DKR-KABUM-17-TSA-029: Difference between revisions

From Khyentse Lineage - A Tsadra Foundation Project
DKR-KABUM-17-TSA-029
(Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=dil mgo mkhyen brtse bka' 'bum |collectiontitletib=དིལ་མགོ་...")
 
No edit summary
Line 27: Line 27:
==Other Information==
==Other Information==
{{Footer}}
{{Footer}}
[[Category:DKR-KABUM-Volume-17-TSA]]
[[Category:DKR-KABUM-Volume-17-TSA]]
[[Category:DKR-KABUM-Volume-17-TSA]]
[[Category:Khyentse Lineage Project]]
[[Category:Khyentse Lineage Project]]

Revision as of 14:29, 3 November 2022

Wylie title DKR-KABUM-17-TSA-029.pdf
Location dil mgo mkhyen brtse bka' 'bum
Volume Expression error: Unrecognized word "tsa"., Text 29, Pages (Folios to )
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation
Genre "TSA" is not a number.

"TSA" is not a number.

[edit]
༄༅། རང་བྱུང་པདྨའི་སྙིང་ཐིག་ལས། རྩ་གསུམ་ཀུན་འདུས་དངོས་གྲུབ་སྙིང་པོའི་དོན་དབང་ཚེ་དབང་དང་བཅས་པ་ཡེ་ཤེས་སྣང་བ་མྱུར་སྟེར་བཞུགས།


༄༅། ན་མོ་བཛྲ་གུ་ར་ཝེ། ཚུལ་འདིའི་དོན་དབང་དང་ཚེ་དབང་བྱ་བར་འདོད་པས། རྟེན་གྱི་དྲུང་དཀྱིལ་འཁོར་དང་ཚོམ་བུ་གང་འབྱོར་སྟེང་བུམ་པ། གསང་ཐོད། སིནྡྷཱུ་རའི་མེ་ལོང་ཧྲཱིཿཧ་རི་ནི་སས་མཚན་པ། རྒྱབ་ཏུ་བླ་གཏོར་རྒྱན་ལྡན། གུ་རུའི་སྐུ་ཙཀ །རྡོ་རྗེ་ཐོད་ཕྲེང༌། རྟ་མགྲིན། ཕག་མོ། ཆོས་སྐྱོང་ལྕམ་དྲལ། སྔགས་ཕྲེང་བཅས་དང༌། ཚེ་དབང་དང་འབྲེལ་ན་ཚེ་འབྲང༌། ཚེ་རིལ། ཚེ་ཆང༌། མདའ་དར་བཅས་པར་སྨན་རཀ །ཉེར་སྤྱོད་ཀྱིས་བསྐོར་ལ་ཕྲིན་ལས་གཞུང་བསྲངས། བཟླས་པ་ཡོངས་རྫོགས་གྲུབ་རྗེས། བུམ་པ་བྷྲཱུྃ་ལས་གཞལ་ཡས་ཁང༔ མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས༔ རྩ་གསུམ་བླ་མའི་ལྷ་ཚོགས་རྣམས༔ སྣང་སྟོང་ཆུ་ཟླ་ལྟ་བུར་གསལ༔ རང་གི་ཐུགས་སྲོག་སྔགས་ཕྲེང་ལས༔ འོད་ཟེར་མཆོད་པའི་ཚུལ་དུ་འཕྲོས༔ སྙོམས་འཇུག་བྱང་སེམས་བདུད་རྩི་ཡིས༔ བུམ་པ་ཡོངས་སུ་གང་བར་གྱུར༔ ཞེས་དམིགས་ལ་རྩ་བ་གསུམ་ཀའི་བཟླས་པ་མང་ཉུང་གོང་གི་འགྲོས་ལྟར་སྐབས་ཕྱེད་པས་བཟླ། ལས་བུམ་ལ་དམིགས་པས། ལས་བུམ་དུ་སྐད་ཅིག་གི་རྟ་མགྲིན་དམར་པོ་གཡས་པདྨའི་དབྱུག་ཏོ་དང༌། གཡོན་མེ་ཡི་ཞགས་པ་ཐོགས་པར་གསལ་བའི་སྐུ་ལས་བདུད་རྩིའི་རྡུལ་ཕྲ་རབ་བབ་པས་བུམ་པ་གང་བར་བསམ་ལ། ཨོཾ་ཧྱ་གྲཱྀ་བ་ཧཱུྃ་ཕཊ༔ ཅེས་བརྒྱ་རྩ་བརྒྱད་ལས་མི་ཉུང་བ་བཟླ། མཆོད་བསྟོད་ཡིག་བརྒྱ། བུམ་ལྷ་འོད་ཞུ། བཀའ་སྲུང་གསོལ་བསྐང༌། ཚོགས་མཆོད། རིག་མེ་དོར་ལ། སློབ་མ་དྲུང་དུ་འཁོད་ལ་ཁྲུས་ནས་དབྱུང༌། བགེགས་གཏོར་སྲུང་འཁོར་བྱས་ལ། མཚམས་སྦྱོར་ནི། དེ་ཡང་གདུལ་བྱའི་ཡུལ་ལ་སངས་རྒྱས་ཐམས་ཅད་ཕྲིན་ལས་ཀྱི་འཇུག་པ་ཕྱོགས་དང་རིས་སུ་ཆད་པ་མེད་ཀྱང་གདུལ་དཀའ་སྙིགས་འགྲོ་སྐྱོབ་པ་ལ་ཐུགས་བསྐྱེད་དང་སྨོན་ལམ་ཤུགས་དྲག་ཅིང་ནུས་མཐུའི་རྩལ་ཆེ་བ་ལ་ཁྱད་དུ་འཕགས་པ་གུ་རུ་རིན་པོ་ཆེ་སྟེ། དེའི་ཕྲིན་ལས་གཟུགས་ཅན་བཞིན་དུ་ལྷག་པར་མངོན་པ་ཟབ་མོ་གཏེར་གྱི་རིང་ལུགས་ཡིན་ལ། གཏེར་ལའང་ཕྱི་ས་གཏེར། ནང་དགོངས་གཏེར། གསང་བ་དག་སྣང་གི་བཀའ་སྲོལ་གསུམ་ལས། རྩ་གསུམ་སྤྱི་དྲིལ་དུ་སྒྲུབ་པའི་ཐབས་ཀྱི་གསང་ལམ་རྨད་དུ་བྱུང་བ་འདི་ཡང་དགོངས་གཏེར་གྱི་ཕྱོགས་སུ་གཏོགས་ལ། བསྒྲུབ་བྱ་གུ་རུ་གཅིག་ལ། སྒྲུབ་བྱེད་རྩ་གསུམ་གཅིག་དྲིལ་དངོས་གྲུབ་སྙིང་པོའི་གསེང་ལམ་གྱི་དོན་དབང་ཞུ་བའི་ཆེད་དུ་མཎྜལ་ཕུལ། གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཀྱཻ༔ མ་བླ་མ་སངས་རྒྱས་རིན་པོ་ཆེ༔ མ་ཧཱ་གུ་རུ་པདྨ་འབྱུང༔ དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཆེ༔ རྡོ་རྗེའི་དཀྱིལ་འཁོར་གཞུག་ཏུ་གསོལ༔ ལན་གསུམ། བླ་མའི་སྐུ་གསུང་ཐུགས་ཡེ་ཤེས་རྣམ་པ་ཐམས་ཅད་པར་སྐྱབས་གསུམ་ཀུན་འདུས་ཤེས་པས་དེའི་ཕྲིན་ལས་ཀྱི་འཇུག་པས་བདག་སོགས་སེམས་ཅན་ཐམས་ཅད་ཇི་སྲིད་བྱང་ཆུབ་བར་དུ་རྗེས་སུ་བཟུང་དུ་གསོལ་སྙམ་པས་སྐྱབས་སུ་འགྲོ་བའི་བློས་རྗེས་ཟློས་མཛོད། ན་མོ། བླ་མ་སངས་རྒྱས་རིན་པོ་ཆེ༔ སོགས་གསུམ། མེད་སྣང་འཁོར་བར་ལུ་གུ་རྒྱུད་དུ་འཁྱམས་པའི་སེམས་ཅན་ཐམས་ཅད་རྣམ་མཁྱེན་གྱི་ས་ལ་འགོད་པའི་དོན་དུ་ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་དམ་བཅའ་སྐྱབས་ཡུལ་རྣམས་ཀྱི་སྤྱན་སྔར་གཟུང་ངོ་སྙམ་པས་འདིའི་རྗེས་ཟློས་མཛོད། ཧོ༔ ནམ་མཁའ་མཉམ་པའི་སེམས་ཅན་རྣམས༔ སོགས་གསུམ། རྒྱུད་སྐལ་བར་ལྡན་པའི་ཕྱིར་བསགས་སྦྱང་གི་སྙིང་པོ་ཡན་ལག་བདུན་པའི་དམིགས་རྣམ་རྗེས་སུ་དྲན་པས་རྗེས་ཟློས་མཛོད། བླ་མ་རྩ་གསུམ་ལྷ་ཚོགས་ལ༔ སོགས་གསུམ། ཆོས་ཀྱི་དབྱིངས་དང་མཉམ་པའི་མཁའ་ཁྱབ་རྒྱལ་བའི་སྤྱན་སྔར་ངེས་འབྱུང་དང་གཞན་ཕན་གྱི་བསམ་པས་སྣང་སྤྱོད་དག་པ་རྡོ་རྗེའི་གཡར་དམ་རྩེ་གཅིག་ཏུ་བརྟན་པས་སྡོམ་པ་རྒྱ་མཚོ་མཐའ་ཡས་པ་གཟུང་བའི་བློས་རྗེས་ཟློས་མཛོད། ཨོ་རྒྱན་གདུང་འཛིན་རྒྱལ་བའི་སྲས༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་གིས་དེང་བཟུང་བྱང་ཆུབ་བར༔ སོ་སོར་ཐར་དང་བྱང་ཆུབ་སེམས༔ རིག་འཛིན་ནང་གི་དམ་ཚིག་རྣམས༔ ཡང་དག་ཉིད་དུ་བཟུང་བྱས་ཏེ༔ སྲོག་གི་ཕྱིར་ཡང་མི་གཏོང་ན༔ བདག་ལ་བྱིན་གྱིས་བརླབ་ཏུ་གསོལ༔ དེ་དག་གིས་སྔོན་འགྲོ་ཕྱི་འཇུག་གི་རིམ་པ་རྣམས་སོང་ནས། ནང་འཇུག་གི་དང་པོ་ཡེ་ཤེས་དབབ་པའི་དང་པོ་འདའ་ཉམས་ཁེ་ཉེན་གནད་ལ་དབབ་པའི་ཆེད་དུ་རྡོ་རྗེའི་མནའ་ཆུ་སྦྱིན་པ་ནི། ཧོཿ འདི་ནི་དམ་ཚིག་བདུད་རྩིའི་ཆུ༔ ཡེ་ཤེས་སེམས་དཔའི་ངོ་བོ་སྟེ༔ བསྲུང་ན་དངོས་གྲུབ་མཆོག་ཐོབ་ཅིང༔ ཉམས་ན་བརླག་པར་གདོན་མི་ཟ༔ ས་མ་ཡ་ཨུ་ད་ཀ་ཋ་ཋ༔ དངོས་གཞི་ཡེ་ཤེས་དབབ་པའི་ཆེད་དུ་སྒོ་གསུམ་གྱི་གནད་གཅུན་ལ་དམིགས་པ་འདི་ལྟར་གསལ་ཐོབ་ཅིག །འདི་ལྟར་སྣང་བའི་ཆོས་ཐམས་ཅད་སྟོང་པའི་དབྱིངས་སུ་ཡལ་བའི་འོད་གསལ་ཡེ་ཤེས་ཆེན་པོའི་རང་མདངས་སྣོད་བཅུད་རྒྱུད་གསུམ་རྣམ་པར་དག་པའི་དབང་དྲག་པདྨ་འོད་ཀྱི་རྟེན་དང་བརྟེན་པ་ལྷུན་གྱིས་རྫོགས་པའི་དབུས་སུ་ཧྲཱིཿཡིག་ཡོངས་སུ་གྱུར་པ་ལས། ཡི་དམ་ཀུན་འདུས་དབང་ཆེན་རྟ་མཆོག་རོལ་པ་སྐུ་མདོག་དམར་གསལ་ཁྲོ་འཛུམ་སྒེག་བཞད་ཀྱི་ཉམས་ཅན་ཁྲོ་བོའི་ཆས་ཐམས་ཅད་རྫོགས་པ། གྲི་ཐོད་འཛིན་པ། ཡུམ་རྡོ་རྗེ་ཕག་མོ་དང་མཉམ་པར་སྦྱོར་བའི་ཡབ་ཡུམ་གྱི་སྤྱི་གཙུག་རྟ་གདོང་དང་ཕག་ཞལ་གྱིས་མཚན་པའི་ཐུགས་ཀར་འོད་དམར་གྱི་གཡུང་དྲུང་གཡོན་དུ་འཁོར་བའི་ལྟེ་བར་ཕག་མོ་དམར་མོ་གར་འཁྲབ་པས་གཡུང་དྲུང་དྲག་ཏུ་འཁོར་བས་སྐུ་དང་གཡུང་དྲུང་གི་ཁུག་པར་ཧ་རི་ནི་ས་ལས་བདེ་བ་ཆེན་པོའི་འོད་ཟེར་མཁའ་ཁྱབ་ཏུ་བརྡལ་ཏེ་སྐུ་གསུམ་རྒྱལ་བའི་ཞིང་རབ་འབྱམས་ནས་རྩ་གསུམ་དམ་ཅན་རྒྱ་མཚོ་གནམ་ས་བར་སྣང་གི་ཁྱོན་ཀུན་ཏུ་ཁྱབ་སྟེ་མེར་མེར་ཤིག་ཤིག་ཏུ་གཡོ་བས་ལྷ་སྔགས་ཕྱག་མཚན་འོད་ཟེར་གྱི་ཕྲེང་བ་ཆར་བཞིན་བྱོན་ནས་སྒོ་གསུམ་ལ་སིབ་སིབ་ཐིམ་པས་བདེ་ཆེན་ལྷན་སྐྱེས་ཀྱི་ཡེ་ཤེས་བཙན་ཐབས་སུ་སྐྱེས་པར་བསམ་ལ། དྲི་ཞིམ་གྱི་སྤོས་དང༌། ཌཱ་དྲིལ་དབྱངས་དང་བཅས་ཏེ། ཧཱུྃ་ཧྲཱིཿ ཡུལ་གྱི་མིང་ནི་རྔ་ཡབ་གླིང༔ ཟངས་མདོག་དཔལ་གྱི་རི་བོ་ནས༔ རང་བྱུང་སངས་རྒྱས་ཐོད་ཕྲེང་རྩལ༔ རྩ་གསུམ་རྒྱ་མཚོའི་འཁོར་དང་བཅས༔ གདུང་བས་ཐུགས་དམ་རྒྱུད་བསྐུལ་ན༔ ད་ལྟ་ཉིད་དུ་གཤེགས་སུ་གསོལ༔ ལུས་ལ་སྐུ་ཡི་དབང་བསྐུར་ཕྱིར༔ རྡོ་རྗེའི་བྲོ་གར་ལམས་སེ་ལམ༔ ངག་ལ་གསུང་གི་བྱིན་བརླབ་ཕྱིར༔ ཧཱུྃ་ཕཊ་བརྡ་གླུ་དི་རི་རི༔ ཡིད་ལ་ཡེ་ཤེས་ངོ་སྤྲད་ཕྱིར༔ མཁྱེན་བརྩེའི་དགོངས་པ་ཏ་ལ་ལ༔ གཉིས་སུ་མེད་པར་བྱིན་རློབས་ལ༔ དབང་གི་ཡེ་ཤེས་ད་ལྟ་སྩོལ༔ ཕྱི་ནང་གསང་བའི་བར་ཆད་སོལ༔ མཆོག་ཐུན་དངོས་གྲུབ་འགྲུབ་པར་མཛོད༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨ་ཨཿ ཨ་ར་ལི་ཧྲཱིཾ་ཧྲཱིཾ་ཛ་ཛཿས་དབབ། ཏིཥྛ་བཛྲས་བརྟན་པར་བྱ། དངོས་གཞི་སྨིན་ལམ་ཡོངས་རྫོགས་དབང་བཞིའི་ཆོ་གས་སྨིན་པར་བྱེད་པ་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དཀྱིལ་འཁོར་ཀུན་བདག་ཧེ་རུ་ཀ༔ དཔའ་བོ་ཆེན་པོ་དགོངས་སུ་གསོལ༔ རྡོ་རྗེ་བཞི་ཡི་ཡེ་ཤེས་ཀྱིས༔ སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ ལན་གསུམ། ཐོག་མར་བུམ་པའི་དབང་གི་སླད་དུ་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། དབང་ལྷ་ནམ་མཁའ་གང་བས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱིས་གང་བ་གནས་གསུམ་དུ་བཞག་ལ། ཨོཾ། དབྱིངས་ཀྱི་བུམ་པར་རིག་པ་ཡེ་ཤེས་བཅུད༔ བླ་མ་རྩ་གསུམ་འདུས་པའི་དཀྱིལ་འཁོར་ཤར༔ ཟུང་འཇུག་ཡེ་ཤེས་བདུད་རྩིའི་དབང་བསྐུར་བས༔ སྣང་སྟོང་རྡོ་རྗེའི་སྐུ་མཆོག་མངོན་གྱུར་ཤོག༔ ཨོཾ་ཀ་ལ་ཤ་ཨ་བྷི་ཥིཉྩ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཨོཾ༔ སྔགས་ལན་གསུམ་བརྗོད་ལ་བུམ་པ་སྤྱི་བོར་བཞག་སྟེ་ཁྲུས་བྱ། མགྲིན་པར་བཞག་ཅིང་བུམ་ཆུ་མྱོང༌། སྙིང་གར་བཞག་ལ་ཚིག་དོན་ངོ་སྤྲད་དེ་ཉམས་སྐྱོང་དུ་གཞུག །དེ་ལྟར་སྐུ་བུམ་པའི་དབང་གིས་སྨིན་པར་བྱས་པས། ཐ་མལ་སྣང་ཞེན་གྱི་དྲི་མ་དག །མཁའ་ཁྱབ་ཡེ་ཤེས་ཀྱི་སྐུ་ཡི་བྱིན་རླབས་ཞུགས། ལམ་སྣང་བཅས་བསྐྱེད་རིམ་སྒོམ་པ་ལ་དབང༌། འབྲས་བུ་བླ་མ་རྩ་གསུམ་སྤྲུལ་སྐུའི་གོ་འཕང་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །གཉིས་པ་གསང་བའི་དབང་བསྐུར་བའི་ཆེད་དུ་བླ་མ་ཡབ་ཡུམ་སྙོམས་པར་ཞུགས་པའི་ཀུནྡ་བྱང་ཆུབ་ཀྱི་སེམས་ཐོད་པའི་བདུད་རྩི་དང་འདྲེས་པ་གནས་གསུམ་དུ་བཞག་ཅིང་ལྕེ་ལ་བྱིན་ཏེ། ཨཱཿ རང་བྱུང་ལྷུན་གྲུབ་བྷནྡྷའི་སྣོད་ཡངས་པར༔ བདེ་ཆེན་འཕོ་མེད་བདུད་རྩིའི་བཅུད་ཀྱིས་གཏམས༔ ཟག་བྲལ་བདེ་བ་ཆེན་པོའི་དབང་བསྐུར་བས༔ གྲགས་སྟོང་རྡོ་རྗེའི་གསུང་གི་དབང་ཐོབ་ཤོག༔ གུ་ཧྱ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱཿ བྷནྡྷ་གནས་གསུམ་དུ་བཞག་ཅིང༌། བདུད་རྩི་མྱངས་པས་གསང་བའི་དབང་ཐོབ། ཕུང་ཁམས་སྐྱེ་མཆེད་ཐམས་ཅད་གདན་གསུམ་རྡོ་རྗེའི་གྲོང་ཁྱེར་དུ་སྨིན། གཞོམ་མེད་རྡོ་རྗེའི་གསུང་གི་བྱིན་རླབས་ཞུགས། ལམ་རྡོ་རྗེའི་རྣལ་འབྱོར་སྒོམ་པ་ལ་དབང༌། འབྲས་བུ་བླ་མ་རྩ་གསུམ་ལོངས་སྐུའི་གོ་འཕང་མངོན་དུ་བྱེད་པའི་སྐལ་བ་ཅན་དུ་གྱུར། གསུམ་པ་ཤེས་རབ་ཡེ་ཤེས་དབང་གི་ཆེད་དུ་བདེ་སྟོང་གཉིས་མེད་མཚོན་པའི་མེ་ལོང་སིན་དྷཱུ་རའི་ཐིག་ལེ་ཅན་གནས་བཞིར་བཞག་ཅིང་ཐིག་ལེ་བྱས་ཏེ། ཧཱུྃ༔ སྟོང་གསལ་མེ་ལོང་ཟླུམ་པོའི་དཀྱིལ་འཁོར་དུ༔ རྗེས་ཆགས་དགའ་བཞིའི་སིན་དྷཱུའི་ཐིག་ལེས་མཛེས༔ གཉིས་མེད་བདེ་སྟོང་ཐུགས་ཀྱི་དབང་བསྐུར་བས༔ ཟུང་འཇུག་རྡོ་རྗེ་ཐུགས་ཀྱི་དབང་ཐོབ་ཤོག༔ པྲཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། བདེ་གསལ་མི་རྟོག་པའི་ཡེ་ཤེས་སྐུ་གསུམ་དུ་དག །བདེ་མཆོག་འགྱུར་མེད་ཐུགས་ཀྱི་དབང་ཐོབ། མྱུར་ལམ་ཕོ་ཉའི་རྣལ་འབྱོར་སྒོམ་པ་ལ་དབང༌། འབྲས་བུ་བླ་མ་རྩ་གསུམ་ཆོས་སྐུའི་གོ་འཕང་མངོན་དུ་བྱེད་པའི་སྐལ་བ་ཅན་དུ་གྱུར། བཞི་པ་གཏོར་མའི་དབང་གི་སླད་དུ། དབྱིངས་རིག་གཉིས་མེད་ཡེ་ཤེས་རྡོ་རྗེ་མཚོན་པའི་གཏོར་མ་རྩ་གསུམ་ལྷག་པའི་ལྷ་རྟེན་དང་བརྟེན་པར་མཚོན་པ་གནས་གསུམ་དུ་བཞག་སྟེ། ཧྲཱིཿ མཚན་འཛིན་རང་གྲོལ་ཡངས་པའི་གཏོར་གཞོང་དུ༔ འགག་མེད་སྣང་སྲིད་གཏོར་མའི་འདོད་ཡོན་ཤར༔ མཆོག་ཐུན་དངོས་གྲུབ་འདོད་འཇོའི་དབང་བསྐུར་བས༔ དབྱེར་མེད་ཡེ་ཤེས་རྡོ་རྗེའི་དབང་ཐོབ་ཤོག༔ དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་ཧྲཱིཿ ཞེས་གཏོར་མ་སྤྱི་བོར་བཞག་པ་བུམ་དབང༌། མགྲིན་པར་གཏད་ནས་གཏོར་ཟན་མྱོང་བ་གསང་དབང༌། སྙིང་གར་གཏད་དེ་ཚིག་དོན་ངོ་སྤྲད་དེ་དབྱིངས་སྟོང་པ་ཉིད་མཚོན་པའི་གཏོར་སྣོད་དུ། རིག་པ་ཡེ་ཤེས་ལྔ་མཚོན་པའི་གཏོར་ཆེན་རྩ་བ་གསུམ་གྱི་རྣམ་པ། དམ་རྫས་བདུད་རྩིའི་རང་བཞིན། འདོད་ཡོན་སྣ་ཚོགས་ཀྱི་སྤྲིན་ཕུང་འཕྲོ་བའི་དབང་བསྐུར་བས། དབྱིངས་རིག་ཟུང་དུ་འཇུག་པའི་ཕྱག་རྒྱ་གཉན་པོའི་གཟི་བྱིན་གྱིས་མ་མོ་མཁའ་འགྲོ་རྣམས་དབང་དུ་སྡུད་ཅིང་ལྷན་སྐྱེས་ཀྱི་ཡེ་ཤེས་མཚོན་པའི་ཤེས་རབ་ཡེ་ཤེས་ཀྱི་དབང༌། དེས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ནི་དབང་བཞི་པ་སྟེ། སྤང་རྟོགས་ཡོངས་སུ་རྫོགས་པར་བྱེད་པ་ཡོན་ཏན་གཏོར་མ་ལ་བརྟེན་པའི་དབང་བཞི་རྫོགས་པ་ཡིན་ནོ། །ལྔ་པ་སྐུ་འབག་གི་དབང་ནི། རྩ་གསུམ་དབྱེར་མེད་གུ་རུའི་སྐུ་གསུམ་ཡོངས་རྫོགས་ཀྱི་སྣང་བརྙན་འདི་ཉིད་གནས་གསུམ་དུ་བཞག་ལ། ཧྲཱིཿ ཆོས་སྐུ་སྐྱེ་མེད་དབྱིངས་ལས་མ་གཡོས་ཀྱང༔ ལོངས་སྐུ་གསལ་ལ་མ་འདྲེས་གུ་རུའི་སྐུ༔ སྤྲུལ་སྐུ་སྣ་ཚོགས་ཐབས་ཀྱིས་འགྲོ་བ་འདུལ༔ སྐུ་གསུམ་ངང་དུ་མ་འདྲེས་ཡོངས་རྫོགས་གསལ༔ སྔོན་ཚེ་པད་འབྱུང་ཁྱེད་དང་སྨོན་ལམ་གཅིག༔ ད་ལྟ་བདག་ཉིད་སློབ་མའི་སྟངས་བཟུང་སྟེ༔ སྲོག་གི་ཕྱིར་ཡང་མི་གཏོང་བསྒྲུབ་ལགས་ན༔ ཡེ་ཤེས་རབ་འབྱམས་དབང་ཆེན་བསྐུར་དུ་གསོལ༔ རྩ་སྔགས་བརྗོད་པས། སྤྱི་བོར་བཞག་པ་བུམ་དབང༌། མགྲིན་པར་བཞག་སྟེ་རིགས་དང་མཐུན་པའི་བཛྲ་གུ་རུ་རྩལ་ཞེས་གསང་མཚན་གདགས་པ་གསང་དབང༌། སྙིང་གར་བཞག་སྟེ་བླ་མ་དང་རང་སེམས་དབྱེར་མེད་དུ་བྱིན་རླབས་ཀྱི་ངོ་སྤྲད་པ་ཤེར་དབང༌། བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་དབང་བཞི་པ་སྟེ། རྩ་བའི་དབང་ལྔ་ལ་བཞི་བཞིར་ཕྱེས་པ་རྣམ་པ་ཉི་ཤུས་བྱང་ཆུབ་པ་དབང་བཞིའི་མངོན་པར་རྟོགས་པ་བྱིན་རླབས་ཐོད་རྒལ་དུ་ཐོབ་པའོ། །སྤྲོ་ན་རྗེས་འབྲེལ་སྐུ་གསུང་ཐུགས་ཀྱི་དབང་བསྐུར་བ་ལ། སློབ་དཔོན་དང་དཀྱིལ་འཁོར་ཐ་མི་དད་པའི་སྐུ་ཡི་གནས་རྣམས་ནས་རང་འདྲའི་ཡེ་ཤེས་ཀྱི་སྐུ་གཉིས་པ་མར་མེ་གཅིག་ལས་གཉིས་མཆེད་དུ་བྱུང༌། གནས་སོ་སོའི་ལུས་དཀྱིལ་གྱི་ལྷ་ལ་ཐིམ་པས་རྩ་བ་གསུམ་གྱི་བྱིན་རླབས་དངོས་གྲུབ་ཐོབ་པར་མོས་མཛོད། རྡོ་རྗེ་ཐོད་ཕྲེང་གི་སྐུ་གཏད་ལ། ཧྲཱིཿ རིག་འཛིན་བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ༔ ཡེ་ཤེས་རིགས་ལྔའི་སྒྱུ་འཕྲུལ་སྤྲོ་ཞིང་སྡུད༔ བྱིན་རླབས་མཆོག་སྩོལ་བླ་མའི་དབང་བསྐུར་བས༔ དགོངས་བརྒྱུད་ཡེ་ཤེས་མངོན་སུམ་འཕོ་བར་ཤོག༔ ཨོཾ་བཛྲ་མ་ཧཱ་གུ་རུ་ཧཱུྃ༔ ཀཱ་ཡ་ཝཱཀྐ་ཙིཏྟ་ཨ་བྷི་ཥིཉྩཱ་ཧཱུྃ༔ རྟ་མགྲིན་གྱི་སྐུ་གཏད་ལ། ཧྲཱིཿ ཡི་དམ་ཡོངས་འདུས་དབང་ཆེན་རྟ་མཆོག་དཔལ༔ སྐུ་གསུང་ཐུགས་ཀྱི་གསང་བ་མི་ཟད་ལས༔ རབ་འབྱམས་སྒྲུབ་སྡེ་བརྒྱད་རྫོགས་དབང་བསྐུར་བས༔ མཆོག་ཐུན་དངོས་གྲུབ་མ་ལུས་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཀྲོ་དྷ་ཧྱ་གྲཱྀ་ཝཱ་མཎྜལ་ཀཱ་ཡ་ཝཱཀྐ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཕག་མོའི་སྐུ་གཏད་ལ། ཧྲཱིཿ མཁའ་འགྲོ་ཀུན་ཁྱབ་བཛྲ་ཝཱ་ར་ཧི༔ གནས་གསུམ་དཔའ་བོ་ཌཱ་ཀིའི་སྤྲིན་འཕྲོ་བའི༔ བདེ་ཆེན་ཡེ་ཤེས་ཕྱག་རྒྱས་དབང་བསྐུར་བས༔ ཕྲིན་ལས་ཐོགས་མེད་ལྷུན་གྱིས་གྲུབ་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷཱ་ཀི་ནི་བྃ་ཧ་རི་ནི་ས་ཀཱ་ཡ་ཝཱཀྐ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཆོས་སྐྱོང་ལྕམ་དྲལ་གྱི་སྐུ་གཏད་ལ། ཧཱུྃ། བདེ་ཆེན་ཐབས་མཆོག་མགོན་པོ་མ་ནིང་ནག༔ ཤེས་རབ་དབྱིངས་ཀྱི་ཕྱག་རྒྱ་རལ་གཅིག་མ༔ རྒྱུད་གསུམ་དྲེགས་པའི་ཚོགས་རྗེས་དབང་བསྐུར་བས༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཤྲཱི་མ་ཧཱ་ཀཱ་ལ་ཨེ་ཀ་ཛཱ་ཊི་དྷརྨ་པཱ་ལ་ཀཱ་ཡ་ཝཱཀྐ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ གསུང་བཟླས་པ་སྔགས་ཀྱི་ལུང་སྦྱིན་པའི་སླད་དུ་སློབ་དཔོན་དང་དཀྱིལ་འཁོར་པ་རྣམས་ཀྱི་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་སྔགས་ཕྲེང་གཉིས་པ་བྱུང༌། ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀའི་ཧྲཱིཿཡིག་གི་མཐར་འཁོད་པས་གསུང་བཟླས་པ་སྔགས་ཀྱི་བྱིན་རླབས་མ་ལུས་པ་ཞུགས་པའི་མོས་པ་དང་བཅས་ཏེ་སྔགས་འདི་རྣམས་རྗེས་ཟློས་ལན་གསུམ་མཛོད། ཅེས་བརྡ་སྤྲད་ལ་རྩ་གསུམ་སྤྱི་བྱེ་བྲག་དང་བཅས་པ་སོ་སོར་རྗེས་ཟློས་བྱ། དེ་བརྟན་པར་བྱ་བའི་སླད་དུ་སྔགས་ཀྱི་ཕྲེང་བ་མགྲིན་པར་བཞག་སྟེ་དབང་བསྐུར་བའི་མོས་པ་མཛོད། ཨཱཿ མཆོག་དང་ཐུན་མོང་དངོས་གྲུབ་རབ་འབྱམས་ཀུན༔ རྡོ་རྗེའི་སྔགས་ཀྱི་ནུས་པས་སྒྲུབ་བྱེད་པས༔ དབང་བསྐུར་བརྟན་གཡོའི་སྒྲ་སྐད་ཐམས་ཅད་ཀུན༔ གྲགས་སྟོང་གསུང་གི་གསང་བ་མངོན་གྱུར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱཀྐ་ཨ་བྷི་ཥིཉྩ་ཨཱཿ སྔགས་ཕྲེང་མགྲིན་པར་བཞག །ཐུགས་འོད་གསལ་གྱི་དགོངས་པ་ངོ་སྤྲད་པའི་སླད་དུ། ལྷ་སྔགས་ཀྱི་སྤྲོས་པ་ཐམས་ཅད་རང་རིག་སྐད་ཅིག་མའི་རང་རྩལ་དུ་ངོ་ཤེས་པར་བྱས་ནས། སེམས་ཀྱི་མ་བཅོས་སྟོང་གསལ་མཐའ་དབུས་དང་བྲལ་བར་ངེས་པ་དོན་གྱི་རྩ་གསུམ་རྒྱ་མཚོའི་དགོངས་པའི་སྲོག་ཏིག་གི་ངང་དུ་མཉམ་པར་འཇོག་མཛོད། ཧཱུྃ༔ རང་རིག་མ་བཅོས་གཉུག་མའི་རྡོ་རྗེ་སེམས༔ རྩ་གསུམ་ལྷ་ཚོགས་སྤྲོ་བསྡུའི་ཐིག་ལེ་སྟེ༔ འཁོར་འདས་ཀུན་འབྱུང་གང་དུའང་མི་གནས་པའི༔ ཡེ་ཤེས་དགོངས་པ་དོན་གྱི་དབང་ཐོབ་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་ངོ་སྤྲད་དེ་མཉམ་པར་བཞག དེ་ལྟར་སྣང་གྲགས་རིག་པའི་དཀྱིལ་འཁོར་རབ་འབྱམས་རྩ་བ་གསུམ་གྱི་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པར་དབང་བསྐུར་ཏེ་ངོ་སྤྲད་པས་དེང་ཕྱིན་ཆད་སྣོད་བཅུད་ཐམས་ཅད་བླ་མ་རྩ་བ་གསུམ་གྱི་གསང་གསུམ་རྡོ་རྗེའི་དཀྱིལ་འཁོར་ཆེན་པོར་གདོད་ནས་འདུ་འབྲལ་མེད་པར་ཤེས་པས་དག་མཉམ་བདེན་པ་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོར་ངོ་ཤེས་པར་གྱིས་ཤིག ༈ ཚེ་དབང་སྦྱར་ན། དབང་སྒྲུབ་ཀྱི་སྐབས་སུ་ལས་བུམ་སྒྲུབ་ཟིན་པ་དང༌། བདག་མདུན་ལྷ་ཚོགས་རྣམས་ཀྱི་གནས་ལྔར་རིགས་ལྔ་ཚེ་དཔག་མེད་ཡབ་ཡུམ་སྐད་ཅིག་གིས་གསལ་བའི་སྐུ་ལས་ལྷ་མོ་མགྱོགས་མའི་ཚོགས་ཉི་ཟེར་གྱི་རྡུལ་ལྟར་འཕྲོས། འཁོར་འདས་ལམ་གསུམ་གྱི་བཅུད་དང་དགེ་མཚན་ཐམས་ཅད་འཆི་མེད་ཚེ་ཡི་བདུད་རྩིའི་རྣམ་པར་སྤྱན་དྲངས་བདག་དང་བསྒྲུབ་པའི་རྫས་ལ་ཐིམ་པས་འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་ཅིང་ནུས་ལྡན་དུ་གྱུར་པར་མོས་ལ། ཧྲཱིཿ འོད་གསལ་ཆོས་སྐུའི་ཕོ་བྲང་ནས། །ལོངས་སྤྱོད་ཡོངས་རྫོགས་སྤྲུལ་པའི་སྐུ། །འཆི་མེད་རྡོ་རྗེ་ཐོད་ཕྲེང་རྩལ། །རྩ་གསུམ་རྒྱ་མཚོའི་འཁོར་དང་བཅས། །སྒྲུབ་ལ་ཚེ་དབང་མཆོག་སྩོལ་ཕྱིར། །ཐུགས་དམ་བསྐུལ་ལོ་དབྱིངས་ནས་བཞེངས། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །བླ་ཚེ་ཆད་ཉམས་ཡར་བ་དང༌། །ཕྱི་སྣོད་འབྱུང་བ་བཞི་ཡི་བཅུད། །ནང་བཅུད་འགྲོ་བའི་ཚེ་བསོད་དཔལ། གསང་བ་རྒྱལ་བ་སྲས་བཅས་ཀྱི། མཁྱེན་བརྩེ་ནུས་པའི་ཡོན་ཏན་ཀུན། །འོད་ཟེར་བདུད་རྩིའི་རྣམ་པར་བསྡུས། །བདག་དང་བསྒྲུབ་པའི་རྫས་ལ་བསྟིམ། །རྒས་མེད་ལང་ཚོའི་དངོས་གྲུབ་སྩོལ། །ནད་མེད་བདེ་བའི་དངོས་གྲུབ་སྩོལ། འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །ཡེ་ཤེས་མཆོག་གི་དངོས་གྲུབ་སྩོལ། །ཞེས་ཚེ་འགུགས་བཏང་མཐར་མཆོད་བསྟོད་བཅས་བྱའོ། །དབང་དངོས་ལ། སྤྱིར་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པའི་རྟེན་ཕུན་སུམ་ཚོགས་པ་ནི་དལ་འབྱོར་བཅོ་བརྒྱད་དང་ལྡན་པའི་མི་ལུས་རིན་པོ་ཆེ་ཤིན་ཏུ་རྙེད་དཀའ་ཞིང༌། དོན་ཆེན་པོ་དང་ལྡན་པ་ཡིན་ཀྱང༌། འཛམ་བུའི་གླིང་པའི་ཚེ་ལ་ངེས་པ་མེད་ཅིང༌། སྙིགས་དུས་འགལ་རྐྱེན་མང་ཞིང་བར་ཆད་ཆེན་པོ་དང་ལྡན་པས་དལ་རྟེན་ཀྱང་མི་རྟག་པས་ཚེ་ཡི་འགལ་རྐྱེན་ཚེ་དང་ལས་བསོད་ནམས་ཟད་པ་ཐམས་ཅད་གསོ་བའི་ཐབས་མང་ལ། རྫས་སྔགས་ཏིང་འཛིན་གྱི་ནུས་པ་ཐམས་ཅད་རྫོགས་པ་ནི་ལྷ་སྔགས་ཏིང་འཛིན་གསུམ་ལྡན་རྡོ་རྗེ་ཐེག་པའི་བསྐྱེད་རྫོགས་ཀྱིས་ཚེ་སྒྲུབ་པའི་མན་ངག་སྟེ། དེ་ལ་བཀའ་གཏེར་གྱི་རིང་ལུགས་དུ་མ་བཞུགས་པ་ལས། ཟབ་མོ་གཏེར་གྱི་རིང་ལུགས་རྩ་གསུམ་སྤྱི་སྒྲུབ་དངོས་གྲུབ་སྙིང་པོ་དང་འབྲེལ་བའི་ཚེ་ཡི་དབང་བསྐུར་བ་སྟེ། དེར་མ་ཟད་ལྟ་དགོངས་དང་ལྡན་པའི་སློབ་དཔོན་གྱིས་ཚེ་ཡི་དབང་བསྐུར་བ་ཙམ་གྱིས་ཀྱང་ཚེ་ཉམས་པ་གསོ་ནུས་པས་དགོས་པ་ཁྱད་པར་ཅན་དང་ལྡན་པའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། །པདྨ་སེམས་གཙོ་ཁྱོད་ལ་འདུད། །ཐར་ལམ་ཆེན་པོ་བདག་འདོད་དེ། །དེ་ཉིད་དབང་དང་དམ་ཚིག་གི །མགོན་པོ་དཔའ་བོར་སྐྱབས་གསོལ་ཏེ། །ཐེག་ཆེན་ཁང་པར་གཞུག་པ་དང༌། མཁྱེན་རབ་ཡེ་ཤེས་བདག་ལ་སྩོལ། །ལན་གསུམ། ཚེ་དབང་ཁོ་ན་ཡིན་ན་སྐྱབས་སེམས་ཡན་ལག་བདུན་པ་བྱིན་འབེབས་རྣམས་དབང་འབྲིང་ལྟར་བྱ། སྔ་མའི་གཤམ་དུ་སྦྲེལ་ན། མཐའ་རྟེན་བཀྲ་ཤིས་ཚེ་ཡི་དབང་བསྐུར་ཞུ་བའི་ཆེད་དུ་གསོལ་གདབ་སྦྱར་བས་རུང༌། གང་ལྟར་ཡང༌། ཚེ་འགུགས་ཤིང་བཅུད་བསྡུ་བའི་ཆེད་དུ། བདག་མདུན་ལྷ་ཚོགས་རྣམས་ཀྱི་གནས་ལྔ་ལས་འོད་ཟེར་ཁ་དོག་ལྔ་ལྡན་དང༌། ལྷ་མོ་མགྱོགས་མའི་སྤྲུལ་པ་ཉི་ཟེར་གྱི་རྡུལ་ལྟར་སྤྲོས་པས་བསྒྲུབ་བྱའི་བླ་ཚེ་ཆད་ཉམས་ཡར་བ་དང༌། འབྱུང་བ་བཞིའི་དྭངས་མ། འཁོར་འདས་ཀྱི་བཅུད་དང་དགེ་མཚན་ཐམས་ཅད་འཆི་མེད་བདུད་རྩིའི་འོད་ཟེར་ཁ་དོག་སྣ་ཚོགས་པའི་རྣམ་པར་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས་ཚེ་ཡི་དངོས་གྲུབ་ཐོབ་པ་དང༌། མདུན་གྱི་ཚེ་རྫས་ལ་ཐིམ་པས་རྡོ་རྗེ་ཚེ་ཡི་བཅུད་ལེན་དུ་གྱུར་པའི་མོས་པ་མཛོད། ཅེས་དང་མདའ་དར་གཡབ་སྟེ། ཧྲཱིཿ འོད་གསལ་ཆོས་སྐུའི་ཕོ་བྲང་སོགས་ཚེ་འགུགས་བྱ། དངོས་གཞིའི་དབང་བསྐུར་བ་ལ། ཚེ་འབྲང་རྩ་གསུམ་ལྷར་གསལ་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན། དེ་དག་གི་སྐུ་ལས་བྱང་སེམས་འཆི་མེད་ཡེ་ཤེས་ཀྱི་བདུད་རྩི་བབ་པས་ལུས་ཐམས་ཅད་གང༌། རྡོ་རྗེ་ཚེ་ཡི་དངོས་གྲུབ་ཐོབ་པར་མོས་ལ། ཨོཾ། བཀྲ་ཤིས་འོད་གསལ་སྙིང་པོའི་བུམ་པ་རུ༔ འཆི་མེད་རྩ་གསུམ་ཚེ་ཡི་ལྷ་ཚོགས་བཞུགས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྐྱེ་འཆི་གཉིས་མེད་རྡོ་རྗེའི་སྐུ་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནི་དྷརྨ་པཱ་ལ་སརྦ་བཛྲ་ཀཱ་ཡ་ཨཱ་ཡུ་ཨ་བྷི་ཥིཉྩ་ཨོཾ༔ ཕྱག་གཡས་སུ་ཐབས་ཀྱི་རྫས་ཚེའི་རིལ་བུ་བྱིན་པས་ཐབས་བདེ་བ་ཆེན་པོ་མཆོག་ཏུ་མི་འགྱུར་བའི་རྡོ་རྗེ་གསུང་གི་ཚེ་ཡི་དངོས་གྲུབ་ཐོབ་པའི་ཐུགས་མོས་མཛོད། ཨཱཿ སྲིད་ཞིའི་དྭངས་མ་བཅུད་དུ་འདྲིལ་བ་ལ༔ ཡེ་ཤེས་རིགས་ལྔའི་བདུད་རྩིར་བྱིན་བརླབས་པ༔ སྐལ་ལྡན་རིགས་ཀྱི་བུ་ལ་ཟས་སུ་སྦྱིན༔ འགག་མེད་རྡོ་རྗེ་གསུང་གི་ཚེ་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དེ་ཝ་དྷ་ཀི་ནི་དྷརྨ་པཱ་ལ་སརྦ་བཛྲ་ཝཱཀ྄་ཨཱ་ཡུ་ཨ་བྷི་ཥིཉྩ་ཨཱཿ ཕྱག་གཡོན་དུ་ཤེས་རབ་ཀྱི་རྫས་ཚེ་ཡི་བདུད་རྩི་བྱིན་པས་ཤེས་རབ་སྟོང་པ་ཉིད་མཆོག་ཏུ་མི་འགྱུར་བའི་རྡོ་རྗེ་ཐུགས་ཀྱི་ཚེ་ཡི་དངོས་གྲུབ་ཐོབ་པའི་མོས་པ་མཛོད། ཧཱུྃ༔ ཤེས་རབ་རྣམ་ཀུན་མཆོག་ལྡན་ཡེ་ཤེས་ཀྱིས༔ འཆི་མེད་བདུད་རྩིའི་སྙིང་པོར་བྱིན་བརླབས་པ༔ སྐལ་ལྡན་རིགས་ཀྱི་བུ་ལ་སྐོམ་དུ་སྦྱིན༔ འཕོ་མེད་རྡོ་རྗེ་ཐུགས་ཀྱི་ཚེ་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནི་དྷརྨ་པཱ་ལ་སརྦ་བཛྲ་ཙིཏྟ་ཨཱ་ཡུ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་སྒོ་གསུམ་རྡོ་རྗེ་ཚེ་ཡི་སྐུ་གསུང་ཐུགས་ཀྱི་དབང་བསྐུར་བས་དྭངས་མའི་ཉིང་ཁུས་ལུས་ཀྱི་ནང་ཐམས་ཅད་ཁེངས། འཆི་མེད་གཉུག་མ་རྡོ་རྗེ་གསུམ་གྱི་གསང་བ་མངོན་དུ་གྱུར་པས་སྐྱེ་འཆི་ཀ་དག་རང་བྱུང་གསང་བ་ཆེན་པོའི་ཚེ་མཆོག་གྲུབ་པར་མོས་ཤིག །ཨ། སྤྲོས་པས་སྲིད་ཞི་ཁྱབ་པའི་ཚེ། །བསྡུས་པས་ཐིག་ལེ་ཉག་གཅིག་ཀློང༌། །འཕོ་འགྱུར་མེད་པར་རྒྱས་བཏབ་པས། །ཡེ་ཤེས་ཆེན་པོའི་སྲོག་འགྲུབ་ཤོག །བཛྲ་ཛྙཱ་ན་རཀྵ་ཨ་ཨ། སྤྲོ་ན་བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན་གྱིས་མངའ་གསོལ་ཞིང་ཤིས་པ་བརྗོད་པས་དགེ་ལེགས་སུ་བྱའོ། །རྗེས་དམ་ཚིག་ཁས་བླང༌། མཎྜལ། ལུས་འབུལ། དགེ་བསྔོ་རྣམས་བྱས་ལ་སློབ་མ་གྲོལ། སློབ་དཔོན་གྱིས་ཚོགས་ཀྱི་ལྷག་མ་ནས་ལས་བྱང་མཐར་དབྱུང་བས་གྲུབ་པའོ། །ཞེས་པ་འདིའང་རང་ཉིད་ལ་ཉེར་མཁོར་གྱུར་པས་འཇུག་བདེ་བཀླག་ཆོག་གི་ཚུལ་དུ་མཚོ་སྐྱེས་རྒྱལ་བ་གཉིས་པ་དགྱེས་པའི་འབངས་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པས་ཕ་རན་སེའི་རང་གནས་བསམ་གཏན་ཁང་བུ་བཀྲ་ཤིས་དཔལ་འབར་གླིང་དུ་བྲིས་པ་སླར་སྤ་གྲོ་སྐྱེར་ཆུར་རང་བྱུང་པདྨའི་སྙིང་ཐིག་གི་རྩ་གསུམ་ཚོགས་འབུལ་གསོག་སྐབས་མཐར་ཕྱུང་པ་ཡི་གེ་གཉིས་པའི་མཐུན་འགྱུར་གྲུབ་དབང་ཡེ་ཤེས་རྡོ་རྗེའི་མཆོག་སྤྲུལ་ཐུབ་བསྟན་ལུང་རིགས་སྨྲ་བའི་ཉི་མས་མཛད་པ་དགེ་ལེགས་འཕེལ།། །།

Footnotes

Other Information