྟན་པས་འཛམ་གླིང་ཁྱོན། །ཁྱབ་མཛད་མཉམ་མེད་ལྷ་རྗེ་སྒམ་པོ་པ། །གསང་ཆེན་བསྟན་པའི་རྒྱན་གཅིག་རྡོ་རྗེ་འཛིན། །འཁོན་སྟོན་གྲགས་པ་རྒྱལ་མཚན་ལ་གསོལ་བ་འདེབས། །བོད་ཡུལ་བསྟན་པའི་མངའ་བདག་ཆོས་ཀྱི་རྒྱལ། །བློ་གྲོས་རྒྱལ་མཚན་རྩོད་མེད་ཨ་ཏི་ཡི། །སྲོལ་འབྱེད་སིདྷ་ཤྭ་ར་ཟབ་གཏེར་བདག །ཉི་མ་སེང་གེ་རྣམས་ལ་གསོལ་བ་འདེབས། །ཆོས་བོན་སྨན་རྩིས་བཀའ་བབ་ཀུ་ས་སྨན། །དོ་བན་རྒྱ་མཚོ་འོད་དང་ཤཱཀྱ་འོད། །གྲ་སྒོམ་ཆོས་ཀྱི་རྡོ་རྗེ་ཁྱུང་གི་གདུང༌། །ཤཱཀྱ་དར་པོ་རྣམས་ལ་གསོལ་བ་འདེབས། །ཨོ་རྒྱན་ཌཱ་ཀིའི་གསང་མཛོད་གཅིག་ཏུ་དྲིལ། །གུ་རུའི་ཐུགས་དམ་ཡོངས་ཀྱི་སྙིང་གི་བཅུད། །བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་སྒོ་འབྱེད་མཆོག །ཡར་རྗེ་ཨོ་རྒྱན་གླིང་པར་གསོལ་བ་འདེབས། །ཨོ་རྒྱན་རྒྱལ་ཚབ་ཡོངས་ཀྱི་རྩེ་མོར་བྱོན། །མངའ་བདག་སྐུ་སྤྲུལ་ཟབ་གཏེར་ཆུང་ཀླུང་འཁྱིལ། །གཏེར་འབྱིན་གྲུབ་པའི་སྤྱི་མེས་མཚུངས་ཟླ་བྲལ། །ཉང་རལ་ཉི་མ་འོད་ཟེར་ལ་གསོལ་བ་འདབས། །འཇིག་རྟེན་དབང་ཕྱུག་ཟབ་གཏེར་འདྲེན་པར་བྱོན། །ཕྲིན་ལས་བོད་ཡུལ་འཛིན་མའི་ཐ་གྲུར་བརྡལ། །ཁྲི་སྲོང་གསུང་སྤྲུལ་རྨད་བྱུང་སྤང་རྗེ་སྟོན། །གུ་རུ་ཆོས་ཀྱི་དབང་ཕྱུག་ལ་གསོལ་བ་འདེབས། །རྣམ་དཔྱོད་བ་དན་འཇིག་རྟེན་གསུམ་ན་མཛེས། །འོད་གསལ་བསྟན་པ་མཁའ་ཁྱབ་བཞིན་དུ་གསལ། །ཀུན་བཟང་གདོད་མའི་མགོན་པོ་བསམ་ཡས་པ། །ཀུན་མཁྱེན་ཀློང་ཆེན་རབ་འབྱམས་གསོལ་བ་འདེབས། །དོལ་སྟོན་ལས་གླིང་གནས་གསར་མཁྱེན་བརྩེའི་དབང༌། །གར་དབང་ལས་འཕྲོ་གླིང་དང་ར་ཞི་པ། །པདྨ་རིག་འཛིན་ཆོས་རྗེ་གླིང་པའི་བར། །ལྷ་རྗེའི་རྣམ་འཕྲུལ་བཅུ་གཉིས་གསོལ་བ་འདེབས། །མངའ་བདག་ཐུགས་སྤྲུལ་སྔ་འགྱུར་བསྟན་པའི་རྒྱན། །མཁས་བཙུན་བཟང་པོའི་ཆ་ཤས་ཡོངས་སུ་རྫོགས། །གསང་སྔགས་ཆུ་བོ་བཞི་ཡི་འབྱུང་གནས་གྱུར། །པཎ་ཆེན་པདྨ་དབང་རྒྱལ་གསོལ་བ་འདེབས། །འཇིགས་བྲལ་མཐུ་སྟོབས་གནམ་ལྕགས་ལྷ་དབང་མཚོན། །ནག་ཕྱོགས་སྦྱིན་སྐྱེས་གྲོང་འཇོམས་ནུས་པའི་བདག །བཙད་པོའི་ཡོན་ཏན་རྣམ་འཕྲུལ་བྱང་པ་རྗེ། །བཀྲ་ཤིས་སྟོབས་རྒྱལ་མཆོག་ལ་གསོལ་བ་འདེབས། །བཀའ་གདམས་བསྟན་པའི་མངའ་བདག་དགེ་འདུན་གྲུབ། །རྒྱུད་སྡེའི་མཛོད་འཛིན་མཁྱེན་རབ་ཆོས་ཀྱི་རྗེ། །བསིལ་ལྡན་གྲུབ་པའི་སྤྱི་མེས་ཐང་སྟོང་ཞབས། །རིས་བྲལ་རྒྱལ་བསྟན་སྤེལ་ལ་གསོལ་བ་འདེབས། །རྣམ་དཀར་ཕྲིན་ལས་ཟླ་བའི་འོད་ཕྲེང་གིས། །དྲི་མེད་ཐུབ་བསྟན་རིན་ཆེན་ཆུ་གཏེར་སྤེལ། །ཚངས་ཆེན་ལྷ་ཡི་མེ་ཏོག་ཕྲིན་ལས་གར། །ཀུན་གཟིགས་བློ་བཟང་རྒྱ་མཚོར་གསོལ་བ་འདེབས། །སྙེ་མདོ་ཐམས་ཅད་མཁྱེན་པ་བསོད་ནམས་དཔལ། །མཁན་ཆེན་བྱམས་པ་ནམ་མཁའ་འཆི་མེད་ཞབས། །རང་བྱུང་རྒྱལ་པའི་ཡབ་དང་རྡོ་རྗེ་འཚོ། །རྣམ་འཕྲུལ་དུ་མར་སྟོན་ལ་གསོལ་བ་འདེབས། །ཀུན་མཁྱེན་གཉིས་པ་ཐེག་རྩེའི་བསྟན་པའི་བདག །སྨིན་གྲོལ་མཛད་པའི་ཕྲིན་ལས་མཁའ་མཐའ་བརྡལ། །སྙིགས་དུས་འདྲེན་པ་ཀུན་བཟང་ཐོག་མའི་མགོན། །ལྷ་བཙུན་འཇིགས་མེད་གླིང་པར་གསོལ་བ་འདེབས། །སྣང་སྤྱོད་སྒྱུ་མར་རོལ་པའི་རྟུལ་ཞུགས་ཀྱིས། །འཁོར་འདས་དབང་བསྒྱུར་གྲུབ་དབང་ཧེ་རུ་ཀཿ །ཟབ་ལམ་སྣང་མཛད་འཇའ་ལུས་རྡོ་རྗེའི་ཞབས། །འཇིགས་མེད་ཡེ་ཤེས་རྡོ་རྗེར་གསོལ་བ་འདེབས། །མདོར་ན་མ་ཆགས་པདྨ་ཅན་ཞིང་དུ། །མངའ་བདག་ཆོས་ཀྱི་རྒྱལ་པོར་བྱང་ཆུབ་ནས། །དུས་གསུམ་གདུལ་བྱ་འདུལ་བའི་མཚན་དང་སྐུ། །བཀོད་པ་བགྲངས་ཡས་སྟོན་ལ་གསོལ་བ་འདེབས། །མངའ་བདག་འཇ༵མ་པའི་དབྱང༵ས་ཀྱི་ཡེ་ཤེས་སྐུ། །གར་དབང་པདྨའི་མཁྱེན༵་བརྩེའི༵་གསུང་གི་གཏེར། །ཁྲག་འཐུང་དབ༵ང་པོ༵་ནམ་མཁའི་སྙིང་པོའི་ཐུགས། །འཇིགས་མེད་མཁྱེན་བརྩེའི་ཟློས་གར་ལ་གསོལ་བ་འདེབས། །དྲི་མེད་རྣམ་ཐར་བྲལ་སྨིན་ཡོངས་རྫོགས་པའི། །ཆོས༵་ཀྱི༵་བཤེས༵་གཉེན༵་སྨོན་ལམ་མཐུ་གྲུབ་པའི། །ལངས་གྲོ་ལོ་ཙཱའི་ཕྲིན་ལས་ཕན་བདེའི་གཏེར། །པདྨ་མདོ་སྔགས་གླིང་པར་གསོལ་བ་འདེབས། །གངས་ཅན་མཁས་གྲུབ་ཡོངས་ཀྱི་རྩེ་མོར་བྱོན། །རིས་མེད་ཐུབ་བསྟན་ཀུན་གྱི་བདག་པོར་གྲུབ། །འཇིག་རྟེན་གསུམ་གྱི་མགོན་པོ་བླ་མ་རྗེ། འོད་གསལ་སྤྲུལ་པའི་རྡོ་རྗེར་གསོལ་བ་འདེབས། །གདོད་མའི་དབྱིངས་ལས་ཐུགས་རྗེའི་རང་མདངས་ཤར། །ངོ་མཚར་མཛད་པས་ལྔ་བརྒྱའི་མུན་པ་སེལ། །ལུང་རྟོགས་ནོར་བུའི་རྒྱལ་བསྟན་རྒྱན་གཅིག་པུ། །འཇ༵མ་དབྱང༵ས་ཆོས༵་ཀྱི༵་བློ༵་གྲོས༵་གསོལ་བ་འདེབས། །མཆོག་གི་གསང་བ་གསུམ་གྱི་བྱིན་གྱིས་བརླབས། །པདྨས་རྗེས་བཟུང་སྙིགས་དུས་རིག་པ་འཛིན། །མཐའ་དག་འགྲོ་ལ་སྨན་པའི་ལྷག་བསམ་ཅན། །འཇིག༵ས་མེ༵ད་མཁྱེན༵་བརྩེའི༵་འོ༵ད་ཟེར༵་གསོལ་བ་འདེབས། །ཆོས་དབྱིངས་དང་མཉམ་ཕྱོགས་དུས་སངས་རྒྱས་དང༌། །རྩ་གསུམ་སྤྱི་གཟུགས་ཁྱབ་བདག་བླ་མ་ཞེས། །སྲིད་ཞིའི་ཕན་བདེའི་མངའ་བདག་བཀའ་དྲིན་ཅན། །མི་ཕྱེད་རབ་གུས་གདུང་པས་གསོལ་བ་འདེབས། །འདི་ནས་བྱང་ཆུབ་བར་དུ་སྐྱེ་བ་ཀུན། །ཁྱོད་དང་མི་འབྲལ་ཐུགས་ཀྱི་གསང་མཛོད་བརྡོལ། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་རྒྱུད་ལ་ཞུགས། །ཐུགས་ཡིད་གཅིག་ཏུ་འདྲེས་པར་བྱིན་གྱིས་རློབས། །ཅི་མཛད་ལེགས་མཐོང་མོས་གུས་ཕྱིར་མི་ལྡོག །མཉེས་པ་གསུམ་གྱིས་ཐུགས་སྲས་ཐུ་བོར་སོན། །ཆོས་ཀྱི་ཕྲིན་ལས་སྲིད་མཐར་སྤེལ་ནུས་པའི། །བྱིན་རླབས་མངོན་སུམ་ཐོབ་པར་མཛད་དུ་གསོལ། །ངེས་འབྱུང་སྙིང་རྗེས་ཐར་པའི་རྩ་བ་བརྟན། །སྨིན་གྲོལ་ལམ་གྱི་ཁོ་ལག་ཡོངས་སུ་རྫོགས། །རིག་འཛིན་རྣམ་བཞིའི་འབྲས་བུ་དོན་གཉིས་འགྲུབ། །རྡོ་རྗེའི་ས་ལམ་ཡོངས་སུ་རྫོགས་པར་མཛོད། །ཁྱད་པར་རིག་སྟོང་བླ་མའི་རང་ཞལ་མཇལ། །འཁོར་འདས་ཆོས་ཀུན་ཀ་དག་ཟང་ཐལ་གྲོལ། །ལྷུན་གྲུབ་འཕོ་ཆེན་ཡེ་ཤེས་རྡོ་རྗེའི་སྐུའི། །ནམ་མཁའ་ཇི་སྲིད་ཕན་བདེའི་དཔལ་འཕེལ་ཤོག །ཅེས་པའང་བདག་ལྟ་བུ་ནི་རང་བློ་རང་ལ་ལྐོག་ཏུ་མ་གྱུར་བས་ང་རྒྱལ་མི་སྐྱེ་བའི་དུས་དཔྱད་ན་སོ་སྐྱེ་ཐ་ཤལ་ཞིག་ཡིན་པ་མངོན་སུམ་ཚད་མས་གྲུབ་པས། དག་པའི་སྐྱེ་ཕྲེང་སྨྲ་བའི་སྤོབས་པ་མ་མཆིས་ཀྱང་ལས་དང་སྟེས་དབང་གིས་བླ་མའི་གཟུགས་བརྙན་དུ་གྱུར་པའི་དབང་གིས་རང་གཏེར་གྱི་བརྒྱུད་འདེབས་དབུར་སྦྱར་འོས་ཀྱི་གསོལ་འདེབས་ཤིག་དགོས་ཞེས་རང་སློབ་དུ་མས་སྔ་ཕྱིར་བསྐུལ་པ་དང༌། མདོ་སྨད་བྱང་རྒྱུད་སྔ་འགྱུར་གྱི་བསྟན་པའི་ལྕགས་རི་རེབ་ཀོང་རིག་པའི་འབྱུང་གནས་སུ། རིན་ཆེན་གཏེར་མཛོད་ཆེན་པོའི་སྨིན་གྲོལ་འབོག་པའི་སྐབས། མཁས་བཙུན་ལུང་རྟོགས་ཀྱི་ཡོན་ཏན་དང་ལྡན་པའི་མཆོག་སྤྲུལ་འཇམ་དབྱངས་ཤེས་རབ་རྒྱ་མཚོ། ཨ་མདོ་གཙོས་ཀྱི་རྗེ་བཙུན་མི་ལ་རས་པའི་རྣམ་འཕྲུལ་རིག་སྔགས་འཆང་བ་གཞོམ་བྲལ་རྡོ་རྗེ། སྔགས་ཆེན་བཀྲ་ཤིས་དཔལ་ལྡན། ཨ་མགྲིན་སྤྲུལ་སྐུ། སྔགས་འཆང་ཁྲོ་བོ་དཔལ་ལྡན་སོགས་བན་སྔགས་ཕུར་ཐོག་རྣམས་ཀྱིས་ནན་ཏན་བསྐུལ་བའི་ཚེ། རྫོགས་པའི་སངས་རྒྱས་ཞེ་ཆེན་པ་འགྱུར་མེད་པདྨ་རྣམ་རྒྱལ་སོགས་མཁས་གྲུབ་དུ་མས་འཇམ་དབྱངས་མཁྱེན་བརྩེའི་སྤྲུལ་པའི་སྐུར་དབུགས་དབྱུང་བ་དགོངས་པ་ཅན་གྱི་གསུང་དུ་འདུག་ན་ཡང༌། བླ་མས་བཀའ་བསྩལ་དེ་ངེས་དོན་དུ་བཟུང་ན་དབང་བཅུར་མངའ་བའི་རྡོ་རྗེའི་གསུང་གི་བདེན་དོན་མ་འོངས་ཕྱི་མ་ཕྱི་མའི་དུས་འཇམ་དབྱངས་བླ་མའི་གདུལ་བྱ་ཙམ་དུ་འགྱུར་སྲིད་སྙམ་པ་དང༌། བཀའ་དྲིན་རྨད་བྱུང་ངེས་པ་དོན་གྱི་གདོད་མའི་མགོན་པོ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིན་པོ་ཆེའི་ཐུགས་རྒྱུད་གཅིག་པའི་ཞལ་བཞེས་ངེས་པ་ཅན་སྐལ་བཟང་དུ་ཐོབ་པ་བདག་ཉིད་ཆེན་པོ་དེའི་བ་སྤུའི་ཁུང་བུ་གཅིག་གི་ཡོན་ཏན་ཀྱང་བདག་ལ་མེད་པར་ངེས་ཀྱང༌། རྟེན་འབྲེལ་ཁྱད་འཕགས་ལ་དགོངས་པའི་བཀའ་དང༌། གཏེར་གྱི་སྣང་བ་སོགས་ཀྱི་སྐབས་མངའ་བདག་ཆོས་ཀྱི་རྒྱལ་པོ་ཁུ་དབོན་གྱི་རྣམ་འཕྲུལ་གྱི་གསལ་སྣང་འདྲ་ཟ་ཟི་བྱུང་བ་རྣམས་རྒྱུ་མཚན་དུ་བྱས་ཏེ། ཚེ་རབས་ཀུན་ཏུ་སྒོ་གསུམ་འཇམ་མགོན་བླ་མ་མཆོག་གི་ཞབས་འབྲིང་དུ་སྨོན་པས་འདི་ལྟར་བགྱིས་ན་རང་གཞན་ལ་སྡིག་པ་བསག་པའི་རྒྱུར་མི་སྲིད་སྙམ་སྟེ། མཁས་བཙུན་གྲུབ་པ་རྣལ་འབྱོར་གྱི་དབང་ཕྱུག་ལྔ་བཅུ་ལྷག་ཙམ་གྱི་ཞབས་པད་བསྟེན་ཅིང༌། ཟབ་མོའི་ཆོས་ལ་ཐོས་བསམ་རིས་སུ་མ་ཆད་པས་བློ་གྲོས་ཀྱི་འཇུག་པ་ཅུང་ཟད་དགེ་བའི་སྐལ་བཟང་ཕྲ་མོ་ཐོབ་པའི་རྒྱལ་ཁམས་པ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པས། ཞོ་འོང་གསང་སྔགས་དར་རྒྱས་གླིང་གི་གཙུག་ལག་ཁང་དུ་ལྕགས་སྟག་རྒྱལ་ཟླའི་འཕེལ་ཚེས་བཅོ་ལྔའི་ཉིན་སྦྱར་བ་འདིས་ཀྱང་བདག་གཞན་ཡིད་ཅན་རྒྱ་མཚོ་རྗེ་བཙུན་ཡེ་ཤེས་མེ་ལོང་གིས་རྗེས་སུ་བཟུང་པའི་རྒྱུ་ཁོ་ནར་འགྱུར་བར་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ། །སརྦ་མངྒ་ལཏྟ། དགེའོ། །དགེའོ། །།}} | |||
</onlyinclude> | </onlyinclude> | ||
{{TsagliCall}} | |||
</ | <headertabs/> | ||
== Footnotes == | |||
<references/> | |||
==Other Information== | |||
{{Footer}} | |||
[[Category:DKR-KABUM-Volume-03-GA]] | [[Category:DKR-KABUM-Volume-03-GA]] | ||
[[Category:Khyentse Lineage Project]] | [[Category:Khyentse Lineage Project]] | ||
Revision as of 12:39, 4 November 2022
🚧 This website is under continued development. We appreciate your patience!
First text in volume."GA" is not a number. Back to Volume Page"GA" is not a number.Next Text "GA" is not a number.
Wylie title | ||
---|---|---|
Location | dil mgo mkhyen brtse bka' 'bum Volume Expression error: Unrecognized word "ga"., Text 1, Pages (Folios to ) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Citation | ||
Genre | "GA" is not a number. |
"GA" is not a number.