JKW-KABUM-02-KHA-001-043: Difference between revisions
No edit summary |
No edit summary |
||
Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|citation=[['jam dbyangs mkhyen brtse'i dbang po]]. ''''. In '''jam dbyangs mkhyen brtse'i dbang po'i bka' 'bum'', Vol. 2: . Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020. | |fulltitletib=དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་རྒྱན་འཁོར་ལྔ་ཡི་རྣམ་པར་བཞག་པའི་གཏམ་དཔྱོད་ལྡན་རྣ་བའི་བཅུད་ལེན། | ||
|fulltitle=de bzhin gshegs pa'i sku gsung thugs yon tan phrin las mi zad rgyan 'khor lnga yi rnam par bzhag pa'i gtam dpyod ldan rna ba'i bcud len | |||
|citation=[['jam dbyangs mkhyen brtse'i dbang po]]. ''de bzhin gshegs pa'i sku gsung thugs yon tan phrin las mi zad rgyan 'khor lnga yi rnam par bzhag pa'i gtam dpyod ldan rna ba'i bcud len''. In '''jam dbyangs mkhyen brtse'i dbang po'i bka' 'bum'', Vol. 2: . Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020. | |||
|collectiontitletib=མཁྱེན་བརྩེའི་བཀའ་འབུམ་ | |collectiontitletib=མཁྱེན་བརྩེའི་བཀའ་འབུམ་ | ||
|collectiontitle=mkhyen brtse'i bka' 'bum | |collectiontitle=mkhyen brtse'i bka' 'bum | ||
Line 9: | Line 11: | ||
|editor=rdzong sar blo gros phun tshogs | |editor=rdzong sar blo gros phun tshogs | ||
|editortib=རྫོང་སར་བློ་གྲོས་ཕུན་ཚོགས་ | |editortib=རྫོང་སར་བློ་གྲོས་ཕུན་ཚོགས་ | ||
|tibgenre=Discourses - gtam | |tibgenre=Detailed Classification - rnam bzhag; Discourses - gtam | ||
|terma=No | |terma=No | ||
|sabcadcategory=Two | |sabcadcategory=Two | ||
Line 22: | Line 24: | ||
|rectonotes=sde tshan 1 | |rectonotes=sde tshan 1 | ||
|versonotes=mkhyen brtse'i bka' 'bum | |versonotes=mkhyen brtse'i bka' 'bum | ||
|colophontib=།ཅེས་པའང་བདེ་བར་གཤེགས་པ་རྗེས་སུ་དྲན་པའི་བསོད་ནམས་རླབས་པོ་ཆེ་འདུ་བྱ་བའི་སྐོར་དམིགས་ནས་ཐེག་པ་མཆོག་གི་བཀའ་དང་བསྟན་བཅོས་དྲི་མ་མེད་པ་རྣམས་ཀྱི་དགོངས་པ་ལྟར་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་ཉུང་གསལ་སྙིང་པོར་དྲིལ་བའི་ཚུལ་གྱིས་སྦྱར་བ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། | |||
|colophonwylie=ces pa'ang bde bar gshegs pa rjes su dran pa'i bsod nams rlabs po che 'du bya ba'i skor dmigs nas theg pa mchog gi bka' dang bstan bcos dri ma med pa rnams kyi dgongs pa ltar 'jam dbyangs bla ma dgyes pa'i 'bangs mkhyen brtse'i dbang pos nyung gsal snying por dril ba'i tshul gyis sbyar ba phyogs dus gnas skabs kun tu dar zhing rgyas la yun ring du gnas pa'i rgyur gyur cig__/sarba dA ka l+yA NaM b+ha ba tu | |||
|pdflink=File:JKW-KABUM-02-KHA-001.pdf | |pdflink=File:JKW-KABUM-02-KHA-001.pdf | ||
}} | }} | ||
Line 27: | Line 31: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP| | {{TibP|དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་རྣམ་པར་བཞག་པའི་གཏམ་དཔྱོད་ལྡན་རྣ་བའི་བཅུད་ལེན་ཅེས་བྱ་བ་བཞུགས་སོ། །ཨོཾ་སྭསྟི་སིདྡྷཾ། ཡོན་ཏན་མེ་ཏོག་དཔྱིད་ཀྱི་དཔལ། །དུད་པའི་གདེངས་ཀ་ལ་ཆགས་པའི། །ཐམས་ཅད་མཁྱེན་པའི་ཀེ་ས་རས། །ཤིས་པ་མཆོག་གི་བཅུད་ལེན་སྩོལ། །བདེ་བར་གཤེགས་པའི་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་མི་ཟད་པ། །རྒྱན་གྱི་འཁོར་ལོ་ལས་བརྩམས་པའི། །གཏམ་འདི་དཔྱོད་ལྡན་རྣ་བར་འཇེབས། །དེའང་གང་ན་སྲིད་དང་ཞི་བའི་བསོད་ནམས་ཀྱི་ཕུང་པོ་གཅིག་ཏུ་འབར་བ་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡོན་ཏན་ནི་སློབ་པའི་ས་ལ་བཞུགས་སོ་ཅོག་གིས་ཀྱང་བགྲང་བའི་ཡུལ་མ་ཡིན་ན་སོ་སོ་སྐྱེ་བོའི་བློ་གྲོས་ཉི་ཚེ་བ་དག་གིས་ལྟ་སྨོས་ཀྱང་ཅི་ཞིག་དགོས། དེ་ལྟར་ནའང་རེ་ཞིག་རང་གི་དད་པ་ཁོ་ན་གཙོར་བྱས་ཏེ་ཅུང་ཟད་བརྗོད་ན་ལྔ་ལས། དང་པོ་སྐུའི་ཡོན་ཏན་མཚན་དང་དཔེ་བྱད་བཅུ་ཕྲག་བཅུ་དང་བཅུ་གཉིས་ཏེ། འདི་འཆད་པ་ལ་ལྔ། གང་གིས་འགྲུབ་པའི་རྒྱུ། ཇི་ལྟར་སྒྲུབ་པའི་ཚུལ། གང་བསྒྲུབ་པའི་གྲངས་ངེས། དེ་དག་གི་སྒྲ་དོན། དེ་གཞན་ལས་ཁྱད་པར་དུ་འཕགས་ཚུལ་ལོ། །དང་པོ་ནི། འདི་ལྟར་རང་སངས་རྒྱས་དང་ཉན་ཐོས་སློབ་མི་སློབ་རྒྱུ་གང་ལས་བྱུང་བའི་བསོད་ནམས་དང་འཇིག་རྟེན་པ་ཐམས་ཅད་ཀྱི་བདེ་འགྲོ་བསྐྱེད་པའི་བསོད་ནམས་གང་ཡོད་བ་དེ་བཅུ་འགྱུར་གྱིས་བ་སྤུའི་བུ་ག་གཅིག་དང་། བ་སྤུའི་བུ་ག་ཐམས་ཅད་འགྲུབ་བྱེད་ཀྱི་བསོད་ནམས་བརྒྱ་འགྱུར་གྱིས་དཔེ་བྱད་བཟང་པོ་གཅིག །དེ་འགྲུབ་བྱེད་བརྒྱ་འགྱུར་གྱིས་མཚན་བཟང་པོ་གཅིག །དེ་འགྲུབ་བྱེད་སྟོང་འགྱུར་གྱིས་མཛོད་སྤུ། དེ་འགྲུབ་བྱེད་འབུམ་འགྱུར་གྱིས་གཙུག་ཏོར་བལྟར་མི་མངོན་པ་འགྲུབ་པར་གསུངས་ལ། བྱེ་བྲག་ཏུ་མཚན་འགྲུབ་པའི་རྒྱུ་ཕར་ཕྱིན་འགྲེལ་བ་དོན་གསལ་ལས་ཡུམ་བར་མའི་རྗེས་སུ་འབྲངས་ནས། སྔོན་སློབ་ལམ་གྱི་དུས་སུ་བླ་མ་བསུ་སྐྱེལ་དང་གཡོག་འཁོར་བྱིན་པ་ལ་སོགས་པ་ལས་ཕྱག་ཞབས་འཁོར་ལོས་མཚན་པ་དང་། ཞེས་སོགས་བཤད་ཅིང་། འཕགས་པ་ཀླུས་རིན་ཆེན་ཕྲེང་བ་ཡང་ཕལ་ཆེར་སྔ་མ་དང་འདྲ་བར་གསུངས་པ་དང་། ཐོགས་མེད་ཀྱིས་བྱང་སར་མཚན་གྱི་མདོའི་རྗེས་སུ་འབྲང་སྟེ། ཚུལ་ཁྲིམས་དང་། བརྟུལ་ཞུགས་དང་། བཟོད་པ་དང་། གཏོང་བ་རྣམས་ལ་ཤིན་ཏུ་གནས་པས་ནི་ཞབས་ཤིན་ཏུ་གནས་པ་བརྙེས་སོ། །ཞེས་སོགས་ཤིན་ཏུ་རྒྱས་པར་བསྟན་ཅིང་། མདོ་སྡེ་བསྐལ་བཟང་ལས། འཁོར་ལོའི་མཚན་གྱི་ཆ་ཤས་ཕྱག་ཞབས་ལ་འཁོར་ལོས་སྤྲས་པ། རྩིབས་ཕན་ཚུན་མ་འདྲེས་པ། འདོད་ཆགས་ཀྱི་དབང་གིས་མི་གོས་པ། བུམ་པ་དང་གཡུང་དྲུང་སོགས་བཀྲ་ཤིས་པའི་མཚན་མས་བརྒྱན་པ། འཁོར་ལོའི་འོད་འགྱེད་པ། འོད་སྣ་ཚོགས་གཏོང་བ་དང་དྲུག་རིམ་བཞིན་སྦྱིན་སོགས་ཕར་ཕྱིན་དྲུག་གི་འབྲས་བུར་གསུངས་པས་མཚོན་མཚན་རེ་རེ་བཞིན་སྦྱར་བ་སོགས་མཐའ་ཡས་སོ། །གཉིས་པ་ནི། སྤྱིར་ཤེས་རབ་ཀྱི་ཕར་ཕྱིན་དང་འབྲེལ་བའི་བསོད་ནམས་ཀྱི་ཚོགས་གོམས་པར་བྱས་པའི་གཙོ་བོའི་ལག་རྗེས་དང་། བྱེ་བྲག་ཏུ་མཚན་སོ་སོར་འགྲུབ་པའི་རྒྱུ་རྣམས་བསྐལ་པ་གྲངས་མེད་པ་གསུམ་དུ་བསྟེན་གོམས་བྱས་པ་ལས་བྱུང་བའི་ཕྱིར་བསམ་གྱིས་མི་ཁྱབ་པའི་གནས་སོ། །གསུམ་པ་ནི། མངོན་རྟོགས་རྒྱན་དུ་ཤེར་ཕྱིན་གྱི་མདོ་དང་། རྒྱུད་བླ་མར་བུ་མོ་རིན་ཆེན་གྱིས་ཞུས་པའི་མདོའི་རྗེས་སུ་འབྲངས་ཏེ་བགྲང་ཚུལ་ཅུང་ཟད་མི་མཐུན་ཞིང་། བྱང་ཆུབ་སེམས་དཔའི་སར་ཕལ་ཆེར་མངོན་རྟོགས་རྒྱན་གྱི་རྗེས་སུ་འབྲང་བར་མཛད་པ་སོགས་མདོ་དང་བསྟན་བཅོས་རྣམས་ལས་བཤད་པའི་ཚུལ་མི་འདྲ་བ་དུ་མ་ཞིག་གསུངས་ཀྱང་། དེ་བཞིན་གཤེགས་པའི་གསང་བ་ནི་བསམ་གྱིས་མི་ཁྱབ་པའི་གནས་ཡིན་པའི་ཕྱིར་ཅིར་ཡང་འཆར་བས་ན་ཕན་ཚུན་འགལ་བར་མི་འདུ་ལ། འདིར་རེ་ཞིག་སྔ་མའི་རྗེས་སུ་འབྲངས་ཏེ་སོ་སོའི་ངོས་འཛིན་སྙིང་པོར་དྲིལ་བ་ལ་གཉིས་ཏེ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་བཤད་པ་དང་། དཔེ་བྱད་བཟང་པོ་བརྒྱད་ཅུའི་ངོས་འཛིན་ནོ། །དང་པོ་ནི། ཕྱག་མཐིལ་དང་ཞབས་མཐིལ་གྱི་ངོས་ལ་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པའི་རི་མོ་འབུར་དུ་དོད་པ་བཅད་ཤིན་ཏུ་གསལ་བ་དང་ལྡན་པས་ཕྱག་ཞབས་འཁོར་ལོས་མཚན་པ་༡དང་། རུས་སྦལ་གྱི་ལྟོ་བ་བཞིན་དུ་ཞབས་མཐིལ་གཉིས་ལ་ཤས་མ་ཁེངས་པའི་ཁོང་སེང་མེད་པས་ཞབས་མཐིལ་མཉམ་པ་༢དང་། ཕྱག་ཞབས་ཀྱི་སོར་མོ་ཉི་ཤུ་པོ་རྣམས་སོར་ཚིག་དང་པོ་ནས་བརྩམས་ཏེ་སོར་མོའི་བར་ལ་སེང་སེང་པོ་ཡང་མེད་ཅིང་། སོར་གདུབ་ལ་སོགས་པའི་རྒྱན་ཀྱང་འཇུག་ཏུ་རུང་བའི་པགས་པའི་དྲྭ་བས་ངང་པའི་རྒྱལ་པོ་བཞིན་དུ་འབྲེལ་བས་སོར་མོ་དྲྭ་བས་འབྲེལ་བ་༣དང་། ཕྱག་ཞབས་ཐམས་ཅད་ལ་གཞོན་ཤ་ཤིན་ཏུ་ཆགས་ཤིང་པདྨའི་འདབ་མ་ལྟར་འཇམ་པས་ཕྱག་ཞབས་གཞོན་ཤ་ཆགས་ཤིང་འཇམ་པ་༤དང་། ཕྱག་ཞབས་ཀྱི་རྒྱབ་ཕྱོགས་བོལ་བཞི་དང་། ཕྲག་གོང་གཉིས་དང་། ལྟག་པའི་ཕྱོགས་ཏེ་གནས་བདུན་པོ་ཤས་ཡོངས་སུ་གང་བས་སྐུའི་བདུན་མཐོ་བ་༥དང་། ལྷའི་ལྗོན་ཤིང་གཞོན་ནུའི་ལྕུག་ཕྲན་ལྟར་སོར་མོ་རིང་ཞིང་མཉེན་ལྕུག་དང་ལྡན་པས་སོར་མོ་རིང་བ་༦དང་། ཞབས་ཀྱི་མཐིལ་ལ་ཆ་བཞིར་ཕྱེ་བའི་ཆ་གཅིག་ཕྱིར་འཕགས་ཤིང་དབྱེས་ཆེ་བ་དང་ལྡན་པས་རྟིང་པ་ཡང་བ་༧དང་། རིའི་རྒྱལ་པོ་ལྟར་གཞན་ལས་ཁྲུ་བདུན་ཙམ་གྱིས་སྐུ་མཐོ་ཞིང་ཆེ་བ་དང་ལྡན་ལ་གཡས་གཡོན་དུ་ཡོ་བ་མེད་པའི་ཕྱིར་སྐུ་ཆེ་ཞིང་དྲང་བ་དང་། ཞབས་ཀྱི་མཁྲིག་མ་ལ་ལོང་བུའི་རུས་པ་འབུར་པོ་དང་། པུས་མོའི་ལྷ་ང་ལའང་ཕྱིར་འབུར་པོའི་རུས་པ་མི་མངོན་པར་མཉམ་པའི་ཕྱིར་ལོང་བུ་མི་མངོན་པ་༩དང་། འཇམ་ཞིང་ཕྲ་བའི་བ་སྤུའི་ཚོགས་གཉིས་གསུམ་སོགས་འབྲེལ་བ་མེད་པར་རེ་རེ་ནས་སྐྱེས་ཤིང་གཡས་ཕྱོགས་སུ་རིམ་གྱིས་འཁྱིལ་བའི་རྩེ་མོ་རྣམས་སྐུ་ལ་གྱེན་དུ་ཕྱོགས་པས་བ་སྤུ་གྱེན་དུ་ཕྱོགས་པ་༡༠དང་། ཨེ་ན་ཡ་ཞེས་པ་ནི་རི་དྭགས་སྤྱིའི་བྱིན་པའི་མིང་སྟེ་དེ་དང་འདྲ་བར་རིམ་གྱིས་ཇེ་ཕྲ་ཇེ་ཕྲར་སོང་བ་ལ་ཟླུམ་ཞིང་རྒྱས་པའི་བྱིན་པ་དང་ལྡན་པས་བྱིན་པ་ཨེ་ན་ཡ་ལྟ་བུ་༡༡དང་། ཕྱག་གཉིས་གླང་པོའི་རྒྱལ་པོའི་སྣ་ཞགས་ལྟར་སྐུ་མ་བཏུད་པར་དྲང་པོར་གནས་ཀྱང་པུས་མོའི་ལྷ་ངར་སླེབ་པས་ཕྱག་རིང་ཞིང་༡༢མཛེས་པ་དང་། རྟ་མཆོག་ཅང་ཤེས་ལྟར་དུ་མདོམས་ཀྱི་སྦ་བ་གསང་གནས་སུ་ནུབ་པས་བལྟར་མི་མངོན་པའི་ཕྱིར་མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་༡༣དང་། གསེར་བཙོ་མ་ལྟར་ཁ་དོག་གསལ་ཞིང་རྡུལ་དང་དྲི་མ་སྤངས་པའི་འོད་ཆགས་འབར་བས་པགས་པའི་མདོག་གསལ་བ་༡༤དང་། པདྨའི་འདབ་མ་ལྟར་ཤིན་ཏུ་གཞོན་ཤ་ཆགས་ཤིང་ཤིང་བལ་ལྟར་རེག་ན་འཇམ་པས་པགས་པ་འཇམ་པ་༡༥དང་། འཇམ་ཞིང་ཕྲ་བའི་བ་སྤུའི་ཚོགས་གཉིས་གསུམ་སོགས་འབྲེལ་བ་མེད་པར་རེ་རེ་ནས་སྐྱེས་ཤིང་གཡས་ཕྱོགས་སུ་འཁྱིལ་བས་སྤུ་རེ་རེ་ནས་སྐྱེས་ཤིང་གཡས་ཕྱོགས་སུ་འཁྱིལ་བ་༡༦དང་། སྟོན་ཀའི་ཟླ་བ་ལྟར་ཤིན་ཏུ་དཀར་ཞིང་འོད་འཕྲོ་བ་འཇམ་མཉེན་གྱི་མཛོད་སྤུ་དྲངས་ན་ཁྲུ་གསུམ་ལ་སོགས་པ་འབྱུང་ཞིང་། གཏང་ན་གཡས་ཕྱོགས་འཁྱིལ་པས་སྨིན་མཚམས་སུ་ཕྲ་བཏབ་པ་ལྟར་གནས་པས་མཛོད་སྤུ་༡༧དང་། སྐུ་སྟོད་སེང་གེ་ལྟར་གྱེན་དུ་འཕེལ་ཁ་ཆེ་ཞིང་རྒྱས་པ་དང་ལྡན་པས་རོ་སྟོད་སེང་གེ་དང་འདྲ་བ་༡༨དང་། དཔུང་པ་ནི་ཕྲག་པ་དང་། དེའི་མགོ་ནི་མགྲིན་པ་སྟེ། དེ་ཉིད་གསེར་གྱི་བུམ་པའི་མགྲིན་པ་བཞིན་རྩ་བའི་དྲྭ་བ་མི་མངོན་ལ་ལེགས་པར་ཟླུམ་ཞིང་རྒྱས་པས་དཔུང་མགོ་ཟླུམ་པ་དང་། འདི་མངོན་རྟོགས་རྒྱན་གྱི་རྗེས་སུ་འབྲང་བ་སྟེ། གཞན་དུ་རྒྱུད་བླ་མ་སོགས་སུ་མགྲིན་པ་དུང་གི་དབྱིབས་འདྲ་བ་དང་། དཔུང་མགོ་ཟླུམ་པའི་མཚན་བཟང་སོ་སོར་གསུངས་པ་ལྟར་ན་ལག་པའི་མགོ་དངོས་ཀྱི་དཔུང་པར་འཇོག་གོ །ཐལ་གོང་ནི་དཔུང་མགོ་ཕན་ཚུན་གྱི་བར་དང་། བྲང་ལའང་སྐབས་འགར་བཤད་པས། དེ་དག་ཤིན་ཏུ་ཡངས་ཤིང་མི་མཉམ་པའི་ཤ་ཚུགས་རྒྱས་པས་ན་ཐལ་གོང་རྒྱས་པ་༢༠དང་། རོ་མི་ཞིམ་པའི་ཁ་ཟས་ཅི་ཡིན་ནའང་ཞལ་ཟས་རོ་བརྒྱ་པ་ལྟ་བུའི་རོ་བྲོ་བ་མཆོག་མྱོང་བའི་ལྗགས་དང་ལྡན་པས་ན་རོ་བྲོ་བ་མཆོག་དང་། །ཕྱག་འདོམ་གྱི་རྩེ་མོ་ཕན་ཚུན་བར་ལ་ཇི་ཙམ་ཡོད་པའི་ཚད་དེ་བཞིན་སྤྱི་གཙུག་ནས་ཞབས་ཀྱི་བར་གྱི་ཚད་གཉིས་མཉམ་པས་ཤིང་ནྱ་གྲོ་དྷ་སྟེ་འགྲོ་འགོག་གི་ལྗོན་པ་ལྟར་རྒྱས་པའི་ཆུ་ཞེང་ཞེས་ཕན་ཚུན་གྱི་བར་གབ་སྟེ་ཆ་ཤས་ཀྱིས་དམན་པར་གནས་པས་སྐུ་ཆུ་ཞེང་གབ་པ་༢༢དང་། གཙུག་ཏོར་གྱི་རྩེ་མོ་སྟེང་ཕྱོགས་སུ་མཐའ་དང་མུ་མེད་པར་འཕགས་པས་དེའི་མཐའ་མི་རྙེད་པའི་ཕྱིར་གཙུག་ཏོར་རིང་བ་༢༣དང་། ལྗགས་བརྐྱངས་པས་སྙན་གྱི་བུ་ག་དང་སྐྲ་མཚམས་ཀྱི་བར་ཞལ་གྱི་དཀྱིལ་འཁོར་ཀུན་ཏུ་ཁེབས་པར་མཛད་ནུས་པས་ལྗགས་རིང་བ་༢༤དང་། ཚངས་པའི་དབྱངས་ནི་དུམ་བུ་དུམ་བུར་ཆད་པ་མ་ཡིན་པར་ཡུན་རིང་དུ་གྲགས་པ་བཞིན་གསུང་ཡུན་རིང་པོར་ལྷང་ལྷང་དུ་གྲགས་པས་ན་ཚངས་པའི་དབྱངས་༢༥དང་། འགྲམ་པ་མེ་ལོང་གི་དཀྱིལ་འཁོར་ལྟར་ཟླུམ་ཞིང་རྒྱས་པས་ན་འགྲམ་པ་སེང་གེའི་འདྲ་བ་༢༦དང་། ཁ་བ་དང་དུང་དང་ཀུནྡའི་མདོག་ལྟར་དཀར་ཞིང་འོད་ཟེར་འཕྲོ་བས་ཚེམས་དཀར་བ་༢༧དང་། ཚད་ལ་མཐོ་དམའ་མེད་པར་གཅིག་ཏུ་མཉམ་པས་ཚེམས་མཉམ་པ་༢༨དང་། སོ་སོའི་བར་མཚམས་སེང་སེང་པོར་མེད་པས་ཚེམས་ཐག་བཟང་བ་༢༩དང་། ཡས་མས་སུ་ཚེམས་ཉི་ཤུ་རེ་ཡོད་པས་གྲངས་བཞི་བཅུ་ཐམ་པ་ཚང་བ་༣༠དང་། སྤྱན་དབུས་ཀྱི་འབྲས་བུ་ནོར་བུ་རིན་ཆེན་མཐོན་ཀ་ལྟར་མཐིང་ལ་གནག་ཅིང་དབྱིབས་ཟླུམ་པོར་གནས་པས་སྤྱན་མཐོན་མཐིང་༣༡དང་། རྫི་མའི་སྤུ་རྣམས་ལེགས་པར་གཞོལ་ཞིང་མ་འདྲེས་པར་ཐད་ཀར་གནས་པས་བསྒྲིགས་ལེགས་པ་སྟེ་དཔེར་ན་ཁྱུ་མཆོག་གི་རྫི་མ་ལྟར་ཡིད་དུ་འོང་བས་ན་ཁྱུ་མཆོག་གི་རྫི་མ་ལྟ་༣༢བུ་སྟེ་སུམ་ཅུ་རྩ་གཉིས་སོ། །གཉིས་པ་ལ་གཉིས། དངོས་དང་། དེ་དག་གི་ངོ་བོའོ། །དང་པོ་ནི། རྒྱན་ལས། ཐུབ་པའི་སེན་མོ་ཟངས་མདོག་༡དང་། །མདོག་༢སྣུམ་མཐོ་དང་༣སེན་མོ་རྣམས། །ཟླུམ་༤རྒྱས་༥བྱིན་༦གྱིས་ཕྲ་བ་དང་། །རྩ་མི་མངོན་༧དང་མདུད་༨པ་མེད། །ལོང་བུ་༩མི་མངོན་ཞབས་མཉམ་༡༠དང་། །སེང་༡༡གེ་གླང་༡༢ཆེན་བྱ་དང་༡༣ནི། །ཁྱུ་༡༤མཆོག་སྟབས་གཤེགས་གཡས་༡༥ཕྱོགས་དང་། མཛེས་༡༦གཤེགས་དྲང་༡༧དང་འཁྲིལ་༡༨བག་ཆགས། །བྱི་དོར་བྱས་༡༩འདྲ་རིམ་པར་༢༠འཚམས། །གཙང་༢༡དང་འཇམ་༢༢དང་དག་༢༣པའི་སྐུ། །མཚན་ནི་ཡོངས་སུ་༢༤རྫོགས་པ་དང་། །སྐུ་ཡི་ཁོ་ལག་ཡངས་༢༥ཤིང་བཟང་། །གོམ་༢༦སྙོམས་སྤྱན་གཉིས་དག་༢༧པ་དང་། །ཤིན་ཏུ་གཞོན་ཤ་༢༨ཅན་ཉིད་དང་། །སྐུ་ཞུམ་༢༩མེད་དང་རྒྱས་པ་༣༠དང་། །ཤིན་ཏུ་གྲིམས་པའི་སྐུ་ཉིད་༣༡དང་། །ཡན་ལག་ཤིན་༣༢ཏུ་རྣམ་འབྱེས་དང་། །གཟིགས་པ་སྒྲིབ་མེད་དག་༣༣པ་དང་། །དཀུ་ཟླུམ་༣༤སྐབས་༣༥ཕྱིན་༣༦མ་རྙོང་དང་། །ཕྱང་ངེ་བ་དང་༣༧ལྟེ་བ་༣༨ནི། །ཟབ་དང་གཡས་ཕྱོགས་༣༩འཁྱིལ་བ་དང་། །ཀུན་ནས་ལྟ་ན་སྡུག་པ་༤༠དང་། །ཀུན་སྤྱོད་གཙང་དང་སྐུ་༤༡ལ་ནི། །སྨེ་བ་གནག་༤༢བག་མེད་པ་དང་། །ཕྱག་ནི་ཤིང་བལ་ལྟར་༤༣འཇམ་དང་། །ཕྱག་རིས་༤༤མདངས་ཡོད་ཟབ་༤༥རིང་༤༦དང་། །ཞལ་ནི་ཧ་ཅང་༤༧མི་རིང་དང་། །མཆུ་ནི་བིམྦ་ལྟར་དམར་༤༨དང་། །ལྗགས་༤༩མཉེན་པ་དང་སྲབ་པ་༥༠དང་། །དམར་༥༡དང་འབྲུག་༥༢གི་སྒྲ་ཉིད་དང་། །གསུང་༥༣མཉེན་འཇམ་༥༤དང་མཆེ་བ་ཟླུམ། །རྣོ་༥༥དང་དཀར་༥༦དང་༥༧མཉམ་པ་དང་། །བྱིན་༥༨གྱིས་ཕྲ་དང་༥༩ཤངས་མཐོ་དང་། །མཆོག་ཏུ་དག་༦༠པ་དག་དང་ནི། །སྤྱན་༦༡ཡངས་པ་དང་རྫི་མ་སྟུག༦༢།པདྨའི་འདབ་མ་༦༣འདྲ་བ་དང་། །སྨིན་ཚུགས་༦༤རིང་དང་འཇམ་༦༥པ་དང་། །སྣུམ་༦༦དང་སྤུ་ནི་མཉམ་༦༧པ་དང་། །ཕྱག་༦༨རིང་རྒྱས་དང་སྙན་མཉམ་༦༩དང་། །ཉམས་༧༠པ་རྣམ་པར་སྤངས་པ་དང་། །དཔྲལ་༧༡བ་ལེགས་པར་འབྱེས་པ་དང་། །དབྱེས་ཆེ་བ་༧༢དང་དབུ་རྒྱས་༧༣དང་། །དབུ་སྐྲ་བུང་བ་ལྟར་༧༤གནག་དང་། །སྟུག་༧༥དང་འཇམ་༧༦དང་མ་༧༧འཛིངས་དང་། །མི་༧༨གཤོར་དྲི་ཞིམ་སྐྱེས་བུ་ཡི། །ཡིད་ནི་འཕྲོག་པར་༧༩བྱེད་པ་དང་། །དཔལ་༨༠གྱི་བེའུ་དང་བཀྲ་༨༡ཤིས་ནི། །གཡུང་དྲུང་འཁྱིལ་པས་༨༢བརྒྱན་པ་སྟེ། །སངས་རྒྱས་དཔེ་བྱད་བཟང་པོར་བཞེང་། །ཅེས་གསུངས་པ་ལྟར། འདི་དག་ལས་སེན་མོ་མཐོ་བ་ནི་མ་ཞོམ་པ་དང་། ལོང་བུའི་ཚིགས་སྦོམ་པར་མི་མངོན་པ་དང་། ཞབས་གཉིས་རིང་ཐུང་ཕྲ་སྦོམ་མཉམ་པ་དང་། མི་ལ་སོགས་པ་ས་སྟེང་གི་འགྲོ་བ་ཟིལ་གྱིས་གནོན་པས་སེང་གེའི་སྟབས་དང་། ཀླུ་ལ་སོགས་པ་ས་འོག་གི་འགྲོ་བ་ཟིལ་གྱིས་གནོན་པས་གླང་པོ་ཆེའི་སྟབས་དང་། མཁའ་ལ་རྒྱུ་བའི་སེམས་ཅན་དང་སྟེང་གི་འགྲོ་བ་རྣམས་ཟིལ་གྱིས་གནོན་པས་བྱ་ངང་པའམ་མཁའ་ལྡིང་གི་སྟབས་དང་། འཁོར་རྣམས་ཀྱི་སྣ་འདྲེན་པས་ཁྱུ་མཆོག་གི་སྟབས་སུ་གཤེགས་པ་དང་། མཚན་ཐམས་ཅད་དོད་ཅིང་གསལ་བས་ཡོངས་སུ་རྫོགས་པ་དང་། ཕྱམ་གྱི་དབྱིབས་ཡངས་ཤིང་མཛེས་པས་ཕྱང་ངེ་བ་དང་། ལྟེ་བའི་ཁུང་ཟབ་ཅིང་རི་མོ་གཡས་སུ་འཁྱིལ་བ་དང་། ཞལ་གྱི་སྒོ་ཧ་ཅང་ཆེས་བའི་སྐྱོན་དང་གསུང་ཐག་ཧ་ཅང་རིང་པ་མེད་པ་དང་། སྨིན་མ་གཉིས་འབྲེལ་པས་ཚུགས་རིང་བ་དང་། དཔྲལ་བ་ལེགས་པར་རྒྱས་ཤིང་འབུར་དུ་མ་དོད་པས་དབྱེས་པ་དང་། སྐྲ་མཚམས་མཉམ་པར་ཕྱེད་པ་དང་། ཕྱག་ཞབས་ལ་དཔལ་གྱི་བེའུ་དང་། འཁོར་ལོའི་མུ་ཁྱུད་ལ་བཀྲ་ཤིས་པའི་རི་མོ་བར་མ་ཆད་བདུན་རིམ་དང་། གཡུང་དྲུང་འཁྱིལ་བའི་དབྱིབས་ཅན་རི་མོ་གྲུ་བཞིས་བསྐོར་བ་སྟེ། གཞན་རྣམས་ནི་གོ་སླའོ། །གཉིས་པ་གོང་སྨོས་མཚན་དཔེ་འདི་རྣམས་ཀྱི་ངོ་བོ་ཉིད་ནི་གང་གི་དངོས་པོ་ཡིན་སྙམ་ན། དེ་ལ་འདོད་ཚུལ་ཐ་དད་པ་ལས་ཉན་ཐོས་སྡེ་པ་དག་གི་ལྟར་ན། རྡུལ་ཕྲ་རབ་ཀྱི་ཆོས་ཅན་ཕྱི་དོན་གྱི་བེམས་པོའི་ངོ་བོ་ཉིད་དེ་གཟུགས་ཀྱི་སྐྱེ་མཆེད་དུ་འདོད། ཐེག་ཆེན་རྣམ་རིག་པ་ལྟར་ན། ངོ་བོ་ནི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པ་དང་། བྱེད་ལས་གདུལ་བྱ་ལ་སྣང་བ་སྐྱེད་པར་གསུངས་པས་གཞན་སྣང་གི་གདུལ་བྱའི་རྣམ་པར་རིག་པ་ཙམ་ཡིན་ལ། འོན་ཀྱང་འདིར་ཐ་སྙད་དུ་སྐྱེ་མཆེད་པའི་གཟུགས་ཅན་ལྟ་བུའི་རྣམ་གཞག་ནི་དགོས་སོ། །དེ་བཞིན་རྣལ་འབྱོར་སྤྱོད་པ་དང་མཐུན་པའི་དབུ་མ་པའང་། ཡང་དག་པའི་ཀུན་རྫོབ་ཏུ་སྣང་བ་ཇི་ལྟར་མོས་པས་རབ་ཏུ་ཕྱེ་བ་སྟེ། འདི་དག་རང་སེམས་སྣང་བ་ཞེས། །སོ་སོ་སྐྱེ་བོས་མི་ཤེས་མོད། །དེ་ལྟར་ན་ཡང་གཟུགས་མཐོང་དེ། །དེ་དག་ལ་ནི་དོན་ཡོད་འགྱུར། །ཞེས་སོགས་བཤད་པ་ལྟར། དེ་བཞིན་གཤེགས་པ་ནི་ཆོས་ཉིད་ངོ་བོ་ཉིད་མཉམ་ཡངས་ཆེན་པོའི་དབྱིངས་སུ་གཉིས་སྣང་སྤྲོས་པའི་འདུ་བྱེད་མ་ལུས་པ་ནུབ་སྟེ་སྤྲོས་པ་མཐའ་དག་དང་བྲལ་བའི་མཁའ་ཁྱབ་མཁའི་རྡོ་རྗེར་བྱང་ཆུབ་པས་སྐུ་དང་ཡེ་ཤེས་ཕྲིན་ལས་རབ་འབྱམས་ཀྱི་སྣང་ཚུལ་འདི་དག་སློབ་པ་ལམ་གྱི་སྐབས་སུ་བསོད་ནམས་ཀྱི་ཚོགས་མཐའ་ཡས་པས་བརྒྱན་པའི་ཡེ་ཤེས་དང་། གཞན་དོན་དུ་མཐའ་དང་གཏིང་དཔོག་པར་མི་བཟོད་པའི་སྨོན་ལམ་རྒྱ་མཚོའི་ཕ་མཐར་ཕྱིན་པའི་མཐུ་དང་། ཇི་སྐད་དུ། ཇི་ལྟར་བཻཌཱུའི་ས་གཞི་གཙང་མ་ལ། །ལྷ་དབང་ལུས་ཀྱི་གཟུགས་བརྙན་སྣང་བ་ལྟར། །དེ་བཞིན་འགྲོ་སེམས་ས་གཞི་དག་པ་ལ། །ཐུབ་པའི་དབང་པོའི་སྐུ་ཡི་སྣང་བརྙན་འཆར། །ཞེས་གསུངས་པ་ལྟར་ཉེ་བའི་གདུལ་བྱ་ལས་དག་པ་རྣམས་ཀྱི་ཡང་དག་ཀུན་རྫོབ་ཀྱི་སྣང་ངོར་འབད་རྩོལ་མི་མངའ་བཞིན་ལྷུན་གྱིས་གྲུབ་པའི་ཚུལ་དུ་ཆུ་ཟླ་ལྟར་སྣང་བའོ། །བཞི་པ་ནི། དེ་ལྟ་བུ་ལ་མཚན་དང་དཔེ་བྱད་ཅེས་པའི་སྒྲས་བརྗོད་པ་ལ་དགོས་པ་ཡོད་དེ། རང་གང་ལ་ལྡན་པའི་གང་ཟག་དེ་སྐྱེས་བུ་ཆེན་པོ་མཚོན་པར་བྱེད་པའི་མཚན་ཉིད་ལྟ་བུ་ཡིན་པས་ན་མཚན་དང་། ནང་དུ་འདུ་བྱེད་ཐམས་ཅད་ལ་ཆགས་པ་དང་བྲལ་བའི་ཡོན་ཏན་དེ་ཉིད་གཞན་ལ་གོ་བར་བྱེད་པའི་དཔེར་ཕྱི་རོལ་དུ་སེན་མོ་ཟངས་ཀྱི་མདོག་ལྟར་སྣང་བས་མཚོན་ནང་གི་ཡོན་ཏན་གཞན་ལ་གོ་བར་བྱེད་པའམ། ཕ་རོལ་ལ་སྐུའི་མཛེས་པ་བསྐྱེད་པའམ་སྟོན་བྱེད་ཡིན་པས་ན་དཔེ་བྱད་ཅེས་བརྗོད་པའི་ཕྱིར་རོ། །ལྔ་པ་ནི། འཁོར་ལོས་སྒྱུར་བ་དང་བྱང་ཆུབ་སེམས་དཔའ་སོགས་ལའང་མཚན་དཔེ་ཡོད་མོད་ཀྱི། དེ་དག་ནི་འོལ་སྤྱི་ཙམ་སྟེ། སངས་རྒྱས་ཀྱི་མཚན་དཔེ་ནི་མི་མཐུན་པའི་ཕྱོགས་ཀྱི་དྲི་མ་མེད་པས་དག་པ་དང་། ཡིད་དུ་འོང་བས་མཛེས་པ་དང་། སྒྲིབ་བྱེད་མེད་ཅིང་ཆ་ཐམས་ཅད་ཀྱི་ཐམས་ཅད་ཡོངས་སུ་རྫོགས་པས་གཞན་གྱིས་འགྲན་པར་མི་ནུས་ཏེ། དེའི་རྒྱུ་མཚན་ཡང་། འཁོར་ལོས་སྒྱུར་རྒྱལ་གྱི་མཚན་དཔེ་ནི་སངས་རྒྱས་ལ་སེམས་དྭངས་པ་གཅིག་ཙམ་ལས་ཀྱང་འབྱུང་ཞིང་། སངས་རྒྱས་ཀྱི་མཚན་དཔེ་ལྟ་ཞོག །བ་སྤུའི་ཁུང་བུ་གཅིག་ཀྱང་འཁོར་བསྒྱུར་གྱི་མཚན་དཔེ་འགྲུབ་བྱེད་ཀྱི་བསོད་ནམས་བསྐལ་པ་བྱེ་བ་བརྒྱ་ཕྲག་ཏུ་གོམས་པས་ཀྱང་བསྐྱེད་ནུས་པ་མ་ཡིན་པའི་ཕྱིར་རོ། །དེ་སྐད་དུའང་། རིན་ཆེན་ཕྲེང་བ་ལས། འཁོར་ལོས་སྒྱུར་བ་ཐམས་ཅད་ལ། །འདི་དག་ཡོད་པར་འདོད་མོད་ཀྱི། །དག་དང་མཛེས་དང་གསལ་བ་ནི། །སངས་རྒྱས་རྣམས་ཀྱི་ཆར་མི་ཕོད། །ཅེས་གསུངས་པ་ལྟ་བུའོ། །གཉིས་པ་གསུང་གི་ཡོན་ཏན་ནི་ཡན་ལག་དྲུག་ཅུ་རྩ་བཞི་སྟེ། འདི་འཆད་པ་ལ་བཞི། གང་གིས་འགྲུབ་པའི་རྒྱུ། གང་འགྲུབ་པའི་ངོ་བོ། དེ་ལྟར་བརྗོད་པའི་རྒྱུ་མཚན། གཞན་ཡང་བསམ་གྱིས་མི་ཁྱབ་པར་བསྟན་པའོ། །དང་པོ་ནི། སྔར་སྨོས་པའི་གཙུག་ཏོར་བལྟར་མི་མངོན་པ་འགྲུབ་བྱེད་ཀྱི་བསོད་ནམས་བྱེ་བ་འབུམ་ཕྲག་བརྒྱ་འགྱུར་དུ་བསྒྲེས་པའི་བསོད་ནམས་གྲངས་མེད་པ་བཅུས་ཡན་ལག་དྲུག་ཅུ་དང་ལྡན་པའི་གསུང་དབྱངས་འགྲུབ་པར་གསུངས་སོ། །གཉིས་པ་ནི། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། ཞི་བའི་བློ་གྲོས། དེ་བཞིན་གཤེགས་པའི་གསུང་ནི་རྣམ་པ་དྲུག་ཅུ་རྩ་བཞི་དང་ལྡན་པར་འབྱུང་སྟེ། རྣམ་པ་དྲུག་ཅུ་རྩ་བཞི་གང་ཞེ་ན། འདི་ལྟ་སྟེ། མཉེན་པའི་གསུང་འབྱུང་བ་དང་། ཞེས་སོགས་གྲངས་དྲུག་ཅུ་རྩ་བཞིར་གསུངས་པ་ལྟར་ཅུང་ཟད་འཆད་ན། དཔེར་ན། སྣུམ་པའི་མཉེན་པ་དང་ཆུ་ཡི་རྒྱུན་གཙང་མ་རང་ཉིད་འགྲོ་བའི་ལམ་གང་ཡིན་པ་དེར་ཞུགས་པས་རྩི་ཤིང་ནགས་ཚལ་མ་སྐྱེས་པ་རྣམས་བསྐྱེད་པ་དང་། སྐྱེས་པ་རྣམས་འཕེལ་བར་བྱེད་པ་བཞིན། དེ་བཞིན་གཤེགས་པའི་གསུང་ཡང་གདུལ་བྱ་ཐམས་ཅད་ཀྱི་རྒྱུད་ལ་ཁམས་དང་འཚམས་པར་ཞུགས་པས་དགེ་བའི་རྩ་བ་མ་བསྐྱེད་པ་སྐྱེད་པ་དང་། བསྐྱེད་པ་རྣམས་འཕེལ་ཞིང་རྒྱས་པར་བྱེད་པས་ན། གསུང་མངོན་རྟོགས་རྒྱན་ལས་དཔེ་བྱད་ཀྱི་གྲས་སུ་འབྱུང་། ལས་སུ་རུང་བའི་ཕྱིར་གསུང་མཉེན་༡པའམ་སྣུམ་པ་དང་། ལྷ་རྫས་ཀྱི་གོས་ལ་སོགས་པའི་རེག་བྱ་འཇམ་པོས་ལུས་ལ་རེག་པ་ན་བདེ་བར་བྱེད་པ་བཞིན་གང་གིས་ཐོས་པའི་མོད་ནས་ཡིད་བདེ་བས་ཚིམས་པའི་ཕྱིར་འཇམ་༢པ་དང་། བདེན་བཞི་དང་། རྟེན་འབྲེལ་དང་། བྱང་ཆུབ་ཕྱོགས་ཀྱི་ཆོས་སོགས་དོན་བཟང་པོ་རིགས་ཅན་སོ་སོའི་ཡིད་ལ་འབབ་པར་སྟོན་པས་ན་ཡིད་དུ་འོང་བ་༣དང་། ཟུར་ཆག་ལ་སོགས་པའི་ཚིག་ཅལ་ཅོལ་མ་ཡིན་པར་ལྷ་དང་། འཕགས་པའི་སྐད་དང་ཡི་གེར་གསུངས་པའི་ཚིག་བཟང་བས་ན་ཡིད་དུ་འཐད་པ་༤དང་། སྒྲིབ་གཉིས་བག་ཆགས་བཅས་པ་སྤངས་པའི་ཇི་ལྟ་བ་མཁྱེན་པའི་མི་རྟོག་ཡེ་ཤེས་ཀྱི་རྗེས་ཐོབ་དག་པ་ཇི་སྙེད་པ་གཟིགས་པའི་ཡེ་ཤེས་ཀྱི་བདག་པོའི་རྐྱེན་ལས་བྱུང་བས་ན་རྣམ་པར་༥དག་པ་དང་། རྩ་བ་དང་ཉེ་བའི་ཉོན་མོངས་པ་བག་ཆགས་དང་བཅས་པ་སྤངས་ནས་གསུངས་པས་ན་དྲི་མ་མེད་པ་༦དང་། འཇིག་རྟེན་ན་མ་གྲགས་པའི་ཚིག་དང་ཡི་གེ་སྤངས་ཏེ། གྲགས་པའི་ཚིག་དང་ཡི་གེས་གསུངས་པས་ན་འོད་གསལ་བའམ་རབ་ཏུ་གསལ་བ་༧དང་། བདག་ཏུ་ལྟ་བ་སོགས་མུ་སྟེགས་ཅན་གྱི་ལྟ་ངན་རྣམས་འཇོམས་པར་བྱེད་པའི་ཕྱིར་སྙན་ཅིང་འཇེབས་པ་དང་། ཇི་ལྟར་གསུངས་པ་བཞིན་བསྒྲུབས་པས་འཁོར་བ་ལས་ངེས་པར་འབྱུང་པའི་དོན་གྱིས་ལྕི་བའི་ཕྱིར་མཉན་པར་འོས་པ་༩དང་། མུ་སྟེགས་སོགས་ཕས་རྒོལ་གྱི་ཟིལ་གྱིས་མི་ནོན་པ་དང་། སུན་འབྱིན་པར་མི་ནུས་པས་མི་ཚུགས་པ་༡༠དང་། གསུང་ཐོས་པ་རྣམས་ཀྱི་ཡིད་ལ་དགའ་བ་མི་ཟད་པ་འཆར་བས་སྙན་པ་༡༡དང་། དུག་གསུམ་གྱི་སྤྱོད་པ་རྣམས་ཀྱི་གཉེན་པོ་བསྟན་པའི་སྒོ་ནས་ཉོན་མོངས་པ་འདུལ་བས་ན་འདུལ་བའམ་དུལ་བ་༡༢དང་། མུ་སྟེགས་བྱེད་ཀྱི་དཀའ་ཐུབ་དང་བརྟུལ་ཞུགས་ཀྱི་བཅས་པ་ནི་འདི་ཕྱི་གཉིས་ཀར་གནོད་པས་རྩུབ་པ་ཡིན་ལ། སངས་རྒྱས་ཀྱིས་མཐའ་གཉིས་སྤངས་པའི་བསླབ་པ་བཅས་པས་འཕྲལ་དང་ཡུན་དུ་ཕན་བདེ་བསྐྱེད་པའི་ཐབས་སྟོན་པས་མི་རྩུབ་པ་༡༣དང་། གལ་ཏེ་བསླབ་ལས་འདས་ན་ལྟུང་བ་དེ་ལས་ལྡང་བའི་ཐབས་དང་སྒོ་གཞན་ནས་ཐར་པའི་ཐབས་མེད་པ་མ་ཡིན་པ་བཤགས་སྡོམ་སོགས་ཀྱི་སྒོ་ནས་ཕྱིར་བཅོས་པའི་ཐབས་དང་། དགེ་བའི་རྩ་བ་ལ་རྗེས་སུ་ཡི་རང་བ་སོགས་ཐར་པ་ཐོབ་པའི་ཐབས་གཞན་སྟོན་པས་ན་མི་བརླང་བ་༡༤དང་། རིགས་ཅན་གསུམ་གྱི་གདུལ་བྱ་ལ་རང་རང་གི་ངོ་སྐལ་དང་འཚམས་པའི་ཐེག་གསུམ་གྱི་ལམ་དུ་བཀྲི་བས་ན་རབ་ཏུ་དུལ་བའམ་རབ་ཏུ་འདུལ་བ་༡༥དང་། ཤིན་ཏུ་འཇམ་ཞིང་སྙན་པས་ཉན་པ་པོ་རྣམས་ཡིད་རྩེ་གཅིག་ཏུ་རྣ་བ་གཏད་དེ་ཉན་པར་བྱེད་པས་ན་རྣ་བར་སྙན་པ་༡༦དང་། སངས་རྒྱས་ཀྱི་གསུང་ཐོས་པ་ལས་སེམས་མཉམ་པར་འཇོག་པ་དང་། དེ་ལས་ཞི་གནས་དང་། དེ་ནས་ལུས་ལ་ཤིན་སྦྱང་གི་བདེ་བ་འབྱུང་བས་སིམ་པ་ཁྱད་པར་མྱོང་བའི་ཕྱིར་ལུས་ཚིམ་༡༧པར་བྱེད་པ་དང་། གསུང་དེས་བསྟན་པའི་ཆོས་རྣམས་རང་སྤྱིའི་མཚན་ཉིད་ལ་མཁས་པའི་ཤེས་རབ་བསྒོམས་པས་ལྷག་མཐོང་བསྐྱེད་ཅིང་། དེས་མི་ཤེས་པའི་མུན་པ་དང་བྲལ་ནས་ལྷག་པར་མཁས་པའི་དགའ་བ་བསྐྱེད་པས་ན་སེམས་ཚིམ་པར་༡༨བྱེད་པ་དང་། བློ་རྩེ་གཉིས་ཀྱི་ཐེ་ཚོམ་ལས་བྱུང་བའི་ཡིད་ཀྱི་བདེ་བ་གང་ཞིག །སངས་རྒྱས་ཀྱི་གསུང་དེས་ཐེ་ཚོམ་ཐམས་ཅད་བཅད་ནས་དོགས་པའི་གནས་དང་བྲལ་བའི་ཡིད་བདེ་བ་ལ་མཆོད་པས་ན་སྙིང་ཚིམ་པར་བྱེད་༡༩པ་དང་། ཆོས་ཀུན་གྱི་རང་སྤྱིའི་མཚན་ཉིད་ལེགས་པར་བསྟན་པའི་མཐུས་མ་རིག་པ་བསལ་ནས་ཤེས་རབ་ཀྱི་སྤོབས་པ་སྐྱེད་པར་བྱེད་པས་ན་དགའ་བ་༢༠བསྐྱེད་པ་དང་། བདེན་པ་གཉིས་ཀྱི་གནས་ལུགས་ཚུལ་བཞིན་བསྟན་པས་རྟག་ཆད་ཀྱི་ལྟ་བ་ངན་པ་བསལ་ནས་ཡང་དག་པའི་ཤེས་རབ་ཁྱད་པར་ཅན་ལ་འགོད་པས་ན་བདེ་བ་བསྐྱེད་༢༡པ་དང་། ཇི་ལྟར་གསུངས་པའི་དོན་ཐོས་ནས་བསམ་ཞིང་བསྒོམས་པས་འབྲས་བུ་ཐོབ་ནས་གནས་ལུགས་མངོན་སུམ་དུ་རྟོགས་པར་འགྱུར་པའི་ཕྱིར་བདག་གིས་སངས་རྒྱས་ཀྱི་གསུང་ཉན་པ་ལ་དོན་མ་བྱུང་ངོ་སྙམ་པའི་འགྱོད་པས་ནམ་ཡང་གདུང་བར་མི་འགྱུར་བས་ན་གདུང་བ་མེད་༢༢པ་དང་། གསུང་ཉན་ཅིང་ཐོས་པ་ལ་བརྟེན་ནས་ཐོས་བྱུང་གི་ཤེས་རབ་ཕུན་སུམ་ཚོགས་པ་སྐྱེ་བ་དང་གནས་པར་འགྱུར་བས་ན་ཀུན་ཏུ་ཤེས་པར་༢༣བྱ་བ་དང་། ཇི་ལྟར་ཐོས་པའི་དོན་དེ་ལ་རིགས་པ་བཞིའི་སྒོ་ནས་བསམས་ན་སྒྲོ་འདོགས་ལེགས་པར་ཆོད་ནས་དོན་ལ་ངེས་ཤེས་ལྷག་པར་རྙེད་པའི་བསམ་བྱུང་གི་ཤེས་རབ་ཕུན་སུམ་ཚོགས་པ་སྐྱེ་པའི་རྒྱུ་དང་གནས་སུ་གྱུར་པས་ན་རྣམ་པར་རིག་པའམ་ཤེས་པར་༢༤བྱ་བ་དང་། ཆོས་ཁ་ཅིག་ལ་འཆད་ནས་ཁ་ཅིག་ལ་མི་འཆད་པའམ། ཚིག་འཆད་ལ་དོན་མི་འཆད་པ་ལྟ་བུའི་འཆབ་པའམ་སྦེད་པའི་སྒོ་ནས་སློབ་དཔོན་གྱི་དཔེ་མཁྱུད་མེད་པར་རྣམ་གསལ་ལྷུག་པར་སྟོན་པས་རྣམ་༢༥པར་གསལ་བ་དང་། གསུང་ལ་བརྟེན་ནས་ཉན་རང་རྣམས་མྱང་འདས་དང་། བྱང་ཆུབ་སེམས་དཔའ་དག་སངས་རྒྱས་ཀྱི་སར་བཀོད་པས་རང་དོན་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་འགྲུབ་པ་ན་རང་གི་འདོད་དོན་གྱི་འབྲས་བུ་གྲུབ་པར་མཐོང་ནས་དགའ་བ་སྐྱེད་པར་བྱེད་པས་ན་དགའ་བར་༢༦བྱེད་པ་དང་། ལམ་མ་ཞུགས་པ་ནས་མོས་སྤྱོད་ལ་གཅུས་པའི་བར་གྱི་སོ་སྐྱེ་རྣམས་ཀྱང་བདག་དོན་གྱི་འབྲས་བུ་ཐོབ་ཕྱིར་འཇུག་འདོད་སྐྱེ་བར་བྱེད་པས་ན་མངོན་པར་དགའ་བའམ་མངོན་པར་འདོད་པར་བྱེད་པ་༢༧དང་། གནས་ལུགས་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་སོ་སོའི་རང་གིས་རིག་པར་བྱ་བ་བསམ་གྱིས་མི་ཁྱབ་པའི་དོན་ཡང་དག་པར་སྟོན་པའམ། ཡང་ན་ལས་དང་། རྣལ་འབྱོར་པའི་ཏིང་ངེ་འཛིན་དང་། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྤྱོད་ཡུལ་དང་། སྨན་དང་སྔགས་ཀྱི་མཐུ་བསམ་གྱིས་མི་ཁྱབ་པ་སྟེ་བསམ་དུ་མེད་པ་བཞི་སྟོན་པར་བྱེད་པས་ན་ཀུན་ཤེས་པར་བྱེད་པ་༢༨དང་། ཕུང་ཁམས་སྐྱེ་མཆེད་དང་ས་བཅུ་ལམ་ལྔ་ལོག་པར་བསམ་པར་བྱ་བའམ་བློའི་ཡུལ་གྱི་ཆོས་དེ་དག་ཕྱིན་ཅི་མ་ལོག་པར་སྟོན་པར་བྱེད་པས་ན་རྣམ་པར་རིག་པར་བྱེད་པ་དང་། ཇི་ལྟར་གསུངས་པ་དེ་ལ་མངོན་རྗེས་ཀྱི་ཚད་མ་གཉིས་དང་། རང་ཚིག་སྔ་ཕྱི་དངོས་ཤུགས་ཀྱིས་འགལ་བ་སོགས་ལུང་གི་གནོད་པ་མེད་པ་སྟེ་དཔྱད་པ་གསུམ་གྱིས་དག་པའི་ཕྱིར་འཐད་པའམ་རིགས་པ་༣༠དང་། ཉན་ཐོས་ཀྱི་རིགས་ཅན་ལ་ཐེག་ཆེན་གྱི་ཆོས་ལྟ་བུ་སྣོད་དང་ཆོས་མི་འཚམས་པར་མི་སྟོན་ཅིང་། སྣོད་གང་ལ་འོས་པའི་ཆོས་དེ་ཉིད་སྟོན་པའི་ཕྱིར་སྣོད་ཀྱི་བབས་དང་འབྲེལ་བའམ་མཐུན་པ་༣༡དང་། སྐབས་གཅིག་ཏུ་ཡང་དོན་གཅིག་ལ་ཚིག་ཤེར་ཕྱིན་ལྟ་བུ་རྣམ་གྲངས་མང་པོས་བསྟན་པ་ཟློས་པ་ལྟར་སྣང་ཡང་། དོན་དུ་ཆོས་ཉན་པ་རྣམས་ལ་བརྡ་དེ་དང་དེའི་སྒོ་ནས་བསྟན་ན་གོ་བར་འགྱུར་པའི་རིགས་ཅན་དུ་མ་ལ་ཕན་པར་འགྱུར་བ་སོགས་དགོས་པའི་དབང་གིས་གསུངས་པ་ཡིན་པས་ན་ཟློས་པའི་སྐྱོན་བྲལ་བ་༣༢དང་། སེང་གེའི་སྒྲས་རི་དྭགས་རྣམས་སྐྲག་པར་བྱེད་པ་བཞིན་བདག་མེད་པར་གསུངས་པའི་སྒྲ་ཡིས་སྨྲ་བ་ངན་པའི་མུ་སྟེགས་རྣམས་སྐྲག་པར་བྱེད་པས་ན་སེང་གེའི་སྒྲ་ལྟ་བུ་༣༣དང་། ལྷའི་གླང་པོ་ཆེའི་སྒྲ་ནི་སུབ་སུབ་པོ་སྟེ་དོགས་པ་དང་འཛེར་བ་མ་ཡིན་པར་ཡངས་པར་གྲགས་པ་བཞིན་དུ་སངས་རྒྱས་ཀྱི་གསུང་ཡང་དེ་དང་མཚུངས་པས་ན་གླང་པོ་ཆེའི་སྒྲ་ལྟ་བུ་༣༤དང་། འབྲུག་གི་སྒྲ་གཞན་ལས་ལྷག་པར་ཚོགས་ཆེ་བས་གཏིང་རིང་བའི་ཟབ་མོ་ཡིན་པ་བཞིན་སངས་རྒྱས་ཀྱི་གསུང་ཡང་ཤིན་ཏུ་དོན་ཆེ་བས་གཏིང་དཔག་པར་དཀའ་པའི་ཕྱིར་འབྲུག་གི་སྒྲ་ལྟ་བུ་༣༥དང་། ཀླུའི་གནས་ན་ཀླུའི་དབང་པོའི་ཚིག་འཇེབས་ཤིང་བཙུན་ལ་ཀླུ་ཀུན་གྱིས་ཉན་དུ་བཏུབ་པ་བཞིན་དེ་བཞིན་གཤེགས་པའི་གསུང་ཡང་འཇེབས་ཤིང་བཙུན་ལ་འགྲོ་བ་ཐམས་ཅད་ཀྱིས་ཉན་པར་བྱེད་པས་ན་ལག་འགྲོའི་དབང་པོ་སྟེ་ཀླུའི་རྒྱལ་པོའི་དབྱངས་ལྟ་བུ་༣༦དང་། འགྲོ་བ་ཕལ་པའི་སྐད་ཀྱི་ནང་ནས་དྲི་ཟ་སྟེ་ལྷའི་ཀླུ་མཁན་གྱི་དབྱངས་ལས་སྙན་པ་དང་འཇམ་པ་མེད་པ་བཞིན་དུ་སངས་རྒྱས་ཀྱི་གསུང་ཡང་སྙན་ཅིང་འཇམ་པས་དྲི་ཟའི་དབྱངས་ལྟ་བུ་༣༧དང་། རྒྱ་མཚོའི་གླིང་ན་གནས་པའི་བྱ་ཀ་ལ་པིངྐའི་སྐད་དེ་ཉིད་རྒྱུན་མི་གཅོད་བཞིན་དུ་སྒྲ་གཞན་དུ་འགྱུར་བ་ལྟར། སངས་རྒྱས་ཀྱི་གསུང་ཡང་རྒྱུན་མི་གཅོད་བཞིན་དུ་སྔ་མ་དང་ཕྱི་མ་མི་འདྲ་བའི་སྒྲ་སྙན་པ་གཞན་དང་གཞན་འབྱུང་བའམ། ཡང་ན་བྱ་ཀ་ལ་པིངྐའི་སྒྲ་དེ་ཉིད་ཤིན་ཏུ་སྙན་དྲགས་པས་རྒྱུན་བཅད་པའི་རྗེས་སུ་ཡང་ཉན་འདོད་སྐྱེ་བ་བཞིན། སངས་རྒྱས་ཀྱི་གསུང་ཡང་ཉན་པོའི་སྙིང་ལ་འབབ་དྲགས་པས་རྒྱུན་གཅོད་པའི་ཚུལ་བསྟན་པ་ན་སླར་ཡང་ཉན་འདོད་སྐྱེ་བས་ན་ཀ་ལ་པིངྐའི་དབྱངས་ལྟ་བུ་༣༨དང་། འཇིག་རྟེན་གྱི་མེས་པོ་ལྷ་ཚངས་པ་ཆེན་པོའི་དབྱངས་ནི་དུམ་བུ་དུམ་བུར་ཆད་པ་མ་ཡིན་པར་རྒྱུན་ཆགས་སུ་འབྱུང་བ་བཞིན་དེ་བཞིན་གཤེགས་པའི་གསུང་ཡང་ཡུན་རིང་དུ་ལྷང་ལྷང་གྲགས་པས་ན་ཚངས་པའི་དབྱངས་ལྟ་བུ་དང་། བཻཌཱུཪྻའི་མདོག་ཅན་འདབ་ཆགས་ཤང་ཤང་ཏེའུའི་སྒྲ་ནི་སེམས་ཅན་གང་གིས་དོན་གཉེར་དུ་འགྲོ་བའི་ཚེ་ཐོས་ན་དོན་ཐམས་ཅད་འགྲུབ་པར་འཇིག་རྟེན་ན་གྲགས་པས་བཀྲ་ཤིས་པ་ཡིན་པ་བཞིན། སངས་རྒྱས་ཀྱི་གསུང་ཡང་སྔར་ཐོས་པས་ཕྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་ལེགས་ཐམས་ཅད་འགྲུབ་པའི་ཕྱིར་བཀྲ་ཤིས་པའི་སྔ་ལྟས་ཡིན་པས་ན་ཤང་ཤང་ཏེའུའི་སྒྲ་དབྱངས་སུ་གྲགས་པ་ལྟ་བུ་༤༠དང་། འདིའི་དོན་ཉི་ཁྲི་ཉ་པར། དེ་ལ་སྒྲ་སྨྲོས་པ་ནི་དེ་དང་དེའི་སྒྲ་གོ་བར་བྱ་བའི་དོན་ཏོ། །དབྱངས་སྨོས་པ་ནི་དོན་རྟོགས་པའི་མཚན་ཉིད་ཀྱི་སྒྲ་ཡིན་པས་གོ་བར་བྱ་བའི་དོན་ཏོ། །གྲགས་པ་སྨོས་པ་ནི་སྒྲ་དེ་དང་དེའི་བརྡ་རྗེས་སུ་སྒྲོགས་པར་བྱེད་པའི་དོན་ཡིན་ནོ། །ཞེས་བཤད་དོ། །མཆན། ལྷ་ཡི་དབང་པོའི་ཚིག་ལྷ་གཞན་གྱིས་ཅུང་ཟད་ཀྱང་འདའ་ཞིང་བཀག་པར་མི་ནུས་པ་བཞིན་དེ་བཞིན་གཤེགས་པའི་གསུང་ལྷ་དང་བཅས་པའི་འཇིག་རྟེན་སུས་ཀྱང་འགལ་ཞིང་བཅག་པར་མི་ནུས་པས་ན་ལྷའི་དབང་པོའི་དབྱངས་ལྟར་༤༡སྙན་པ་དང་། འཇིག་རྟེན་ན་གཡུལ་འགྱེད་པ་ན་ཕས་རྒོལ་ཕམ་ནས་རང་ཕྱོགས་རྒྱལ་བར་གྱུར་པའི་ཚེ། དེའི་མཚན་མར་དང་པོར་རྔའི་སྒྲ་འབྱིན་པ་བཞིན་དུ་སངས་རྒྱས་ཀྱིས་ཀྱང་བདུད་དང་མུ་སྟེགས་སོགས་ལས་རྒྱལ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བའི་སྒྲ་ཕྱུང་བས་ན་རྔ་སྒྲ་ལྟ་བུ་༤༢དང་། དེ་བཞིན་གཤེགས་པས་ཆོས་གསུངས་པ་ན་གཞན་དག་གིས་ལེགས་པར་བཤད་དོ་ཞེས་སོགས་ཀྱིས་བསྟོད་དུ་ཟིན་ཀྱང་། དེ་ལ་བརྟེན་ནས་མཆོག་ཏུ་འཛིན་པའི་ཉོན་མོངས་ཅན་གྱི་སེམས་མེད་པས་ན་མ་ཁེངས་པ་༤༣དང་། དེ་བཞིན་དུ་གཞན་དག་གིས་ཉེས་པར་བཤད་པའོ། །ཞེས་བྱ་བ་ལ་སོགས་པས་སྨད་དུ་ཟིན་ཀྱང་འཕང་དམའ་བའམ་ཞུམ་པ་མེད་པས་ན་མི་དམའ་༤༤བ་དང་། མ་འོངས་པ་ན་སངས་རྒྱས་ཀྱི་བསྟན་པའམ། འཇིག་རྟེན་གྱི་བདེ་སྐྱིད་ལ་སོགས་པ་འདི་དང་འདི་ལྟ་བུ་འབྱུང་ངོ་ཞེས་ལུང་སྟོན་པ་སོགས་དུས་གསུམ་གྱི་དངོས་པོ་ཐམས་ཅད་བརྡ་སྤྲད་ནས་ལུང་སྟོན་པས་སམ། ལུང་སྟོན་པ་སྒྲའི་བསྟན་བཅོས་ཐམས་ཅད་ཀྱི་ཚུལ་དང་མཐུན་པར་ཞུགས་པས་ན་སྒྲ་ཀུན་གྱི་རྗེས་སུ་ཞུགས་པ་༤༥དང་། དེ་བཞིན་གཤེགས་པ་དུས་ནམ་ཡང་བསྙེལ་བ་མི་མངའ་བས་ཆོས་འདི་འདྲ་ཞིག་བརྗེད་པས་བཤད་དུ་མེད་དོ་ཞེས་པའམ། འདི་འདྲ་བ་བཤད་པར་བྱའོ་སྙམ་དུ་དགོངས་པ་ལ་བསྙེལ་ནས་མ་བཤད་པ་མེད་པས་ན་ཟུར་ཆག་པ་མེད་པར་ཚིག་ཟུར་ཕྱིན་པར་༤༦བཤད་པ་དང་། སེམས་ཅན་གང་ཞིག་དགེ་བའི་རྩ་བ་མ་སྐྱེས་པ་རྣམས་སྐྱེད། བསྐྱེད་པ་གོང་དུ་སྤེལ། འཕེལ་ཞིང་བརྟས་པ་རྣམ་གྲོལ་གྱི་སར་དབུགས་དབྱུང་བའི་གདུལ་བྱའི་དོན་ལ་སྐད་ཅིག་ཀྱང་མི་གཡེལ་བས་དེ་དག་ཐམས་ཅད་ཀྱི་དོན་དུས་ཐམས་ཅད་དུ་བྱེད་པས་ན་མ་ཚང་བ་མེད་༤༧པ་དང་། ཆོས་འཆད་པ་ན་མུ་སྟེགས་ལ་སོགས་པའི་རྒོལ་བ་གཞན་གྱིས་བརྒལ་ཞིང་བརྟག་པ་ལ་ནམ་ཡང་འཇིགས་པའི་སེམས་མི་སྐྱེ་བས་མ་ཞུམ་པ་༤༨དང་། ཆོས་བཤད་པའི་ཕྱིར་རྙེད་དང་བཀུར་སྟི་ལ་སོགས་པ་ལ་ཆགས་པ་མེད་པས་ན་མི་ཞེན་པ་དང་། ཆོས་ཇི་ཙམ་འཆད་ཀྱང་ཐུགས་སྐྱོ་བ་དང་སྐུ་ལ་མི་བདེ་བའི་ངལ་བ་མེད་པས་ན་རབ་ཏུ་དགའ་༤༩བ་དང་། རིག་པའི་གནས་ལྔ་ཐམས་ཅད་ལ་མཁས་པས་དེ་ལྔ་དང་ལེགས་པར་འབྲེལ་བའི་ཆོས་འཆད་པས་ན་ཁྱབ་པའམ་རྒྱས་པ་༥༠དང་། ཐ་བ་སྟེ་རེངས་པ་དང་བཅས་པའི་སེམས་ཅན་དགེ་བའི་རྩ་བ་མ་སྐྱེས་པ་རྣམས་ལ་དེ་གསར་དུ་བསྐྱེད་པ་དང་། ཐ་བ་མེད་པའི་སེམས་ཅན་དགེ་རྩ་སྐྱེས་པ་རྣམས་ཀྱི་དགེ་བ་འཕེལ་བར་བྱེད་པའམ་ཚགས་སུ་ཚུད་པར་བྱེད་པས་ན་ཆུབ་པ་༥༡དང་། སྐབས་འགར་ཆོས་བཤད་དམ་སྙམ་པའམ། སྐབས་འགར་མི་བཤད་དོ་སྙམ་པ་མེད་པར་རྒྱུན་དུ་འཆད་པར་མཛད་པའམ། ཆོས་འཆད་པའི་ཚེ་བཤད་པའི་རྒྱུན་གྱི་བར་ཐག་བཅད་ནས་ཡང་འཆད་པ་མ་ཡིན་པར་ཚིག་དང་གསུང་གི་རྒྱུན་མི་འཆད་པས་ན་རྒྱུན་ཆགས་པ་༥༢དང་། མིང་ཚིག་ཡི་གེ་གཅིག་ཁོ་ན་མ་ཡིན་པར་སྣ་ཚོགས་པའི་སྒོ་ནས་འཆད་པས་ན་འབྲེལ་བའམ་རོལ་པ་༥༣དང་། གསུང་གཅིག་ཁོ་ནར་ཕྱུང་ཡང་ལྷ་ཀླུ་དང་མི་དང་བྱོལ་སོང་ཡི་དྭགས་སོགས་རང་རང་སོ་སོའི་སྒྲ་སྐད་དང་མཐུན་པར་གོ་བས་ན་སྒྲ་ཐམས་ཅད་རྫོགས་པར་༥༤བྱེད་པ་དང་། དེ་བཞིན་དུ་མི་རྟག་པ་ལྟ་བུའི་དོན་གཅིག་སྟོན་པ་ན་སེམས་ཅན་རྣམས་ཀྱིས་རང་རང་གང་ལ་དད་པའི་དོན་དེ་དང་དེར་ཁོང་དུ་ཆུད་པས་ན་སེམས་ཅན་ཀུན་གྱི་དད་སོགས་ཀྱི་དབང་པོ་ཀུན་མགུ་བའམ་ཚིམ་པར་བྱེད་པས་ན་ཚིམ་པར་བྱེད་པ་༥༥དང་། ཇི་ལྟར་དམ་བཅས་པ་ལས་གཞན་དུ་འགྱུར་བར་མི་མཛད་པས་ན་དམ་བཅའ་ལས་ཉམས་སོ་ཞེས་གཞན་གྱིས་སྨད་དུ་མེད་བའམ། ཆོས་འདི་དང་འདི་ལྟ་བུ་བསྒྲུབས་ཀྱི། འབྲས་བུ་འདི་ལྟ་བུ་འབྱུང་ངོ་ཞེས་དམ་བཅས་པར་གདུལ་བྱ་གང་གིས་བཀའ་བཞིན་དུ་བསྒྲུབས་ཀྱང་དེ་ལས་མི་འདའ་བར་འབྲས་བུ་འབྱིན་པས་ན་མ་སྨད་པ་༥༦དང་། གནས་གང་དང་གང་དུ་དུས་ནམ་གྱི་ཚེ་སེམས་ཅན་གང་སྨིན་པར་བྱ་བའི་དུས་ལ་བབས་ན་སྐད་ཅིག་ཀྱང་མི་ཡོལ་བར་སྨིན་པར་མཛད་པས་ན་མི་འགྱུར་བ་༥༧དང་། ཆོས་འཆད་ལ་རིངས་པའི་སེམས་ཀྱིས་ཚིག་རྟབ་རྟབ་པོར་མི་གསུངས་པས་ན་མ་བརྟག་བའམ་བརྟན་པ་༥༨དང་། གང་གསུངས་པ་དེ་ཉིད་ཉེ་བ་དང་རིང་བ་མེད་པར་འཁོར་གྱི་དཀྱིལ་འཁོར་ཀུན་གྱི་དྲུང་ན་གནས་པ་ལྟར་ཐོས་པ་སྟེ། དཔེར་ན་བདག་ཅག་གི་སྟོན་པའི་གསུང་འཕགས་པ་མཽངྒལ་གྱི་བུས་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་དགུ་བཅུ་རྩ་དགུའི་བྱེ་མ་སྙེད་ཀྱི་ཕ་རོལ་ནས་ཉན་ཀྱང་དྲུང་དུ་གནས་པ་ལྟར་ཐོས་པ་ལྟ་བུ་དང་ལྡན་པའི་ཕྱིར་འཁོར་ཀུན་ཏུ་གྲགས་པ་༥༩དང་། དེ་བཞིན་གཤེགས་པས་ཆོས་བསྟན་པའི་མཐུས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་སྟེ་རྩ་བའི་ཀུན་དཀྲིས་ཆེན་པོ་གསུམ་སེལ་བར་བྱེད་པའི་ཕྱིར་འདོད་ཆགས་ཞི་བར་བྱེད་༦༠པ་དང་། ཞེ་སྡང་འདུལ་བ་༦༡དང་། གཏི་མུག་སེལ་བ་༦༢དང་། གསུང་གི་དོན་ཉམས་སུ་བླངས་པས་བདུད་བཞི་ལས་རྒྱལ་བར་བྱེད་ཅིང་ཆོས་ཀྱི་སྒྲས་ཀྱང་བདུད་རིགས་ཕམ་པར་བྱེད་པས་ན་བདུད་ཚར་གཅོད་པ་༦༣དང་། འཇིག་རྟེན་ན་གྲགས་པའི་ཆོས་རྣམ་པ་སྣ་ཚོགས་དཔེར་བཞག་ནས། དེ་དང་དེ་སྦྱོར་ཞིང་འཆད་པར་བྱེད་པས་ན་རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་སྟེ་དྲུག་ཅུ་རྩ་༦༤བཞིའོ། །སྐབས་འདིར་རྣམ་བཤད་རིག་པ་དང་མདོ་སྡེ་རྒྱན་རྩ་འགྲེལ་ཉི་ཁྲི་སྣང་བ་རྣམས་སུ་དུག་གསུམ་སེལ་བར་བྱེད་པ། བདུད་དཔུང་ཚར་གཅོད་པའི་ཡན་ལག་བཞི་མེད་པས་གྲངས་དྲུག་ཅུར་འབྱུང་ཞིང་། དེ་ཡང་གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལ་བརྟེན་པར་གསུངས་པས་མདོའི་དཔེ་ལ་རྒྱས་བསྡུས་ཀྱི་ཁྱད་འབྱུང་བར་སེམས་སོ། །གསུམ་པ་ནི། དེ་ལྟ་བུ་རྣམས་ལ་དབྱངས་ཀྱི་ཡན་ལག་ཅེས་བརྗོད་པ་ལ་རྒྱུ་མཚན་ཡོད་དེ། སངས་རྒྱས་ཀྱི་གསུང་གི་དཀྱིལ་འཁོར་རྣམ་པ་ཐམས་ཅད་པ་བརྗོད་པ་ཀུན་གྱི་རྒྱུར་གྱུར་པའི་དེ་ཁོ་ན་ཉིད་ནི་དབྱངས་ཏེ། དེ་ཡི་རྣམ་འགྱུར་རམ་ཡན་ལག་གི་ཆོས་ཁྱད་པར་བ་ཡིན་པའི་ཕྱིར་རོ། །བཞི་པ་ནི། འོ་ན་དེ་བཞིན་གཤེགས་པའི་གསུང་གི་ཡན་ལག་དེ་ཙམ་ལས་གཞན་མེད་དོ་སྙམ་ན། རེ་ཞིག་མདོར་བསྡུས་པའི་ཚུལ་གྱིས་སྟོན་པ་ཙམ་སྟེ་གཞན་དུ་ན་མཐའ་ཀླས་ཤིང་བསམ་གྱིས་མི་ཁྱབ་པའི་ཕྱིར་ཚད་བཟུང་ཡོད་པ་མ་ཡིན་ཏེ། དེ་སྐད་དུའང་མདོ་སྡེ་རྒྱན་ལས། བདེར་གཤེགས་གསུང་ནི་མཐའ་ཡས་ཏེ། །ཡན་ལག་དྲུག་ཅུ་བསམ་མི་ཁྱབ། ཅེས་གསུངས་པའི་ཕྱིར་རོ། །གསུམ་པ་དེ་བཞིན་གཤེགས་པའི་ཐུགས་ཀྱི་ཡོན་ཏན་ནི་ཟག་པ་མེད་པའི་ཆོས་སྡེ་ཚན་ཉེར་གཅིག་ཏུ་རྣམ་པར་བཞག་པ་སྟེ། དེ་ཉིད་འཆད་པ་ལ་གསུམ། རྒྱུ་སྤྱིར་སྨོས། སྡེ་ཚན་བྱེ་བྲག་ཏུ་བཤད། ཁྱད་པར་བསམ་གྱིས་མི་ཁྱབ་པར་བསྟན་པའོ། །དང་པོ་ནི། སྤྱིར་ལམ་ལྔ་དང་ས་བཅུ་ལ་སོགས་པའི་མངོན་རྟོགས་གོང་ནས་གོང་དུ་ཡོངས་སུ་རྫོགས་པ་ལ་བརྟེན་ནས། ཐེག་གསུམ་རང་རང་གི་མྱང་འདས་དང་། ཁྱད་པར་དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རླབས་པོ་ཆེ་བསྐལ་པ་གྲངས་མེད་པ་གསུམ་ལ་སོགས་པར་ཡོངས་སུ་རྫོགས་པར་བསགས་ཏེ། ཐ་མར་མཐའ་གཉིས་ལས་མི་གནས་པའི་བྱང་ཆུབ་ཆེན་པོ་མངོན་དུ་མཛད་པའི་ཡེ་ཤེས་ཆོས་ཀྱི་སྐུ་ཉིད་ནི་གཙོ་བོར་ཡེ་ཤེས་ཀྱི་འབྲས་བུར་གྲུབ་པས། སྤངས་རྟོགས་མཛད་པ་དང་བཅས་པའི་ཆེན་པོ་གསུམ་དེ་ཡི་བདག་ཉིད་ཅན་ཏེ། མངོན་རྟོགས་རྒྱན་ལས། སེམས་ཅན་ཀུན་མཆོག་ཉིད་སེམས་དང་། །སྤངས་དང་རྟོགས་དང་གསུམ་པོ་ལ། །ཆེན་པོ་གསུམ་གྱིས་རང་བྱུང་གི །ཆེད་དུ་བྱ་བ་འདི་ཤེས་བྱ། །ཞེས་སོ། །གཞན་ཡང་ཟག་པ་མེད་པའི་ཡོན་ཏན་ཐམས་ཅད་དང་ལྡན་པའི་ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ཉིད་གློ་བུར་གྱི་དྲི་མ་མཐའ་དག་དང་བྲལ་ནས་དག་པ་གཉིས་ལྡན་གྱི་ངོ་བོ་ཉིད་སྐུའམ་ཆོས་སྐུ་སྟེ། མངོན་རྟོགས་རྒྱན་ལས། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཟག་པ་མེད་པའི་ཆོས་གང་དག །ཐོབ་གྱུར་རྣམ་ཀུན་རྣམ་དག་པ། །དེ་དག་རང་བཞིན་མཚན་ཉིད་ཅན། །ཅེས་དང་། ཐེག་བསྡུས་ལས། དེ་ལ་ངོ་བོ་ཉིད་ཀྱི་སྐུ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་སྐུ་སྟེ་ཆོས་ཐམས་ཅད་ལ་དབང་བསྒྱུར་བའི་གནས་ཡིན་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར་ཡེ་ཤེས་ཆོས་སྐུའི་ཡོན་ཏན་བྲལ་སྨིན་གྱིས་བསྡུས་པ་མཐའ་དག་དེ་ལས་བྱུང་ཞིང་ཟག་མེད་ཀྱི་ཆོས་ཐམས་ཅད་ཀྱི་འབྱུང་གནས་ཉིད་ཡིན་ནོ། །གཉིས་པ་དོན་དམ་ཆོས་སྐུའི་བདག་རྐྱེན་ལས་བྱུང་བའམ་དེའི་ཡོན་ཏན་མདོ་སྡེ་སོ་སོའི་དགོངས་པ་ཐེག་ཆེན་རྒྱུད་བླ་མའི་བསྟན་བཅོས་དང་ཤེར་ཕྱིན་རྒྱན་གཉིས་ལས་སོ་སོར་བཤད་པ་ལས། འདིར་མངོན་རྟོགས་རྒྱན་འབྲས་བུ་ཆོས་སྐུ་བསྟན་པའི་སྐབས་སུ་ཟག་མེད་སྡེ་ཚན་ཉེར་གཅིག་ཏུ་གསུངས་པ་ལྟར་བཤད་པར་བྱ་སྟེ། དེ་ལ་སྡེ་ཚན་དང་པོ་དེ་བཞིན་གཤེགས་པ་རང་ཉིད་ཀྱི་སྐུས་བསྡུས་པའི་དྲན་པ་ཉེ་བར་བཞག་པ་ནས་བཟུང་སྟེ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་གྱི་བྱང་ཆུབ་ཀྱི་ཕྱོགས་རྣམས་སེམས་ཅན་གྱི་དུས་བྲལ་སྟོབས་ཀྱི་ཆ་ཤས་ཡོངས་སུ་མ་རྫོགས་པས་མི་གསལ་བ་ལྟ་བུ་མིན་པ་ཡོངས་སུ་རྫོགས་པ་དྲི་མ་དང་བྲལ་བ། ཟག་པ་མེད་པའི་ཡེ་ཤེས་ཆོས་ཀྱི་དབྱིངས་ཀྱིས་བསྡུས་པ་ཡིན་ནོ། །ཟག་མེད་ཡེ་ཤེས་ཀྱི་སྡེ་ཚན་ཐམས་ཅད་ལ་འདི་བཞིན་དུ་སྦྱར་རོ། །གཉིས་པ་བྱམས་པ་ལ་སོགས་པ་ཚད་མེད་པ་སྐྱེ་བོ་གཞན་རྣམས་ཚངས་པའི་གནས་བཞིར་སྐྱེ་བར་བྱེད་པ་རྣམས་དང་། གསུམ་པ་ནི། ནང་ཤེས་པ་གཟུགས་ཅན་དུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ལ་བལྟ་བ་དང་། ནང་གཟུགས་ཅན་མ་ཡིན་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ལ་ལྟ་བ་ནི་གཟུགས་ཅན་མིན་པ་གཟུགས་ལ་ལྟ་བའི་རྣམ་ཐར་ཞེས་བྱ་བ་གཉིས་དང་། སྡུག་པའི་རྣམ་ཐར་ཏེ་ཡིད་དུ་འོང་བའི་རང་བཞིན་ལུས་ཀྱིས་མངོན་སུམ་དུ་བྱས་ཏེ་རྫོགས་པར་གནས་པ་ཞེས་བྱ་བ་གཅིག་དང་། ནམ་མཁའ་དང་རྣམ་ཤེས་དང་ཅི་ཡང་མེད་པ་དང་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཅེས་བྱ་བ་བཞི་དང་། འདུ་ཤེས་དང་ཚོར་བ་འགོག་པ་ཞེས་བྱ་བ་གཅིག་སྟེ། དེ་ལྟར་རྣམ་པར་ཐར་པ་བརྒྱད་དང་། སྡེ་ཚན་བཞི་པ་གཟུགས་ཁམས་ཀྱི་བསམ་གཏན་བཞིའི་སྙོམས་འཇུག་དང་། གཟུགས་མེད་པའི་སྙོམས་འཇུག་བཞི་དང་། འགོག་པའི་སྙོམས་པར་འཇུག་པ་ཞེས་བྱ་བ་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། ལྔ་པ་ཟད་པར་ས་དང་། ཆུ་དང་། མེ་དང་། རླུང་དང་། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ནམ་མཁའ་མཐའ་ཡས་དང་། རྣམ་པར་ཤེས་པ་མཐའ་ཡས་ཞེས་བྱ་བ་ཟད་པར་རྣམ་པ་བཅུ་དང་། སྡེ་ཚན་དྲུག་པ་ནང་ཤེས་པ་གཟུགས་ཅན་དུ་འདུ་ཤེས་ནས་ཕྱི་རོལ་གྱི་རྣམ་པ་ཐམས་ཅད་སོ་སོར་ཆུང་ངུ་དང་ཆེན་པོའི་རྣམ་པ་དག་ཏུ་ཕྱི་རོལ་གྱི་གཟུགས་རྣམས་ལ་བལྟ་ཞིང་དེ་དག་ཟིལ་གྱིས་མནན་ནས་ཞེས་བྱ་བ་གཉིས་དང་། ནང་གཟུགས་མེད་པར་འདུ་ཤེས་པ་དག་གིས་སོ་སོར་ཆུང་ངུ་དང་ཆེན་པོའི་རྣམ་པ་དག་ཏུ་ཕྱི་རོལ་གྱི་གཟུགས་རྣམས་ལ་བལྟ་ཞིང་དེ་དག་ཟིལ་གྱིས་མནན་ནས་ཞེས་བྱ་བ་གཉིས་ཏེ་བཞི་དང་། ནང་གཟུགས་མེད་པར་འདུ་ཤེས་པ་དག་ཁོ་ནས་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དག་ཟིལ་གྱིས་མནན་ནས་མཐོང་བ་ཞེས་བྱ་བ་རྣམ་པ་བཞི་སྟེ། མདོར་ན་སྐལ་བ་མཉམ་པ་ལ་འབྱུང་བ་བཞི་ཁ་དོག་བཞིར་སྣང་བ་དེ་དག་འགོག་པ་ལ་མཐུ་ཐོབ་སྟེ་མི་སྣང་བར་བྱས་ནས། ཡུལ་ཐམས་ཅད་གསེར་ལྟ་བུ་ཁོ་ནའམ་འབའ་ཞིག་གམ་ཟད་པར་སྣང་བར་བྱེད་པའི་ཏིང་ངེ་འཛིན་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་རྣམ་པ་བརྒྱད་དང་། བདུན་པ་ཕ་རོལ་གྱི་རྒྱུད་དུ་གཏོགས་པའི་ཉོན་མོངས་པའི་དགྲའི་རྒྱུན་དྲུང་འབྱིན་པའི་ཏིང་ངེ་འཛིན་ཞེས་བྱ་བ་གང་ཡིན་པ་ཉོན་མོངས་པ་མེད་པ་དང་། བརྒྱད་པ་ཡང་དག་པ་སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་ཞིང་དེ་ལྟ་བུའི་རང་བཞིན་ལས་མ་འདས་ཀྱང་། གདུལ་བྱ་སྤྲོས་མཚན་དུ་ལྟ་བ་དག་གི་འདོད་ཆགས་ལ་སོགས་པ་བཅོམ་པར་བྱེད་ཅིང་ཐེ་ཚོམ་སེལ་བར་མཛད་པའི་སྨོན་ལམ་གྲུབ་པས་དེ་བཞིན་གཤེགས་པའི་ཡེ་ཤེས་འཁོར་བ་ཇི་སྲིད་པའི་གནས་སྐབས་སུ་འགྲོ་བའི་དོན་ལ་འཇུག་པ་དང་། རྣམ་པར་གྲོལ་བ་ཇི་སྲིད་པའི་གནས་སྐབས་སུའང་མཁྱེན་པ་དེ་སེམས་ཅན་ལ་འཇུག་པ་ཞེས་བྱ་བ་སྨོན་ནས་མཁྱེན་པ། དགུ་པ་ད་ལྟར་གྱི་ལུས་ཉེ་རིང་ཇི་སྙེད་པ་ཤི་ནས་གར་སྐྱེས་པའི་གཟུགས་ཐམས་ཅད་མཐོང་བ་ལྷའི་མིག་དང་། སྒྲ་དང་སྐད་དང་ བརྡ་སྣ་ཚོགས་ཐོས་ཤིང་གོ་བ་ལྷའི་རྣ་བ་དང་། སེམས་ཅན་གྱི་བསམ་པ་དང་བག་ལ་ཉལ་ཤས་ཆེ་ཆུང་ཀུན་ཤེས་པ་སེམས་ཀྱི་རྣམ་གྲངས་ཤེས་པ་དང་། འབར་བ་དང་། འཕུར་བ་དང་། མང་ཉུང་དང་། བཟང་ངན་དང་། ཆུ་ལ་འགྲོ་ཞིང་ས་ལ་བྱིང་བ་དག་ཤེས་པ་ལུས་ཀྱི་རྫུ་འཕྲུལ་ཤེས་པ་དང་། ད་ལྟར་གྱི་ལུས་ནས་བཟུང་སྟེ། ཚེ་རབས་སྔ་མ་ལ་གནས་གང་ན་གནས། ལས་ཅི་བྱེད་པའི་ལོ་རྒྱུས་དྲན་པ་ནི་སྔོན་གྱི་གནས་རྗེས་སུ་དྲན་པ་དང་། མཐོང་བ་དང་སྒོམ་པས་སྤང་བའི་ཉོན་མོངས་པ་གང་ཞིག་སྤངས། གང་ཞིག་མ་སྤངས་པའི་རིམ་པ་ཤེས་བཞིན་ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་ཐོབ་པ་ཤེས་པ་དག་ཟག་པ་ཟད་པ་ཤེས་པ་སྟེ་མངོན་པར་ཤེས་པ་དྲུག་དང་། བཅུ་པ་སེམས་ཅན་བསམ་པ་ཐ་དད་དང་འཚམས་པར་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ནི་གཉེན་པོའི་ཐབས་སྣ་ཚོགས་སུ་སྟོན་པ་ཆོས་སོ་སོ་ཡང་དག་པར་རིག་པ། མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པ་སྟེ་ཆོས་སྤྱིའི་མཚན་ཉིད་དང་། སྐྱེ་འགག་མེད་པ་དོན་གྱི་མཚན་ཉིད་དེ་མིང་ཚིག་གི་བརྗོད་དོན་ཤེས་པ་དོན་སོ་སོ་ཡང་དག་པར་རིག་པ། འགྲོ་བ་ཐམས་ཅད་ཀྱི་བརྡ་དང་སྐད་དང་དེ་དག་གི་དོན་ལ་མ་རྨོངས་པ་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ། ཆོས་སྟོན་ཅིང་ཐེ་ཚོམ་གཅོད་པ་ལ་ཐོགས་པ་མེད་པ་སྤོབས་པ་སོ་སོ་ཡང་དག་པར་རིག་པ་བཞི་དང་། བཅུ་གཅིག་པ་རྟེན་དང་། དམིགས་པ་དང་། ཐུགས་དང་། ཡེ་ཤེས་ཡོངས་སུ་དག་པ་ཞེས་བྱ་བ་དག་པ་བཞི་དང་། བཅུ་གཉིས་པ། ཚེ་དང་སེམས་དང་ཡོ་བྱད་ལས། །སྐྱེ་བ་མོས་པ་སྨོན་ལམ་དང་། །རྫུ་འཕྲུལ་ཡེ་ཤེས་ཆོས་ལ་དབང་། །ཞེས་པའི་དབང་བཅུ་དང་སོ་གསུམ་ནི་སྦྱིན་པའི་འབྲས་བུ་དང་། ལས་དང་སྐྱེ་བ་ནི་ཚུལ་ཁྲིམས་ཀྱི་དང་། མོས་པ་ནི་བཟོད་པའི་དང་། སྨོན་ལམ་ནི་བརྩོན་འགྲུས་ཀྱི་དང་། རྫུ་འཕྲུལ་ནི་བསམ་གཏན་གྱི་དང་། ཐ་མ་གཉིས་ནི་ཤེས་རབ་ཀྱི་སྟེ་སློབ་པའི་གནས་སྐབས་སུ་ཆ་མཐུན་དང་། དངོས་ནི་སངས་རྒྱས་ཀྱི་ས་ཁོ་ནའོ། །བཅུ་གསུམ་པ་སྟོབས་བཅུ་དང་། བཅུ་བཞི་པ་མི་འཇིགས་པ་བཞི་དང་། བཅོ་ལྔ་པ་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་སྤྱོད་པ་ལ་འཁྲུལ་པ་ཡོངས་སུ་དག་པ་སྟེ། སངས་རྒྱས་ཀྱི་རང་བཞིན་འདི་ལ་ཕྱིན་ཅི་ལོག་གི་ཀུན་ཏུ་སྤྱོད་པ་གཞན་གྱིས་ཡོངས་སུ་ཤེས་པར་དོགས་པའི་ངོ་ཚའམ་བག་ཚ་བས་མི་གསལ་བར་བཅབ་པར་བྱའོ་སྙམ་པའི་དགོངས་པ་མི་མངའ་བ་བསྲུང་བ་མེད་པ་རྣམ་པ་གསུམ་དང་། བཅུ་དྲུག་པ་དེ་བཞིན་གཤེགས་པས་ཆོས་སྟོན་པ་ན་གུས་པས་མཉན་པར་འདོད་པ་དང་། ཉན་པར་མི་འདོད་པ་དང་། རེས་གུས། རེས་མི་གུས་པ་གཉིས་ཀ་དག་ལ་གོ་རིམ་བཞིན་དུ་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་དང་། ཆགས་སྡང་གཉིས་ཀ་ཆ་མཉམ་པར་སྐྱེ་བ་གཉིས་ཀས་དབེན་པ་ཁོ་ནར་བཏང་སྙོམས་སུ་དྲན་པ་དང་ལྡན་པར་གནས་པ་ཞེས་བྱ་བ་དྲན་པ་ཉེ་བར་བཞག་པ་གསུམ། བཅུ་བདུན་པ་སེམས་ཅན་གྱི་དོན་མཛད་པའི་དུས་ལས་མི་འདའ་བར་གང་ལ་གང་འདུལ་དུ་སྟོན་པས་སྐབས་དེར་མཛད་པ་ཡོལ་མི་སྲིད་པའི་མཚན་ཉིད་ཅེས་བྱ་བ་བསྙེལ་བ་སྟེ། བརྗེད་པ་མི་མངའ་བའི་ཆོས་ཉིད་དང་། བཅོ་བརྒྱད་པ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་བག་ལ་ཉལ་གྱི་ངོ་བོའི་ས་བོན་སྤངས་པས་བག་ཆགས་ཡང་དག་པར་བཅོམ་པ་དང་། བཅུ་དགུ་པ་སྐྱེ་བོ་མཐའ་དག་ལ་ཕན་པའི་བསམ་པ་ཉིད་ཅེས་བྱ་བ་སྐྱེ་བོ་ལ་ཐུགས་རྗེ་ཆེན་པོ་ཉིད་དང་། ཉི་ཤུ་པ་འཕགས་ཆུང་འོག་མ་རྣམས་དང་མ་འདྲེས་པའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། ཉེར་གཅིག་པ་རྣམ་མཁྱེན་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ། འབྲས་བུའི་རྣམ་མཁྱེན་རྣམས་སྤང་བྱའི་གནས་ཐམས་ཅད་ལས་རྣམ་པར་གྲོལ་བའི་ཆོས་ཀྱི་སྐུའི་རང་བཞིན་ཉིད་ཡིན་ནོ། །གསུམ་པ་ནི། ཐེག་པ་ཆེན་པོ་དབུ་མ་ལ་འཇུག་པ་ལས། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །བསྲེགས་པས་ཞི་དེ་རྒྱལ་རྣམས་ཆོས་སྐུ་སྟེ། །དེ་ཚེ་སྐྱེ་བ་མེད་ཅིང་འགག་པ་མེད། །སེམས་འགག་པ་དེ་སྐུ་ཡིས་མངོན་སུམ་མཛད། །ཅེས་གསུངས་པ་ལྟར་ཤེས་དང་ཤེས་བྱ་མཐའ་དག་རོ་གཅིག་ཏུ་གཉིས་མེད་མཉམ་པ་ཆེན་པོའི་དབྱིངས་སུ་སྤྲོས་པའི་དྲྭ་བ་མ་ལུས་པ་ནུབ་སྟེ་ལྷག་པའི་བདེན་པ་དབྱེར་མེད་འོད་གསལ་ཆོས་ཀྱི་སྐུའི་ཟག་པ་མེད་པའི་ཡོན་ཏན་མདོ་ཙམ་དུ་དྲིལ་བས་གོང་སྨོས་ཟག་མེད་སྡེ་ཚན་ཉེར་གཅིག་ཏུ་རྒྱལ་བ་ཉིད་ཀྱི་དགོངས་པ་འགྲེལ་པ་ལ་རྒྱལ་ཚབ་ཀྱི་ལུང་དང་དབང་བརྙེས་པ་མགོན་པོ་མ་ཕམ་པས་བསྟན་པ་ལྟར་གྱིས་དད་པའི་མིག་བསྒྲུབ་ཅིང་། དེ་བཞིན་གཤེགས་པའི་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་གསང་བ་ཟབ་མོའི་ཚུལ་ཕྱོགས་མཚོན་པའི་སྒོར་འགྱུར་བར་ཤེས་པར་བྱ་ཞིང་། གཞན་དུ་རྒྱལ་བའི་ཐུགས་ཡེ་ཤེས་ཆོས་སྐུའི་རང་བཞིན་ནི་བློའི་ར་བ་ལས་འདས་པས། ཕྱོགས་ཙམ་འཕགས་ཆེན་ས་བཅུ་པ་རྣམས་དང་། ཇི་བཞིན་པ་ནི་དེ་བཞིན་གཤེགས་པ་ཉིད་ཀྱི་སྤྱོད་ཡུལ་ལས་གཞན་དག་གིས་བསམ་གྱིས་མི་ཁྱབ་པར་ཤེས་པར་བྱ་སྟེ། ཐེག་པ་ཆེན་པོ་རྒྱུད་བླ་མ་ལས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡུལ། །སངས་རྒྱས་ཤེས་གསུམ་ཡུལ་མིན་ཕྱིར། །ཡེ་ཤེས་ལུས་ཅན་རྣམས་ཀྱིས་ནི། །བསམ་མི་ཁྱབ་པར་རྟོགས་པར་བྱ། །ཕྲ་ཕྱིར་ཐོས་པའི་ཡུལ་མིན་ཏེ། །དོན་དམ་ཡིན་ཕྱིར་བསམ་བྱའི་མིན། །ཆོས་ཉིད་ཟབ་ཕྱིར་འཇིག་རྟེན་པའི། །བསྒོམ་པ་ལ་སོགས་ཡུལ་མ་ཡིན། །གང་ཕྱིར་གཟུགས་ལ་དམུས་ལོང་བཞིན། །བྱིས་པས་དེ་སྔོན་མཐོང་མ་མྱོང་། །བཙས་པའི་ཁྱིམ་གནས་བུ་ཆུང་གིས། །ཉི་མའི་གཟུགས་བཞིན་འཕགས་པས་ཀྱང་། །ཞེས་གསུངས་པ་ལྟར་ངེས་སོ། །བཞི་པ་ཡོན་ཏན་མི་ཟད་པ་རྒྱན་གྱི་འཁོར་ལོ་བཤད་པ་ལ་དངོས་དང་། ཕྱོགས་མཐུན་མདོར་བསྡུས་ཏེ་བསྟན་པ་གཉིས། དང་པོ་ལ་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ནམ་ཆེ་བ་གསུམ་ལས་སྐུའི་ཡོན་ཏན་ནི། དཔེ་ལ་བསྟོད་པ་ལས། ཁྱོད་སྐུ་མཚན་གྱིས་སྤྲས་གྱུར་པ། །མཛེས་གྱུར་མིག་གི་བདུད་རྩི་ནི། །སྤྲིན་མེད་སྟོན་གྱི་ནམ་མཁའ་ལ། །སྐར་མའི་ཚོགས་ཀྱིས་སྤྲས་པ་འདྲ། །ཐུབ་པ་གསེར་གྱི་མདོག་ལྡན་པ། །ཆོས་གོས་ཀྱིས་གཡོགས་མཛེས་གྱུར་པ། །གསེར་གྱི་རི་བོའི་རྩེ་མོ་ནི། །མཚམས་ཀྱི་སྤྲིན་གྱིས་དཀྲིས་པ་འདྲ། །མགོན་ཁྱོད་རྒྱན་གྱིས་མ་བརྒྱན་ཡང་། །ཞལ་གྱི་དཀྱིལ་འཁོར་མདངས་གང་ཡིན། །ཟླ་བའི་དཀྱིལ་འཁོར་རྒྱས་གྱུར་པ། །སྤྲིན་དང་བྲལ་ལའང་དེ་མ་མཆིས། །ཁྱོད་ཀྱི་ཞལ་གྱི་པདྨ་དང་། །པདྨ་ཉི་མས་ཁ་བྱེ་བ། །བུང་བས་མཐོང་ནས་པདྨ་ནི། །ཐེ་ཚོམ་དཔྱང་ཐག་ལ་འཇུག་འགྱུར། །ཁྱོད་ཞལ་གསེར་གྱི་མདོག་ལྡན་པར། །ཚེམས་དཀར་མཛེས་པར་གྱུར་པ་ནི། །གསེར་གྱི་རི་གསེབ་སྟོན་ཀ་ཡི། །ཟླ་ཟེར་དྲི་མེད་ཞུགས་པ་འདྲ། །མཆོད་འོས་ཁྱོད་ཀྱི་ཕྱག་གཡས་ནི། །འཁོར་ལོའི་མཚན་གྱིས་མཛེས་གྱུར་པ། །འཁོར་བས་སྐྲག་པའི་མི་རྣམས་ལ། །ཕྱག་གིས་དབུགས་འབྱིན་མཛད་པ་ལགས། །ཐུབ་ཁྱོད་གཤེགས་པར་གྱུར་པའི་ཚེ། །ཞབས་གཉིས་དཔལ་གྱི་པདྨ་ལས། །ས་གཞི་འདི་ནི་བྲིས་གྱུར་པ། །པདྨ་ཅན་གྱིས་ཇི་ལྟར་མཛེས། །ཞེས་གསུངས་པ་ལྟར་རོ། །གསུང་གི་ཡོན་ཏན་ནི། འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གང་ཡོད་པས་དུས་གཅིག་ཅར་དུ་དྲི་བ་མི་འདྲ་བ་ཁོ་ན་རེ་རེ་ནས་དྲིས་ཀྱང་སེམས་ཀྱི་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་བཟུང་ནས་གསུང་གཅིག་གིས་དྲི་བ་ཐམས་ཅད་ཀྱི་ལན་མཛད་ཅིང་དེ་རྣམས་ཀྱིས་ཀྱང་རང་རང་གི་སྐད་དུ་གོ་བར་འགྱུར་བ་ཤིན་ཏུ་རྨད་དུ་བྱུང་པའི་ཚུལ་མངའ་བ་སྟེ། བདེན་པ་པོའི་ལེའུ་ལས། འདི་ལྟར་སེམས་ཅན་ཀུན་གྱིས་ངེས་པའི་ཚིག །མང་པོ་དག་གིས་དུས་གཅིག་ཞུ་ཞུས་ན། །སེམས་ཀྱི་སྐད་ཅིག་གཅིག་ལ་ཐུགས་ཆུད་ནས། །གསུང་དབྱངས་གཅིག་གིས་སོ་སོར་ལན་ཀྱང་འདེབས། །དེ་ལྟ་བས་ན་འདྲེན་པ་འཇིག་རྟེན་ན། །ཚངས་པའི་སྒྲ་དབྱངས་གསུང་སྒྲོག་མཁྱེན་པར་མཛོད། །དེ་ནི་ལྷ་མི་སྡུག་བསྔལ་མཐར་འབྱིན་པའི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་མཛད། །ཅེས་དང་། གཞན་ཡང་བརྒྱ་ལྔ་བཅུ་པ་ལས། ཁྱོད་ཞལ་བལྟ་ན་རབ་སྡུག་པ། །དེ་ལས་མཉན་ན་སྙན་པ་ཡི། །གསུང་འདི་དག་ནི་ཟླ་བ་ལས། །བདུད་རྩི་འཛག་པ་བཞིན་དུ་འབྱུང་། །ཁྱོད་ཀྱི་གསུང་ནི་འདོད་ཆགས་ཀྱི། །རྡུལ་རབ་ཞི་མཛད་ཆར་སྤྲིན་འདྲ། །ཞེ་སྡང་སྦྲུལ་ནི་དབྱུང་བ་ལ། །ནམ་མཁའ་ལྡིང་དང་འདྲ་བ་ལགས། །ཡང་དང་ཡང་དུ་མི་ཤེས་པའི། །རབ་རིབ་འཇོམས་པས་གདུགས་དང་འདྲ། །ང་རྒྱལ་རི་བོ་རྣམ་འཇོམས་པས། །རྡོ་རྗེ་དང་ཡང་འདྲ་བ་ལགས། །དོན་གཟིགས་པས་ནི་མི་སླུ་བ། །ནོངས་མི་མངའ་ཕྱིར་རྗེས་སུ་མཐུན། །ལེགས་པར་སྦྱར་བས་གོ་སླ་སྟེ། །ཁྱོད་ཀྱི་གསུང་ནི་ལེགས་གསུང་ལྡན། །རེ་ཞིག་དང་པོར་ཁྱོད་ཀྱི་གསུང་། །ཉན་པ་རྣམས་ཀྱི་ཡིད་འཕྲོག་མཛད། །དེ་ནས་ཡིད་ལ་བསམ་བགྱིས་ན། །འདོད་ཆགས་གཏི་མུག་རྣམས་ཀྱང་སེལ། །ཕོངས་པ་རྣམས་ཀྱི་དབུགས་འབྱིན་ཅིང་། །བག་མེད་རྣམས་ཀྱི་སྐྱབས་ཀྱང་མཛད། །བདེ་བ་ཅན་དག་སྐྱོ་བགྱིད་པས། །ཁྱོད་གསུང་ཀུན་དང་འཚམས་པར་འཇུག །མཁས་པ་རྣམས་ཀྱི་དགའ་བ་སྐྱེད། །བར་མ་རྣམས་ཀྱི་བློ་ཡང་སྤེལ། །ཐ་མའི་རབ་རིབ་རྣམ་འཇོམས་པས། །གསུང་འདི་སྐྱེ་བོ་ཀུན་ལ་སྨན། །ཞེས་གསུངས་པ་ལྟར་རོ། །ཐུགས་ཀྱི་ཡོན་ཏན་ལ་གཉིས་ལས། མཁྱེན་པའི་ཡོན་ཏན་ནི་ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་ཐམས་ཅད་ལ་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་ལྟར་མཁྱེན་པ་ཐོགས་པ་མི་མངའ་བར་འཇུག་པས་ཤེས་བྱ་མཐའ་དག་ལ་ཐུབ་པའི་མཁྱེན་པས་ཁྱབ་ཀྱི། དེ་ལས་གཞན་པ་རྣམས་ཀྱི་ནི་ཤེས་བྱ་རྒྱ་ཆེ་ལ་ཤེས་པ་རྒྱ་ཆུང་བས་མ་ཁྱབ་པ་ཡིན་ནོ། །དེ་ཡང་བསྔགས་འོས་བསྔགས་བསྟོད་ལས། ཁྱོད་འབའ་ཞིག་གི་ཡེ་ཤེས་ཀྱིས། །ཤེས་བྱ་མཐའ་དག་ཁྱབ་ལགས་ཀྱི། །ཁྱེད་ལས་གཞན་པ་ཐམས་ཅད་ཀྱི། །ཤེས་བྱ་ཁོ་ན་ལྷག་པ་ལགས། །ཞེས་དང་། བཅོམ་ལྡན་དུས་ཀུན་གཏོགས་པའི་ཆོས། །རྣམ་ཀུན་འབྱུང་གནས་ཐམས་ཅད་ནི། །ལག་མཐིལ་སྐྱུ་རུ་ར་ལྟ་བུར། །ཁྱོད་ཀྱི་ཐུགས་ཀྱི་སྤྱོད་ཡུལ་གྱུར། །ཆོས་རྣམས་གཡོ་དང་མི་གཡོར་བཅས། །གཅིག་དང་སྣ་ཚོགས་སོ་སོ་ལ། །མཁའ་ལ་རླུང་དག་རྒྱུ་བ་བཞིན། །ཁྱོད་ཀྱི་ཐུགས་དག་ཐོགས་མི་མངའ། །ཞེས་གསུངས་པ་ལྟར་དང་། བརྩེ་བའི་ཡོན་ཏན་ནི། སེམས་ཅན་རྣམས་ཉོན་མོངས་ཀྱིས་རང་དབང་མེད་པར་བཅིངས་པ་བཞིན་དུ་ཐུབ་པ་ཡང་སྙིང་རྗེ་ཆེན་པོས་རང་དབང་མེད་པར་བཅིངས་པས་འགྲོ་བ་རྣམས་སྡུག་བསྔལ་བར་གཟིགས་པ་ན་ཐུགས་རྗེ་ཆེན་པོ་རྒྱུན་ཆད་མེད་པར་སྐྱེ་སྟེ། བརྒྱ་ལྔ་བཅུ་པ་ལས། འགྲོ་བ་འདི་དག་ཐམས་ཅད་ནི། །ཁྱད་མེད་ཉོན་མོངས་རྣམས་ཀྱིས་བཅིངས། །ཁྱོད་ནི་འགྲོ་བའི་ཉོན་མོངས་དག །དགྲོལ་སླད་ཡུན་རིང་ཐུགས་རྗེས་བསྡམས། །དང་པོར་ཁྱོད་ལ་ཕྱག་བགྱིའམ། །འོན་ཏེ་གང་གིས་འཁོར་བར་ཁྱོད། །སྐྱོན་མཁྱེན་ཡུན་རིང་དེ་ལྟ་བུར། །བཞུགས་མཛད་ཐུགས་རྗེ་ཅན་ལ་བགྱི། །ཞེས་དང་། བདེན་པ་པོའི་ལེའུ་ལས་ཀྱང་། གཏི་མུག་མུན་པ་མུན་ནག་གིས་རྟག་ཏུ། །སེམས་ནི་བསྒྲིབས་པར་གྱུར་པའི་སྐྱེ་རྒུ་དང་། །འཁོར་བའི་བཙོན་རར་ཆུད་པ་རྣམ་གཟིགས་ན། །དྲང་སྲོང་དམ་པ་དེ་ནི་ཐུགས་རྗེ་སྐྱེ། །ཞེས་དང་། འདོད་པས་ཟིལ་གྱིས་ནོན་པའི་ཡིད་ལྡན་དང་། །སྲེད་པ་ཆེ་ཞིང་རྟག་ཏུ་ཡུལ་བརྐམ་དང་། །སྲེད་པའི་འདོད་ཆགས་རྒྱ་མཚོར་ལྷུང་བ་རྣམས། །གཟིགས་ན་རྒྱལ་བའི་ཐུགས་རྗེ་ཆེན་པོ་སྐྱེ། །ནད་དང་མྱ་ངན་རྣམ་པ་མང་དག་གིས། །ཤིན་ཏུ་གཙེས་པའི་སྐྱེ་རྒུ་ཉོན་མོངས་རྣམས། །གཟིགས་ན་སྡུག་བསྔལ་མ་ལུས་བསལ་སླད་དུ། །སྟོབས་བཅུ་མངའ་བའི་ཐུགས་རྗེ་རབ་ཏུ་སྐྱེ། །ཐུབ་པའི་ཐུགས་རྗེ་ཆེན་པོ་རྟག་འབྱུང་སྟེ། །དེ་མི་འབྱུང་བ་ནམ་ཡང་སྲིད་མི་འགྱུར། །འགྲོ་བ་ཀུན་གྱི་བསམ་པར་གནས་པ་སྟེ། །དེ་བས་སངས་རྒྱས་དེ་ལ་སྐྱོན་མི་མངའ། །ཞེས་གསུངས་པ་ལྟར་ངེས་ཤིང་། ཕྲིན་ལས་ཀྱི་ཡོན་ཏན་རྒྱས་པར་འོག་ནས་འབྱུང་སྟེ་འདིར་ཡང་མདོ་ཙམ་སྨོས་ན། རྒྱལ་བའི་སྐུ་གསུང་ཐུགས་ཀྱི་ཕྲིན་ལས་ལྷུན་གྱིས་གྲུབ་པ་དང་རྒྱུན་མི་འཆད་པ་གཉིས་ཀྱིས་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པར་མཛད་པ་སྟེ། དེ་ཡང་གདུལ་བྱའི་ངོས་ནས་དཀྲིར་རུང་ན་ཐུབ་པས་གདུལ་བྱ་དེ་ཕུན་ཚོགས་དང་མ་སྤྲད་པ་དང་། རྒུད་པ་ལས་མ་དྲངས་པ་ཅུང་ཟད་ཀྱང་མེད་པས་བགྱི་པར་འོས་པ་ཐམས་ཅད་ངེས་པར་མཛད་པ་ཡིན་ཏེ། བརྒྱ་ལྔ་བཅུ་པ་ལས། ཁྱོད་ཀྱིས་ཉོན་མོངས་གཞོམ་པ་བཤད། །བདུད་ཀྱི་གཡོ་དག་བསྟན་པ་མཛད། །འཁོར་བའི་རང་བཞིན་མི་བཟད་བརྗོད། །འཇིགས་པ་མེད་པའི་ཕྱོགས་ཀྱང་བསྟན། །ཕན་དགོངས་ཐུགས་རྗེ་ཅན་གྱིས་ནི། །སེམས་ཅན་རྣམས་ལ་བགྱི་འཚལ་བ། །གང་ཞིག་ཁྱོད་ཀྱིས་མ་མཛད་པ། །གཞན་ཀོ་ཅི་ཞིག་མཆིས་ལགས་ཀྱེ། །ཞེས་དང་། བསྔགས་འོས་བསྔགས་བསྟོད་ལས། ཁྱོད་ཀྱིས་གང་ལས་འགྲོ་བ་དག །མ་དྲངས་རྒུད་པ་དེ་གང་མཆིས། །གང་དང་འཇིག་རྟེན་མ་སྤྲད་པའི། །ཕུན་ཚོགས་དེ་ཡང་གང་ཞིག་མཆིས། །ཞེས་གསུངས་པ་ལྟར་ཤེས་པར་བྱའོ། །གཉིས་པ་ཡོན་ཏན་མདོར་བསྡུས་ཏེ་བསྟན་པ་ནི། སྤྱིར་སྤངས་རྟོགས་མ་ལུས་པ་མཐར་ཕྱིན་པའི་བདག་ཉིད་ལ་སངས་རྒྱས་ཞེས་པའི་ངེས་ཚིག་དང་བཅས་པས་ཡོན་ཏན་མཐའ་དག་ཀྱང་བསྡུས་པ་ཡིན་ཅིང་། རྒྱུད་བླ་མ་ལས། སངས་རྒྱས་ཉིད་ནི་དབྱེར་མེད་པ། །དག་པའི་ཆོས་ཀྱིས་རབ་ཕྱེ་བ། །ཉི་མཁའ་བཞིན་ཏེ་སྤངས་པ་དང་། །ཡེ་ཤེས་གཉིས་ཀྱི་མཚན་ཉིད་དོ། །ཞེས་གསུངས་པ་དང་། མདོ་སྡེ་རྒྱན་ལས་ཀྱང་། གང་ལ་ཉོན་མོངས་ཤེས་བྱའི་སྒྲིབ་པའི་ས་བོན་དུས་རིང་རྟག་ལྡན་པ། །སྤོང་བ་ཤིན་ཏུ་རྒྱ་ཆེན་རྣམ་པ་ཀུན་གྱི་བཅོམ་གྱུར་ཅིང་། །གནས་གྱུར་ཆོས་དཀར་ཡོན་ཏན་མཆོག་ལྡན་ཐོབ་པ་སངས་རྒྱས་ཉིད། །ཅེས་དང་། གཞན་ཡང་། མ་རིག་གཉིད་ལས་སངས་ཕྱིར་དང་། །བློ་རྒྱས་གཉིས་ཕྱིར་སངས་རྒྱས་ཡིན། །ཞེས་པ་ལྟར་རོ། །བྱེ་བྲག་ཏུ་ཆོས་སྐུའི་ཡོན་ཏན་མཚན་ཉིད་བརྒྱད་དང་ལྡན་ཏེ། མཉམ་པ་དང་། ཟབ་པ་དང་། རྟག་པ་དང་། གཅིག་པ་དང་། ཡང་དག་པ་དང་། གཙང་བ་དང་། འོད་གསལ་བ་དང་། ལོངས་སྤྱོད་རྫོགས་པ་དང་འབྲེལ་བ་སྟེ། རྒྱུད་བླ་མ་ལས། ཐོག་མ་དབུས་མཐའ་མེད་ཅིང་རྣམ་དབྱེར་མེད། །གཉིས་མེད་གསུམ་བྲལ་དྲི་མེད་རྣམ་རྟོག་མེད། །ཆོས་དབྱིངས་རང་བཞིན་གང་ཡིན་དེ་རྟོགས་པ། །མཉམ་པར་བཞག་པའི་རྣལ་འབྱོར་པ་ཡིས་མཐོང་། །ཞེས་དང་། མདོ་སྡེ་རྒྱན་ལས་ཀྱང་། རང་བཞིན་སྐུ་ནི་མཉམ་པ་དང་། །ཕྲ་ཞིང་ལོངས་སྤྱོད་རྫོགས་འབྲེལ་དང་། །ཞེས་གསུངས་སོ། །ལོངས་སྤྱོད་རྫོགས་པའི་སྐུ་ཡང་ཡོན་ཏན་བརྒྱད་དང་ལྡན་ཏེ། འཁོར་དང་། ཞིང་དང་། སྐུ་དང་། མཚན་དང་། ཆོས་དང་། མཛད་པ་དང་། ལྷུན་གྱིས་གྲུབ་པ་དང་། རང་བཞིན་མེད་པ་རྣམས་ཏེ། མདོ་སྡེ་རྒྱན་ལས། ལོངས་སྤྱོད་རྫོགས་པ་ཁམས་ཀུན་ཏུ། །འཁོར་ཡོངས་སྡུད་དང་ཞིང་དང་མཚན། །སྐུ་དང་ཆོས་རྫོགས་ལོངས་སྤྱོད་དང་། །མཛད་པ་དག་གིས་ཐ་དད་དོ། །ཞེས་དང་། མངོན་རྟོགས་རྒྱན་ལས། མཚན་ནི་སུམ་ཅུ་རྩ་གཉིས་དང་། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་ནི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །ཅེས་པ་ལྟར་རོ། །སྤྲུལ་པའི་སྐུ་ཡང་ཡོན་ཏན་བརྒྱད་དང་ལྡན་པ་ཡིན་ཏེ། རྟེན་དང་། རྒྱུ་དང་། ཞིང་དང་། དུས་དང་། རང་བཞིན་དང་། འཇུག་པར་བྱེད་པ་དང་། སྨིན་པར་བྱེད་པ་དང་། གྲོལ་བར་བྱེད་པའོ། །མདོ་སྡེ་རྒྱན་ལས། །བཟོ་དང་སྐྱེ་དང་བྱང་ཆུབ་ཆེ། །མྱ་ངན་འདས་པ་རྟག་སྟོན་པས། །སངས་རྒྱས་སྤྲུལ་པའི་སྐུ་འདི་ནི། །རྣམ་པར་གྲོལ་བའི་ཐབས་ཆེན་པོ། །ཞེས་དང་། རྒྱུད་བླ་མ་ལས་ཀྱང་། སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་འཇུག་དང་བལྟམས་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་མོའི་འཁོར་ལ་དགྱེས་རོལ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །བདུད་སྡེ་འཇོམས་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། །མྱ་ངན་འདས་པར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་དང་། ཡང་དེ་ཉིད་ལས། འཇིག་རྟེན་ཞི་བའི་ལམ་ལ་འཇུག་པ་དང་། །རབ་ཏུ་སྨིན་དང་ལུང་སྟོན་རྒྱུ་ཡི་གཟུགས། །ཞེས་དང་། མངོན་རྟོགས་རྒྱན་ལས། གང་གིས་སྲིད་པ་ཇི་སྲིད་པར། །འགྲོ་ལ་ཕན་པ་སྣ་ཚོགས་པ། །མཉམ་དུ་མཛད་པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་འཆད། །ཅེས་དང་། གཞན་ཡང་མདོ་སྡེ་རྒྱན་ལས། དེ་དག་རྟེན་དང་དགོངས་པ་དང་། །ཕྲིན་ལས་ཀྱིས་ནི་མཉམ་པ་ཉིད། །ཅེས་དང་། རང་བཞིན་དང་ནི་རྒྱུན་མི་ཆད། །རྒྱུན་གྱིས་དེ་དག་རྟག་པ་ཉིད། །ཅེས་གསུངས་སོ། །དེ་ལྟར་ན་སྐུ་དང་ཡེ་ཤེས་ཕྲིན་ལས་དང་བཅས་པའི་སྤངས་རྟོགས་ཐམས་ཅད་སངས་རྒྱས་ཀྱི་ཡོན་ཏན་ཡིན་ལ། མདོར་ན་ཐེག་གསུམ་ཡོངས་ཀྱི་ལམ་དང་འབྲས་བུ་མཐའ་དག་དེ་བཞིན་གཤེགས་པའི་ཡོན་ཏན་ཁོ་ན་ལས་ནམ་ཡང་མ་འདས་ཤིང་། དེ་ཡང་དྲིལ་ན་སྤང་བྱ་མ་ལུས་པ་སྤངས་ཤིང་རྟོགས་བྱ་མཐའ་དག་ཡོངས་སུ་རྫོགས་ཏེ་མཁྱེན་བརྩེ་ནུས་གསུམ་གྱི་རང་བཞིན་དུ་གྱུར་པ་སངས་རྒྱས་ཀྱི་ཡོན་ཏན་ཡིན་པས། ཡོན་ཏན་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཁོངས་སུ་གཞན་བཞི་པོ་འདུ་བའང་ཡིན་ལ། འདིར་རྒྱས་པར་སྤྲོར་མ་ལོངས་པས་མདོ་ཙམ་སྨོས་ཀྱི། ཞིབ་པར་ཤིང་རྟ་ཆེན་པོ་རྗེས་འབྲངས་དང་བཅས་པ་རྣམས་ཀྱིས་བཀྲལ་བའི་ལེགས་བཤད་ཀྱི་གཞུང་ཆེན་པོ་འགྲེལ་པ་དང་བཅས་པའི་དགོངས་པ་གུང་བསྒྲིགས་ཏེ་བློ་གྲོས་དང་དད་པའི་མིག་བསྒྲུབ་པར་བྱ་བ་ཁོ་ནའོ། །ལྔ་པ་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་རྣམ་གཞག་ལས་བརྩམས་ཏེ་ཅུང་ཟད་སྨོས་པ་ལ་གཉིས། མཛད་པའི་དོན་བདུན་རྒྱས་པར་བཤད། གཉིས་ཀྱིས་དོན་བསྡུ་བའོ། །དང་པོ་ནི། རྫོགས་པའི་སངས་རྒྱས་རྣམས་ཀྱི་ཕྲིན་ལས་ནི་འདི་དང་འདི་ལྟ་བུ་བྱའོ་སྙམ་པའི་རྣམ་པར་རྟོག་པ་དང་འབད་རྩོལ་གྱི་མཚན་མ་ཅུང་ཟད་ཀྱང་མི་མངའ་བཞིན་དུ་སྔོན་གྱི་ཐུགས་བསྐྱེད་དང་སྨོན་ལམ་རྒྱ་ཆེན་པོའི་མཐུས་ཡིད་བཞིན་གྱི་ནོར་བུས་འབད་རྩོལ་མེད་བཞིན་དུ་འོད་ཟེར་སྤྲོ་བ་དང་། དགོས་འདོད་འབྱུང་བ་དང་། ལྷའི་རྔ་བོ་ཆེས་རྟོག་པ་མེད་བཞིན་དུ་ཆོས་ཀྱི་སྡོམ་བཞི་སྟོན་པ་དང་མཐུན་པར། རང་རང་གི་ཁམས་དང་བསམ་པ་དང་དབང་པོ་དང་བག་ལ་ཉལ་ཅི་ལྟ་བ་བཞིན་དུ་སྐུ་གསུང་ཐུགས་ཀྱི་ཆོ་འཕྲུལ་མཐའ་ཡས་པས་གདུལ་བྱ་བསམ་གྱིས་མི་ཁྱབ་པའི་དོན་འབད་༡མེད་ལྷུན་གྱིས་གྲུབ་པར་འབྱུང་བ་དང་། ཉི་མའི་དཀྱིལ་འཁོར་ལ་འཆར་དང་མི་འཆར་གྱི་ཕྱོགས་རིས་མེད་པར་ཆུའི་སྣོད་དྭངས་པ་དང་མི་དྭངས་པ་ཐམས་ཅད་དུ་རང་རང་དང་འཚམས་པར་གཅིག་ཅར་དུ་འཆར་བ་བཞིན་དུ། སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་མཛད་པའང་འདི་ལ་སྣང་འདི་ལ་མི་སྣང་ཞེས་ཕྱོགས་༢རིས་ཅུང་ཟད་ཀྱང་མེད་པར་གདུལ་བྱ་རྣམས་རང་རང་གི་སྐལ་པ་མཆོག་དམན་དང་འཚམས་པར་གཅིག་ཅར་དུ་སྣང་བ་དང་། ཉི་མའི་འོད་ཟེར་དཔག་ཏུ་མེད་པའང་འདྲེས་ནས་པདྨ་ཁ་འབྱེད་པ་ལྟ་བུའི་བྱ་བ་གཅིག་ལ་འཇུག་པ་བཞིན་དུ་སེམས་ཅན་རེ་རེ་འདུལ་བ་ལའང་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་དང་ཕྲིན་ལས་གཅིག་༣ཏུ་འདྲེས་ནས་འཇུག་པ་དང་། འདུས་མ་བྱས་ཀྱི་ནམ་མཁའི་དབྱིངས་སུ་འདུས་བྱས་ཀྱི་དངོས་པོ་སྐྱེ་བ་དང་འཇིག་པ་རྒྱུན་མི་འཆད་པ་བཞིན་དུ་ཟག་པ་མེད་པའི་དབྱིངས་སུ་མངོན་པར་རྫོགས་སངས་རྒྱས་ནས་ཀྱང་། གདུལ་བྱ་དུས་ལ་བབ་པ་ན་ཕྲིན་ལས་འཇུག་ཅིང་། མ་བབ་ན་མི་འཇུག་པའི་ཚུལ་གྱིས་སངས་རྒྱས་ཀྱི་མཛད་པ་ནམ་ཡང་རྒྱུན་༤མི་འཆད་པ་དང་། ཕྱོགས་བཅུའི་ཞིང་ཁམས་མཐའ་ཡས་པར་འཁོར་བ་ཇི་སྲིད་ཀྱི་བར་དུ་ལ་ལར་མངོན་པར་བྱང་ཆུབ་པ་དང་། ལ་ལར་ཆོས་འཁོར་བསྐོར་བ་དང་། ལ་ལར་མྱ་ངན་ལས་འདའ་བར་སྟོན་པ་སོགས་ཐབས་༥སྣ་ཚོགས་པའི་སྒོ་ནས་ཇི་ལྟར་རིགས་པར་གདུལ་བྱའི་དོན་མཛད་པ་དང་། རི་མཐོ་དམན་གྱི་ཁྱད་པར་ལས་ཉི་མའི་འོད་ཟེར་རིམ་གྱིས་འཆར་བ་བཞིན་དུ་གདུལ་བྱ་སྐལ་པ་མཆོག་དང་བར་མ་དང་དམན་པ་རྣམས་ལའང་སངས་རྒྱས་ཀྱི་ཕྲིན་ལས་རང་རང་དང་འཚམས་༦པར་རིམ་གྱིས་འཇུག་པ་དང་། སངས་རྒྱས་མཐོང་བ་ཙམ་གྱིས་འཚེ་བ་དང་། ངན་སོང་དང་། ཐབས་མ་ཡིན་པ་དང་། ཁམས་གསུམ་གྱི་སྡུག་བསྔལ་དང་། ཐེག་པ་དམན་པ་ལས་སྐྱོབ་པ་སྟེ་ཡོངས་སུ་སྐྱོབ་པ་༧རྣམ་པ་ལྔས་སེམས་ཅན་གྱི་དོན་མཛད་པའོ། །གཉིས་པ་ནི། རྒྱལ་བའི་ཕྲིན་ལས་ཀྱི་ངོ་བོ་རྒྱུན་མི་འཆད་པར་གང་ལ་གང་འདུལ་གྱི་བཀོད་པ་ནམ་མཁའ་དང་མཉམ་པ་དང་། བྱེད་ལས་གདུལ་བྱ་མཐའ་ཡས་པ་ཆོ་འཕྲུལ་གསུམ་གྱིས་ལམ་གྱི་རྟེན་མཐོ་རིས་ལྷ་དང་ཚངས་པའི་ཐེག་པ། ལམ་དངོས་ཚོགས་སྦྱོར་ལ་སོགས་པ། མཐར་ཕྱིན་ཐེག་པ་གསུམ་གྱི་འབྲས་བུ་ལ་འགོད་པར་མཛད་པའི་ཕྱིར་མདོར་བསྡུ་ན་ལྷུན་གྱིས་གྲུབ་པ་དང་རྒྱུན་མི་འཆད་པ་གཉིས་སུ་འདུས་པའི་སྔ་མ་ནི། རྒྱུད་བླ་མ་ལས། གང་ཞིག་གང་གིས་གདུལ་བ་ཡི། །བྱ་གང་གང་དུ་གང་གི་ཚེ། །དེ་ཡི་རྣམ་རྟོག་སྐྱེ་མེད་ཕྱིར། །ཐུབ་པ་རྟག་ཏུ་ལྷུན་གྱིས་གྲུབ། །ཅེས་དང་། ཕྱི་མ་ནི། དེ་ཉིད་ལས། གཞན་གྱི་དབང་གིས་ངེས་འབྱུང་དང་། །བདག་དང་སེམས་ཅན་མཚུངས་གཟིགས་དང་། །མཛད་པ་ཡོངས་སུ་མ་རྫོགས་ཕྱིར། །འཁོར་བ་སྲིད་དུ་མཛད་མི་འཆད། །ཅེས་གསུངས་པ་ལྟར་རོ། །དེ་ལྟར་སྐུ་གསུང་ཐུགས་ཀྱི་མཛད་པའམ་ཕྲིན་ལས་ཀྱི་འཇུག་པ་ཐམས་ཅད་འབད་རྩོལ་རྟོག་པའི་འདུ་བྱེད་དང་བྲལ་ཡང་གདུལ་བྱ་སོ་སོའི་སྣང་བ་ལ་ཇི་ལྟར་འཆར་བའི་ཚུལ་ཡང་། ཇི་སྐད་དུ་ཐེག་པ་ཆེན་པོ་རྒྱུད་བླ་མ་ལས། བརྒྱ་བྱིན་རྔ་སྤྲིན་ཚངས་པ་དང་། །ཉི་མ་ནོར་བུ་རིན་ཆེན་བཞིན། །དེ་བཞིན་གཤེགས་པ་སྒྲ་བརྙན་བཞིན། །ནམ་མཁའ་དང་ནི་ས་བཞིན་ནོ། །ཞེས་དང་། ཇི་ལྟར་བཻ་ཌཱུར་ས་གཞི་གཙང་མ་ལ། །སོགས་དང་། དེ་བཞིན་དུ། ཇི་ལྟར་ལྷ་ནང་ལྷ་རྣམས་ཀྱི། །སྔོན་གྱི་དཀར་པོའི་མཐུ་ཡིས་ནི། །འབད་དང་གནས་དང་ཡིད་གཟུགས་དང་། །རྣམ་པར་རྟོག་པ་མེད་བཞིན་དུ། །མི་རྟག་སྡུག་བསྔལ་བདག་མེད་དང་། །ཞི་བའི་སྒྲ་ཡིས་བག་མེད་པའི། །ལྷ་རྣམས་ཐམས་ཅད་ཡང་ནས་ཡང་། །ཆོས་ཀྱི་རྔས་ནི་སྐུལ་བྱེད་ལྟར། །དེ་བཞིན་ཁྱབ་བདག་འབད་སོགས་དང་། །བྲལ་ཡང་འགྲོ་བ་མ་ལུས་པ། །སངས་རྒྱས་ཆོས་ཀྱིས་ཁྱབ་མཛད་དེ། །སྐལ་ལྡན་རྣམས་ལ་ཆོས་སྟོན་ཏོ། །ཇི་ལྟར་དབྱར་གྱི་དུས་ན་སྤྲིན། །ལོ་ཐོག་ཕུན་སུམ་ཚོགས་པའི་རྒྱུ། །ཆུ་ཡི་ཕུང་པོ་འབད་མེད་པ། །ས་ལ་མངོན་པར་འབབ་པ་ལྟར། །དེ་བཞིན་ཐུགས་རྗེའི་སྤྲིན་ལས་ནི། །རྒྱལ་བའི་དམ་ཆོས་ཆུ་ཡི་ཆར། །འགྲོ་བའི་དགེ་བའི་ལོ་ཏོག་རྒྱུ། །རྣམ་པར་རྟོག་པ་མེད་པར་འབེབས། །ཇི་ལྟར་ཚངས་པ་ཚངས་པ་ཡི། །སོགས་ནས། དེ་ནི་དེ་ལ་རྣམ་མི་རྟོག །ཅེས་པའི་བར་གྱིས་ཞིབ་ཏུ་བསྟན་པ་ལྟར་ལུང་རྣམ་དག་དང་། གཞན་ཡང་རིགས་པའི་དབང་ཕྱུག་རྣམ་གཉིས་ཀྱི་གཞུང་གིས་བསྟན་པའི་རིགས་པ་དྲི་མ་མེད་པ་དང་བཅས་པའི་ལམ་ནས་ཚུལ་འདི་དག་ལེགས་པར་བསྒྲུབས་ཏེ། སངས་རྒྱས་བཅོམ་ལྡན་འདས་ཉིད་སྲིད་དང་ཞི་བའི་ཁོངས་ན་ཆེ་བར་གྲགས་པ་གང་གིས་ཀྱང་སྐུའི་བ་སྤུ་ཉག་གཅིག་ལ་འགྲན་པར་མི་བཟོད་པ་ཟླ་མེད་པའི་སྟོན་པ་ཚད་མར་མཐོང་བའི་ངེས་ཤེས་ཐེ་ཚོམ་གྱི་སྨགས་དང་བྲལ་བ་རྙེད་དེ། གཞན་གྱིས་མི་འཕྲོག་པའི་དད་པ་རྒྱ་མཚོའི་དབུས་ན་གནས་པར་བྱ་བ་ནི་བློ་དང་ལྡན་པའི་སྐྱེས་བུས་དོན་དུ་གཉེར་བྱ་ཉག་གཅིག་པུ་པ་ཡིན་ནོ། །འདི་ལས་འཕྲོས་ཏེ་དེ་བཞིན་གཤེགས་པའི་གསང་གསུམ་ཕྲིན་ལས་དང་བཅས་པ་རྗེས་སུ་དྲན་པའི་དགོས་ཆེད་དང་ཕན་ཡོན་ལས་བརྩམས་ཏེ་སྨྲ་བར་འོས་པ་མང་དུ་མཆིས་ཀྱང་མདོ་དང་བསྟན་བཅོས་རྒྱ་མཚོ་ལྟ་བུ་ལས་འབྱམས་ཀླས་པར་གསུངས་པས་དེ་དང་དེ་དག་ཏུ་ཤེས་པར་བྱའོ། །རྒྱལ་བའི་གསང་གསུམ་ཡོན་ཏན་ཕྲིན་ལས་བཅས། །མི་ཟད་རྒྱན་གྱི་འཁོར་ལོ་རྣམ་ལྔའི་གཏམ། །སྙིང་པོར་དྲིལ་བའི་ལེགས་བཤད་ཟླ་ཤེལ་ཁམས། །རང་གཞན་གདུང་བ་བཅིལ་པའི་དཔལ་དུ་གྲུབ། །དད་གསུམ་འཆི་བ་མེད་པའི་ལམ་ཡངས་དེར། །བདེ་གཤེགས་ཆེ་བ་སྤྲིན་ཕུང་འཛུམ་པ་ལས། །བྱིན་རླབས་སྦྲང་ཆར་བསྙིལ་པའི་ཟིལ་དངར་གྱིས། །ཕན་བདེའི་ལོ་འབྲས་གཡུར་དུ་ཟ་གྱུར་ཅིག །བརྗོད་བྱ་ཟབ་དང་རྒྱ་ཆེའི་དོན་གྱིས་སྤུངས། །རྗོད་བྱེད་ཉུང་ངུའི་ངག་ཏུ་དྲིལ་འདིས་ཀྱང་། །ཕུན་ཚོགས་མཐའ་དག་རྫོགས་པའི་ཐུབ་རྣམས་ཀྱི། །ངོ་མཚར་བདག་གཞན་རྒྱུད་ལ་འབྱོར་གྱུར་ཅིག །ཅེས་པའང་བདེ་བར་གཤེགས་པ་རྗེས་སུ་དྲན་པའི་བསོད་ནམས་རླབས་པོ་ཆེ་འདུ་བྱ་བའི་སྐོར་དམིགས་ནས་ཐེག་པ་མཆོག་གི་བཀའ་དང་བསྟན་བཅོས་དྲི་མ་མེད་པ་རྣམས་ཀྱི་དགོངས་པ་ལྟར་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་ཉུང་གསལ་སྙིང་པོར་དྲིལ་བའི་ཚུལ་གྱིས་སྦྱར་བ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །། | ||
དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་རྣམ་པར་བཞག་པའི་གཏམ་དཔྱོད་ལྡན་རྣ་བའི་བཅུད་ལེན་ཅེས་བྱ་བ་བཞུགས་སོ། །ཨོཾ་སྭསྟི་སིདྡྷཾ། ཡོན་ཏན་མེ་ཏོག་དཔྱིད་ཀྱི་དཔལ། །དུད་པའི་གདེངས་ཀ་ལ་ཆགས་པའི། །ཐམས་ཅད་མཁྱེན་པའི་ཀེ་ས་རས། །ཤིས་པ་མཆོག་གི་བཅུད་ལེན་སྩོལ། །བདེ་བར་གཤེགས་པའི་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་མི་ཟད་པ། །རྒྱན་གྱི་འཁོར་ལོ་ལས་བརྩམས་པའི། །གཏམ་འདི་དཔྱོད་ལྡན་རྣ་བར་འཇེབས། །དེའང་གང་ན་སྲིད་དང་ཞི་བའི་བསོད་ནམས་ཀྱི་ཕུང་པོ་གཅིག་ཏུ་འབར་བ་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡོན་ཏན་ནི་སློབ་པའི་ས་ལ་བཞུགས་སོ་ཅོག་གིས་ཀྱང་བགྲང་བའི་ཡུལ་མ་ཡིན་ན་སོ་སོ་སྐྱེ་བོའི་བློ་གྲོས་ཉི་ཚེ་བ་དག་གིས་ལྟ་སྨོས་ཀྱང་ཅི་ཞིག་དགོས། དེ་ལྟར་ནའང་རེ་ཞིག་རང་གི་དད་པ་ཁོ་ན་གཙོར་བྱས་ཏེ་ཅུང་ཟད་བརྗོད་ན་ལྔ་ལས། དང་པོ་སྐུའི་ཡོན་ཏན་མཚན་དང་དཔེ་བྱད་བཅུ་ཕྲག་བཅུ་དང་བཅུ་གཉིས་ཏེ། འདི་འཆད་པ་ལ་ལྔ། གང་གིས་འགྲུབ་པའི་རྒྱུ། ཇི་ལྟར་སྒྲུབ་པའི་ཚུལ། གང་བསྒྲུབ་པའི་གྲངས་ངེས། དེ་དག་གི་སྒྲ་དོན། དེ་གཞན་ལས་ཁྱད་པར་དུ་འཕགས་ཚུལ་ལོ། །དང་པོ་ནི། འདི་ལྟར་རང་སངས་རྒྱས་དང་ཉན་ཐོས་སློབ་མི་སློབ་རྒྱུ་གང་ལས་བྱུང་བའི་བསོད་ནམས་དང་འཇིག་རྟེན་པ་ཐམས་ཅད་ཀྱི་བདེ་འགྲོ་བསྐྱེད་པའི་བསོད་ནམས་གང་ཡོད་བ་དེ་བཅུ་འགྱུར་གྱིས་བ་སྤུའི་བུ་ག་གཅིག་དང་། བ་སྤུའི་བུ་ག་ཐམས་ཅད་འགྲུབ་བྱེད་ཀྱི་བསོད་ནམས་བརྒྱ་འགྱུར་གྱིས་དཔེ་བྱད་བཟང་པོ་གཅིག །དེ་འགྲུབ་བྱེད་བརྒྱ་འགྱུར་གྱིས་མཚན་བཟང་པོ་གཅིག །དེ་འགྲུབ་བྱེད་སྟོང་འགྱུར་གྱིས་མཛོད་སྤུ། དེ་འགྲུབ་བྱེད་འབུམ་འགྱུར་གྱིས་གཙུག་ཏོར་བལྟར་མི་མངོན་པ་འགྲུབ་པར་གསུངས་ལ། བྱེ་བྲག་ཏུ་མཚན་འགྲུབ་པའི་རྒྱུ་ཕར་ཕྱིན་འགྲེལ་བ་དོན་གསལ་ལས་ཡུམ་བར་མའི་རྗེས་སུ་འབྲངས་ནས། སྔོན་སློབ་ལམ་གྱི་དུས་སུ་བླ་མ་བསུ་སྐྱེལ་དང་གཡོག་འཁོར་བྱིན་པ་ལ་སོགས་པ་ལས་ཕྱག་ཞབས་འཁོར་ལོས་མཚན་པ་དང་། ཞེས་སོགས་བཤད་ཅིང་། འཕགས་པ་ཀླུས་རིན་ཆེན་ཕྲེང་བ་ཡང་ཕལ་ཆེར་སྔ་མ་དང་འདྲ་བར་གསུངས་པ་དང་། ཐོགས་མེད་ཀྱིས་བྱང་སར་མཚན་གྱི་མདོའི་རྗེས་སུ་འབྲང་སྟེ། ཚུལ་ཁྲིམས་དང་། བརྟུལ་ཞུགས་དང་། བཟོད་པ་དང་། གཏོང་བ་རྣམས་ལ་ཤིན་ཏུ་གནས་པས་ནི་ཞབས་ཤིན་ཏུ་གནས་པ་བརྙེས་སོ། །ཞེས་སོགས་ཤིན་ཏུ་རྒྱས་པར་བསྟན་ཅིང་། མདོ་སྡེ་བསྐལ་བཟང་ལས། འཁོར་ལོའི་མཚན་གྱི་ཆ་ཤས་ཕྱག་ཞབས་ལ་འཁོར་ལོས་སྤྲས་པ། རྩིབས་ཕན་ཚུན་མ་འདྲེས་པ། འདོད་ཆགས་ཀྱི་དབང་གིས་མི་གོས་པ། བུམ་པ་དང་གཡུང་དྲུང་སོགས་བཀྲ་ཤིས་པའི་མཚན་མས་བརྒྱན་པ། འཁོར་ལོའི་འོད་འགྱེད་པ། འོད་སྣ་ཚོགས་གཏོང་བ་དང་དྲུག་རིམ་བཞིན་སྦྱིན་སོགས་ཕར་ཕྱིན་དྲུག་གི་འབྲས་བུར་གསུངས་པས་མཚོན་མཚན་རེ་རེ་བཞིན་སྦྱར་བ་སོགས་མཐའ་ཡས་སོ། །གཉིས་པ་ནི། སྤྱིར་ཤེས་རབ་ཀྱི་ཕར་ཕྱིན་དང་འབྲེལ་བའི་བསོད་ནམས་ཀྱི་ཚོགས་གོམས་པར་བྱས་པའི་གཙོ་བོའི་ལག་རྗེས་དང་། བྱེ་བྲག་ཏུ་མཚན་སོ་སོར་འགྲུབ་པའི་རྒྱུ་རྣམས་བསྐལ་པ་གྲངས་མེད་པ་གསུམ་དུ་བསྟེན་གོམས་བྱས་པ་ལས་བྱུང་བའི་ཕྱིར་བསམ་གྱིས་མི་ཁྱབ་པའི་གནས་སོ། །གསུམ་པ་ནི། མངོན་རྟོགས་རྒྱན་དུ་ཤེར་ཕྱིན་གྱི་མདོ་དང་། རྒྱུད་བླ་མར་བུ་མོ་རིན་ཆེན་གྱིས་ཞུས་པའི་མདོའི་རྗེས་སུ་འབྲངས་ཏེ་བགྲང་ཚུལ་ཅུང་ཟད་མི་མཐུན་ཞིང་། བྱང་ཆུབ་སེམས་དཔའི་སར་ཕལ་ཆེར་མངོན་རྟོགས་རྒྱན་གྱི་རྗེས་སུ་འབྲང་བར་མཛད་པ་སོགས་མདོ་དང་བསྟན་བཅོས་རྣམས་ལས་བཤད་པའི་ཚུལ་མི་འདྲ་བ་དུ་མ་ཞིག་གསུངས་ཀྱང་། དེ་བཞིན་གཤེགས་པའི་གསང་བ་ནི་བསམ་གྱིས་མི་ཁྱབ་པའི་གནས་ཡིན་པའི་ཕྱིར་ཅིར་ཡང་འཆར་བས་ན་ཕན་ཚུན་འགལ་བར་མི་འདུ་ལ། འདིར་རེ་ཞིག་སྔ་མའི་རྗེས་སུ་འབྲངས་ཏེ་སོ་སོའི་ངོས་འཛིན་སྙིང་པོར་དྲིལ་བ་ལ་གཉིས་ཏེ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་བཤད་པ་དང་། དཔེ་བྱད་བཟང་པོ་བརྒྱད་ཅུའི་ངོས་འཛིན་ནོ། །དང་པོ་ནི། ཕྱག་མཐིལ་དང་ཞབས་མཐིལ་གྱི་ངོས་ལ་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པའི་རི་མོ་འབུར་དུ་དོད་པ་བཅད་ཤིན་ཏུ་གསལ་བ་དང་ལྡན་པས་ཕྱག་ཞབས་འཁོར་ལོས་མཚན་པ་༡དང་། རུས་སྦལ་གྱི་ལྟོ་བ་བཞིན་དུ་ཞབས་མཐིལ་གཉིས་ལ་ཤས་མ་ཁེངས་པའི་ཁོང་སེང་མེད་པས་ཞབས་མཐིལ་མཉམ་པ་༢དང་། ཕྱག་ཞབས་ཀྱི་སོར་མོ་ཉི་ཤུ་པོ་རྣམས་སོར་ཚིག་དང་པོ་ནས་བརྩམས་ཏེ་སོར་མོའི་བར་ལ་སེང་སེང་པོ་ཡང་མེད་ཅིང་། སོར་གདུབ་ལ་སོགས་པའི་རྒྱན་ཀྱང་འཇུག་ཏུ་རུང་བའི་པགས་པའི་དྲྭ་བས་ངང་པའི་རྒྱལ་པོ་བཞིན་དུ་འབྲེལ་བས་སོར་མོ་དྲྭ་བས་འབྲེལ་བ་༣དང་། ཕྱག་ཞབས་ཐམས་ཅད་ལ་གཞོན་ཤ་ཤིན་ཏུ་ཆགས་ཤིང་པདྨའི་འདབ་མ་ལྟར་འཇམ་པས་ཕྱག་ཞབས་གཞོན་ཤ་ཆགས་ཤིང་འཇམ་པ་༤དང་། ཕྱག་ཞབས་ཀྱི་རྒྱབ་ཕྱོགས་བོལ་བཞི་དང་། ཕྲག་གོང་གཉིས་དང་། ལྟག་པའི་ཕྱོགས་ཏེ་གནས་བདུན་པོ་ཤས་ཡོངས་སུ་གང་བས་སྐུའི་བདུན་མཐོ་བ་༥དང་། ལྷའི་ལྗོན་ཤིང་གཞོན་ནུའི་ལྕུག་ཕྲན་ལྟར་སོར་མོ་རིང་ཞིང་མཉེན་ལྕུག་དང་ལྡན་པས་སོར་མོ་རིང་བ་༦དང་། ཞབས་ཀྱི་མཐིལ་ལ་ཆ་བཞིར་ཕྱེ་བའི་ཆ་གཅིག་ཕྱིར་འཕགས་ཤིང་དབྱེས་ཆེ་བ་དང་ལྡན་པས་རྟིང་པ་ཡང་བ་༧དང་། རིའི་རྒྱལ་པོ་ལྟར་གཞན་ལས་ཁྲུ་བདུན་ཙམ་གྱིས་སྐུ་མཐོ་ཞིང་ཆེ་བ་དང་ལྡན་ལ་གཡས་གཡོན་དུ་ཡོ་བ་མེད་པའི་ཕྱིར་སྐུ་ཆེ་ཞིང་དྲང་བ་དང་། ཞབས་ཀྱི་མཁྲིག་མ་ལ་ལོང་བུའི་རུས་པ་འབུར་པོ་དང་། པུས་མོའི་ལྷ་ང་ལའང་ཕྱིར་འབུར་པོའི་རུས་པ་མི་མངོན་པར་མཉམ་པའི་ཕྱིར་ལོང་བུ་མི་མངོན་པ་༩དང་། འཇམ་ཞིང་ཕྲ་བའི་བ་སྤུའི་ཚོགས་གཉིས་གསུམ་སོགས་འབྲེལ་བ་མེད་པར་རེ་རེ་ནས་སྐྱེས་ཤིང་གཡས་ཕྱོགས་སུ་རིམ་གྱིས་འཁྱིལ་བའི་རྩེ་མོ་རྣམས་སྐུ་ལ་གྱེན་དུ་ཕྱོགས་པས་བ་སྤུ་གྱེན་དུ་ཕྱོགས་པ་༡༠དང་། ཨེ་ན་ཡ་ཞེས་པ་ནི་རི་དྭགས་སྤྱིའི་བྱིན་པའི་མིང་སྟེ་དེ་དང་འདྲ་བར་རིམ་གྱིས་ཇེ་ཕྲ་ཇེ་ཕྲར་སོང་བ་ལ་ཟླུམ་ཞིང་རྒྱས་པའི་བྱིན་པ་དང་ལྡན་པས་བྱིན་པ་ཨེ་ན་ཡ་ལྟ་བུ་༡༡དང་། ཕྱག་གཉིས་གླང་པོའི་རྒྱལ་པོའི་སྣ་ཞགས་ལྟར་སྐུ་མ་བཏུད་པར་དྲང་པོར་གནས་ཀྱང་པུས་མོའི་ལྷ་ངར་སླེབ་པས་ཕྱག་རིང་ཞིང་༡༢མཛེས་པ་དང་། རྟ་མཆོག་ཅང་ཤེས་ལྟར་དུ་མདོམས་ཀྱི་སྦ་བ་གསང་གནས་སུ་ནུབ་པས་བལྟར་མི་མངོན་པའི་ཕྱིར་མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་༡༣དང་། གསེར་བཙོ་མ་ལྟར་ཁ་དོག་གསལ་ཞིང་རྡུལ་དང་དྲི་མ་སྤངས་པའི་འོད་ཆགས་འབར་བས་པགས་པའི་མདོག་གསལ་བ་༡༤དང་། པདྨའི་འདབ་མ་ལྟར་ཤིན་ཏུ་གཞོན་ཤ་ཆགས་ཤིང་ཤིང་བལ་ལྟར་རེག་ན་འཇམ་པས་པགས་པ་འཇམ་པ་༡༥དང་། འཇམ་ཞིང་ཕྲ་བའི་བ་སྤུའི་ཚོགས་གཉིས་གསུམ་སོགས་འབྲེལ་བ་མེད་པར་རེ་རེ་ནས་སྐྱེས་ཤིང་གཡས་ཕྱོགས་སུ་འཁྱིལ་བས་སྤུ་རེ་རེ་ནས་སྐྱེས་ཤིང་གཡས་ཕྱོགས་སུ་འཁྱིལ་བ་༡༦དང་། སྟོན་ཀའི་ཟླ་བ་ལྟར་ཤིན་ཏུ་དཀར་ཞིང་འོད་འཕྲོ་བ་འཇམ་མཉེན་གྱི་མཛོད་སྤུ་དྲངས་ན་ཁྲུ་གསུམ་ལ་སོགས་པ་འབྱུང་ཞིང་། གཏང་ན་གཡས་ཕྱོགས་འཁྱིལ་པས་སྨིན་མཚམས་སུ་ཕྲ་བཏབ་པ་ལྟར་གནས་པས་མཛོད་སྤུ་༡༧དང་། སྐུ་སྟོད་སེང་གེ་ལྟར་གྱེན་དུ་འཕེལ་ཁ་ཆེ་ཞིང་རྒྱས་པ་དང་ལྡན་པས་རོ་སྟོད་སེང་གེ་དང་འདྲ་བ་༡༨དང་། དཔུང་པ་ནི་ཕྲག་པ་དང་། དེའི་མགོ་ནི་མགྲིན་པ་སྟེ། དེ་ཉིད་གསེར་གྱི་བུམ་པའི་མགྲིན་པ་བཞིན་རྩ་བའི་དྲྭ་བ་མི་མངོན་ལ་ལེགས་པར་ཟླུམ་ཞིང་རྒྱས་པས་དཔུང་མགོ་ཟླུམ་པ་དང་། འདི་མངོན་རྟོགས་རྒྱན་གྱི་རྗེས་སུ་འབྲང་བ་སྟེ། གཞན་དུ་རྒྱུད་བླ་མ་སོགས་སུ་མགྲིན་པ་དུང་གི་དབྱིབས་འདྲ་བ་དང་། དཔུང་མགོ་ཟླུམ་པའི་མཚན་བཟང་སོ་སོར་གསུངས་པ་ལྟར་ན་ལག་པའི་མགོ་དངོས་ཀྱི་དཔུང་པར་འཇོག་གོ །ཐལ་གོང་ནི་དཔུང་མགོ་ཕན་ཚུན་གྱི་བར་དང་། བྲང་ལའང་སྐབས་འགར་བཤད་པས། དེ་དག་ཤིན་ཏུ་ཡངས་ཤིང་མི་མཉམ་པའི་ཤ་ཚུགས་རྒྱས་པས་ན་ཐལ་གོང་རྒྱས་པ་༢༠དང་། རོ་མི་ཞིམ་པའི་ཁ་ཟས་ཅི་ཡིན་ནའང་ཞལ་ཟས་རོ་བརྒྱ་པ་ལྟ་བུའི་རོ་བྲོ་བ་མཆོག་མྱོང་བའི་ལྗགས་དང་ལྡན་པས་ན་རོ་བྲོ་བ་མཆོག་དང་། །ཕྱག་འདོམ་གྱི་རྩེ་མོ་ཕན་ཚུན་བར་ལ་ཇི་ཙམ་ཡོད་པའི་ཚད་དེ་བཞིན་སྤྱི་གཙུག་ནས་ཞབས་ཀྱི་བར་གྱི་ཚད་གཉིས་མཉམ་པས་ཤིང་ནྱ་གྲོ་དྷ་སྟེ་འགྲོ་འགོག་གི་ལྗོན་པ་ལྟར་རྒྱས་པའི་ཆུ་ཞེང་ཞེས་ཕན་ཚུན་གྱི་བར་གབ་སྟེ་ཆ་ཤས་ཀྱིས་དམན་པར་གནས་པས་སྐུ་ཆུ་ཞེང་གབ་པ་༢༢དང་། གཙུག་ཏོར་གྱི་རྩེ་མོ་སྟེང་ཕྱོགས་སུ་མཐའ་དང་མུ་མེད་པར་འཕགས་པས་དེའི་མཐའ་མི་རྙེད་པའི་ཕྱིར་གཙུག་ཏོར་རིང་བ་༢༣དང་། ལྗགས་བརྐྱངས་པས་སྙན་གྱི་བུ་ག་དང་སྐྲ་མཚམས་ཀྱི་བར་ཞལ་གྱི་དཀྱིལ་འཁོར་ཀུན་ཏུ་ཁེབས་པར་མཛད་ནུས་པས་ལྗགས་རིང་བ་༢༤དང་། ཚངས་པའི་དབྱངས་ནི་དུམ་བུ་དུམ་བུར་ཆད་པ་མ་ཡིན་པར་ཡུན་རིང་དུ་གྲགས་པ་བཞིན་གསུང་ཡུན་རིང་པོར་ལྷང་ལྷང་དུ་གྲགས་པས་ན་ཚངས་པའི་དབྱངས་༢༥དང་། འགྲམ་པ་མེ་ལོང་གི་དཀྱིལ་འཁོར་ལྟར་ཟླུམ་ཞིང་རྒྱས་པས་ན་འགྲམ་པ་སེང་གེའི་འདྲ་བ་༢༦དང་། ཁ་བ་དང་དུང་དང་ཀུནྡའི་མདོག་ལྟར་དཀར་ཞིང་འོད་ཟེར་འཕྲོ་བས་ཚེམས་དཀར་བ་༢༧དང་། ཚད་ལ་མཐོ་དམའ་མེད་པར་གཅིག་ཏུ་མཉམ་པས་ཚེམས་མཉམ་པ་༢༨དང་། སོ་སོའི་བར་མཚམས་སེང་སེང་པོར་མེད་པས་ཚེམས་ཐག་བཟང་བ་༢༩དང་། ཡས་མས་སུ་ཚེམས་ཉི་ཤུ་རེ་ཡོད་པས་གྲངས་བཞི་བཅུ་ཐམ་པ་ཚང་བ་༣༠དང་། སྤྱན་དབུས་ཀྱི་འབྲས་བུ་ནོར་བུ་རིན་ཆེན་མཐོན་ཀ་ལྟར་མཐིང་ལ་གནག་ཅིང་དབྱིབས་ཟླུམ་པོར་གནས་པས་སྤྱན་མཐོན་མཐིང་༣༡དང་། རྫི་མའི་སྤུ་རྣམས་ལེགས་པར་གཞོལ་ཞིང་མ་འདྲེས་པར་ཐད་ཀར་གནས་པས་བསྒྲིགས་ལེགས་པ་སྟེ་དཔེར་ན་ཁྱུ་མཆོག་གི་རྫི་མ་ལྟར་ཡིད་དུ་འོང་བས་ན་ཁྱུ་མཆོག་གི་རྫི་མ་ལྟ་༣༢བུ་སྟེ་སུམ་ཅུ་རྩ་གཉིས་སོ། །གཉིས་པ་ལ་གཉིས། དངོས་དང་། དེ་དག་གི་ངོ་བོའོ། །དང་པོ་ནི། རྒྱན་ལས། ཐུབ་པའི་སེན་མོ་ཟངས་མདོག་༡དང་། །མདོག་༢སྣུམ་མཐོ་དང་༣སེན་མོ་རྣམས། །ཟླུམ་༤རྒྱས་༥བྱིན་༦གྱིས་ཕྲ་བ་དང་། །རྩ་མི་མངོན་༧དང་མདུད་༨པ་མེད། །ལོང་བུ་༩མི་མངོན་ཞབས་མཉམ་༡༠དང་། །སེང་༡༡གེ་གླང་༡༢ཆེན་བྱ་དང་༡༣ནི། །ཁྱུ་༡༤མཆོག་སྟབས་གཤེགས་གཡས་༡༥ཕྱོགས་དང་། མཛེས་༡༦གཤེགས་དྲང་༡༧དང་འཁྲིལ་༡༨བག་ཆགས། །བྱི་དོར་བྱས་༡༩འདྲ་རིམ་པར་༢༠འཚམས། །གཙང་༢༡དང་འཇམ་༢༢དང་དག་༢༣པའི་སྐུ། །མཚན་ནི་ཡོངས་སུ་༢༤རྫོགས་པ་དང་། །སྐུ་ཡི་ཁོ་ལག་ཡངས་༢༥ཤིང་བཟང་། །གོམ་༢༦སྙོམས་སྤྱན་གཉིས་དག་༢༧པ་དང་། །ཤིན་ཏུ་གཞོན་ཤ་༢༨ཅན་ཉིད་དང་། །སྐུ་ཞུམ་༢༩མེད་དང་རྒྱས་པ་༣༠དང་། །ཤིན་ཏུ་གྲིམས་པའི་སྐུ་ཉིད་༣༡དང་། །ཡན་ལག་ཤིན་༣༢ཏུ་རྣམ་འབྱེས་དང་། །གཟིགས་པ་སྒྲིབ་མེད་དག་༣༣པ་དང་། །དཀུ་ཟླུམ་༣༤སྐབས་༣༥ཕྱིན་༣༦མ་རྙོང་དང་། །ཕྱང་ངེ་བ་དང་༣༧ལྟེ་བ་༣༨ནི། །ཟབ་དང་གཡས་ཕྱོགས་༣༩འཁྱིལ་བ་དང་། །ཀུན་ནས་ལྟ་ན་སྡུག་པ་༤༠དང་། །ཀུན་སྤྱོད་གཙང་དང་སྐུ་༤༡ལ་ནི། །སྨེ་བ་གནག་༤༢བག་མེད་པ་དང་། །ཕྱག་ནི་ཤིང་བལ་ལྟར་༤༣འཇམ་དང་། །ཕྱག་རིས་༤༤མདངས་ཡོད་ཟབ་༤༥རིང་༤༦དང་། །ཞལ་ནི་ཧ་ཅང་༤༧མི་རིང་དང་། །མཆུ་ནི་བིམྦ་ལྟར་དམར་༤༨དང་། །ལྗགས་༤༩མཉེན་པ་དང་སྲབ་པ་༥༠དང་། །དམར་༥༡དང་འབྲུག་༥༢གི་སྒྲ་ཉིད་དང་། །གསུང་༥༣མཉེན་འཇམ་༥༤དང་མཆེ་བ་ཟླུམ། །རྣོ་༥༥དང་དཀར་༥༦དང་༥༧མཉམ་པ་དང་། །བྱིན་༥༨གྱིས་ཕྲ་དང་༥༩ཤངས་མཐོ་དང་། །མཆོག་ཏུ་དག་༦༠པ་དག་དང་ནི། །སྤྱན་༦༡ཡངས་པ་དང་རྫི་མ་སྟུག༦༢།པདྨའི་འདབ་མ་༦༣འདྲ་བ་དང་། །སྨིན་ཚུགས་༦༤རིང་དང་འཇམ་༦༥པ་དང་། །སྣུམ་༦༦དང་སྤུ་ནི་མཉམ་༦༧པ་དང་། །ཕྱག་༦༨རིང་རྒྱས་དང་སྙན་མཉམ་༦༩དང་། །ཉམས་༧༠པ་རྣམ་པར་སྤངས་པ་དང་། །དཔྲལ་༧༡བ་ལེགས་པར་འབྱེས་པ་དང་། །དབྱེས་ཆེ་བ་༧༢དང་དབུ་རྒྱས་༧༣དང་། །དབུ་སྐྲ་བུང་བ་ལྟར་༧༤གནག་དང་། །སྟུག་༧༥དང་འཇམ་༧༦དང་མ་༧༧འཛིངས་དང་། །མི་༧༨གཤོར་དྲི་ཞིམ་སྐྱེས་བུ་ཡི། །ཡིད་ནི་འཕྲོག་པར་༧༩བྱེད་པ་དང་། །དཔལ་༨༠གྱི་བེའུ་དང་བཀྲ་༨༡ཤིས་ནི། །གཡུང་དྲུང་འཁྱིལ་པས་༨༢བརྒྱན་པ་སྟེ། །སངས་རྒྱས་དཔེ་བྱད་བཟང་པོར་བཞེང་། །ཅེས་གསུངས་པ་ལྟར། འདི་དག་ལས་སེན་མོ་མཐོ་བ་ནི་མ་ཞོམ་པ་དང་། ལོང་བུའི་ཚིགས་སྦོམ་པར་མི་མངོན་པ་དང་། ཞབས་གཉིས་རིང་ཐུང་ཕྲ་སྦོམ་མཉམ་པ་དང་། མི་ལ་སོགས་པ་ས་སྟེང་གི་འགྲོ་བ་ཟིལ་གྱིས་གནོན་པས་སེང་གེའི་སྟབས་དང་། ཀླུ་ལ་སོགས་པ་ས་འོག་གི་འགྲོ་བ་ཟིལ་གྱིས་གནོན་པས་གླང་པོ་ཆེའི་སྟབས་དང་། མཁའ་ལ་རྒྱུ་བའི་སེམས་ཅན་དང་སྟེང་གི་འགྲོ་བ་རྣམས་ཟིལ་གྱིས་གནོན་པས་བྱ་ངང་པའམ་མཁའ་ལྡིང་གི་སྟབས་དང་། འཁོར་རྣམས་ཀྱི་སྣ་འདྲེན་པས་ཁྱུ་མཆོག་གི་སྟབས་སུ་གཤེགས་པ་དང་། མཚན་ཐམས་ཅད་དོད་ཅིང་གསལ་བས་ཡོངས་སུ་རྫོགས་པ་དང་། ཕྱམ་གྱི་དབྱིབས་ཡངས་ཤིང་མཛེས་པས་ཕྱང་ངེ་བ་དང་། ལྟེ་བའི་ཁུང་ཟབ་ཅིང་རི་མོ་གཡས་སུ་འཁྱིལ་བ་དང་། ཞལ་གྱི་སྒོ་ཧ་ཅང་ཆེས་བའི་སྐྱོན་དང་གསུང་ཐག་ཧ་ཅང་རིང་པ་མེད་པ་དང་། སྨིན་མ་གཉིས་འབྲེལ་པས་ཚུགས་རིང་བ་དང་། དཔྲལ་བ་ལེགས་པར་རྒྱས་ཤིང་འབུར་དུ་མ་དོད་པས་དབྱེས་པ་དང་། སྐྲ་མཚམས་མཉམ་པར་ཕྱེད་པ་དང་། ཕྱག་ཞབས་ལ་དཔལ་གྱི་བེའུ་དང་། འཁོར་ལོའི་མུ་ཁྱུད་ལ་བཀྲ་ཤིས་པའི་རི་མོ་བར་མ་ཆད་བདུན་རིམ་དང་། གཡུང་དྲུང་འཁྱིལ་བའི་དབྱིབས་ཅན་རི་མོ་གྲུ་བཞིས་བསྐོར་བ་སྟེ། གཞན་རྣམས་ནི་གོ་སླའོ། །གཉིས་པ་གོང་སྨོས་མཚན་དཔེ་འདི་རྣམས་ཀྱི་ངོ་བོ་ཉིད་ནི་གང་གི་དངོས་པོ་ཡིན་སྙམ་ན། དེ་ལ་འདོད་ཚུལ་ཐ་དད་པ་ལས་ཉན་ཐོས་སྡེ་པ་དག་གི་ལྟར་ན། རྡུལ་ཕྲ་རབ་ཀྱི་ཆོས་ཅན་ཕྱི་དོན་གྱི་བེམས་པོའི་ངོ་བོ་ཉིད་དེ་གཟུགས་ཀྱི་སྐྱེ་མཆེད་དུ་འདོད། ཐེག་ཆེན་རྣམ་རིག་པ་ལྟར་ན། ངོ་བོ་ནི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པ་དང་། བྱེད་ལས་གདུལ་བྱ་ལ་སྣང་བ་སྐྱེད་པར་གསུངས་པས་གཞན་སྣང་གི་གདུལ་བྱའི་རྣམ་པར་རིག་པ་ཙམ་ཡིན་ལ། འོན་ཀྱང་འདིར་ཐ་སྙད་དུ་སྐྱེ་མཆེད་པའི་གཟུགས་ཅན་ལྟ་བུའི་རྣམ་གཞག་ནི་དགོས་སོ། །དེ་བཞིན་རྣལ་འབྱོར་སྤྱོད་པ་དང་མཐུན་པའི་དབུ་མ་པའང་། ཡང་དག་པའི་ཀུན་རྫོབ་ཏུ་སྣང་བ་ཇི་ལྟར་མོས་པས་རབ་ཏུ་ཕྱེ་བ་སྟེ། འདི་དག་རང་སེམས་སྣང་བ་ཞེས། །སོ་སོ་སྐྱེ་བོས་མི་ཤེས་མོད། །དེ་ལྟར་ན་ཡང་གཟུགས་མཐོང་དེ། །དེ་དག་ལ་ནི་དོན་ཡོད་འགྱུར། །ཞེས་སོགས་བཤད་པ་ལྟར། དེ་བཞིན་གཤེགས་པ་ནི་ཆོས་ཉིད་ངོ་བོ་ཉིད་མཉམ་ཡངས་ཆེན་པོའི་དབྱིངས་སུ་གཉིས་སྣང་སྤྲོས་པའི་འདུ་བྱེད་མ་ལུས་པ་ནུབ་སྟེ་སྤྲོས་པ་མཐའ་དག་དང་བྲལ་བའི་མཁའ་ཁྱབ་མཁའི་རྡོ་རྗེར་བྱང་ཆུབ་པས་སྐུ་དང་ཡེ་ཤེས་ཕྲིན་ལས་རབ་འབྱམས་ཀྱི་སྣང་ཚུལ་འདི་དག་སློབ་པ་ལམ་གྱི་སྐབས་སུ་བསོད་ནམས་ཀྱི་ཚོགས་མཐའ་ཡས་པས་བརྒྱན་པའི་ཡེ་ཤེས་དང་། གཞན་དོན་དུ་མཐའ་དང་གཏིང་དཔོག་པར་མི་བཟོད་པའི་སྨོན་ལམ་རྒྱ་མཚོའི་ཕ་མཐར་ཕྱིན་པའི་མཐུ་དང་། ཇི་སྐད་དུ། ཇི་ལྟར་བཻཌཱུའི་ས་གཞི་གཙང་མ་ལ། །ལྷ་དབང་ལུས་ཀྱི་གཟུགས་བརྙན་སྣང་བ་ལྟར། །དེ་བཞིན་འགྲོ་སེམས་ས་གཞི་དག་པ་ལ། །ཐུབ་པའི་དབང་པོའི་སྐུ་ཡི་སྣང་བརྙན་འཆར། །ཞེས་གསུངས་པ་ལྟར་ཉེ་བའི་གདུལ་བྱ་ལས་དག་པ་རྣམས་ཀྱི་ཡང་དག་ཀུན་རྫོབ་ཀྱི་སྣང་ངོར་འབད་རྩོལ་མི་མངའ་བཞིན་ལྷུན་གྱིས་གྲུབ་པའི་ཚུལ་དུ་ཆུ་ཟླ་ལྟར་སྣང་བའོ། །བཞི་པ་ནི། དེ་ལྟ་བུ་ལ་མཚན་དང་དཔེ་བྱད་ཅེས་པའི་སྒྲས་བརྗོད་པ་ལ་དགོས་པ་ཡོད་དེ། རང་གང་ལ་ལྡན་པའི་གང་ཟག་དེ་སྐྱེས་བུ་ཆེན་པོ་མཚོན་པར་བྱེད་པའི་མཚན་ཉིད་ལྟ་བུ་ཡིན་པས་ན་མཚན་དང་། ནང་དུ་འདུ་བྱེད་ཐམས་ཅད་ལ་ཆགས་པ་དང་བྲལ་བའི་ཡོན་ཏན་དེ་ཉིད་གཞན་ལ་གོ་བར་བྱེད་པའི་དཔེར་ཕྱི་རོལ་དུ་སེན་མོ་ཟངས་ཀྱི་མདོག་ལྟར་སྣང་བས་མཚོན་ནང་གི་ཡོན་ཏན་གཞན་ལ་གོ་བར་བྱེད་པའམ། ཕ་རོལ་ལ་སྐུའི་མཛེས་པ་བསྐྱེད་པའམ་སྟོན་བྱེད་ཡིན་པས་ན་དཔེ་བྱད་ཅེས་བརྗོད་པའི་ཕྱིར་རོ། །ལྔ་པ་ནི། འཁོར་ལོས་སྒྱུར་བ་དང་བྱང་ཆུབ་སེམས་དཔའ་སོགས་ལའང་མཚན་དཔེ་ཡོད་མོད་ཀྱི། དེ་དག་ནི་འོལ་སྤྱི་ཙམ་སྟེ། སངས་རྒྱས་ཀྱི་མཚན་དཔེ་ནི་མི་མཐུན་པའི་ཕྱོགས་ཀྱི་དྲི་མ་མེད་པས་དག་པ་དང་། ཡིད་དུ་འོང་བས་མཛེས་པ་དང་། སྒྲིབ་བྱེད་མེད་ཅིང་ཆ་ཐམས་ཅད་ཀྱི་ཐམས་ཅད་ཡོངས་སུ་རྫོགས་པས་གཞན་གྱིས་འགྲན་པར་མི་ནུས་ཏེ། དེའི་རྒྱུ་མཚན་ཡང་། འཁོར་ལོས་སྒྱུར་རྒྱལ་གྱི་མཚན་དཔེ་ནི་སངས་རྒྱས་ལ་སེམས་དྭངས་པ་གཅིག་ཙམ་ལས་ཀྱང་འབྱུང་ཞིང་། སངས་རྒྱས་ཀྱི་མཚན་དཔེ་ལྟ་ཞོག །བ་སྤུའི་ཁུང་བུ་གཅིག་ཀྱང་འཁོར་བསྒྱུར་གྱི་མཚན་དཔེ་འགྲུབ་བྱེད་ཀྱི་བསོད་ནམས་བསྐལ་པ་བྱེ་བ་བརྒྱ་ཕྲག་ཏུ་གོམས་པས་ཀྱང་བསྐྱེད་ནུས་པ་མ་ཡིན་པའི་ཕྱིར་རོ། །དེ་སྐད་དུའང་། རིན་ཆེན་ཕྲེང་བ་ལས། འཁོར་ལོས་སྒྱུར་བ་ཐམས་ཅད་ལ། །འདི་དག་ཡོད་པར་འདོད་མོད་ཀྱི། །དག་དང་མཛེས་དང་གསལ་བ་ནི། །སངས་རྒྱས་རྣམས་ཀྱི་ཆར་མི་ཕོད། །ཅེས་གསུངས་པ་ལྟ་བུའོ། །གཉིས་པ་གསུང་གི་ཡོན་ཏན་ནི་ཡན་ལག་དྲུག་ཅུ་རྩ་བཞི་སྟེ། འདི་འཆད་པ་ལ་བཞི། གང་གིས་འགྲུབ་པའི་རྒྱུ། གང་འགྲུབ་པའི་ངོ་བོ། དེ་ལྟར་བརྗོད་པའི་རྒྱུ་མཚན། གཞན་ཡང་བསམ་གྱིས་མི་ཁྱབ་པར་བསྟན་པའོ། །དང་པོ་ནི། སྔར་སྨོས་པའི་གཙུག་ཏོར་བལྟར་མི་མངོན་པ་འགྲུབ་བྱེད་ཀྱི་བསོད་ནམས་བྱེ་བ་འབུམ་ཕྲག་བརྒྱ་འགྱུར་དུ་བསྒྲེས་པའི་བསོད་ནམས་གྲངས་མེད་པ་བཅུས་ཡན་ལག་དྲུག་ཅུ་དང་ལྡན་པའི་གསུང་དབྱངས་འགྲུབ་པར་གསུངས་སོ། །གཉིས་པ་ནི། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། ཞི་བའི་བློ་གྲོས། དེ་བཞིན་གཤེགས་པའི་གསུང་ནི་རྣམ་པ་དྲུག་ཅུ་རྩ་བཞི་དང་ལྡན་པར་འབྱུང་སྟེ། རྣམ་པ་དྲུག་ཅུ་རྩ་བཞི་གང་ཞེ་ན། འདི་ལྟ་སྟེ། མཉེན་པའི་གསུང་འབྱུང་བ་དང་། ཞེས་སོགས་གྲངས་དྲུག་ཅུ་རྩ་བཞིར་གསུངས་པ་ལྟར་ཅུང་ཟད་འཆད་ན། དཔེར་ན། སྣུམ་པའི་མཉེན་པ་དང་ཆུ་ཡི་རྒྱུན་གཙང་མ་རང་ཉིད་འགྲོ་བའི་ལམ་གང་ཡིན་པ་དེར་ཞུགས་པས་རྩི་ཤིང་ནགས་ཚལ་མ་སྐྱེས་པ་རྣམས་བསྐྱེད་པ་དང་། སྐྱེས་པ་རྣམས་འཕེལ་བར་བྱེད་པ་བཞིན། དེ་བཞིན་གཤེགས་པའི་གསུང་ཡང་གདུལ་བྱ་ཐམས་ཅད་ཀྱི་རྒྱུད་ལ་ཁམས་དང་འཚམས་པར་ཞུགས་པས་དགེ་བའི་རྩ་བ་མ་བསྐྱེད་པ་སྐྱེད་པ་དང་། བསྐྱེད་པ་རྣམས་འཕེལ་ཞིང་རྒྱས་པར་བྱེད་པས་ན། གསུང་མངོན་རྟོགས་རྒྱན་ལས་དཔེ་བྱད་ཀྱི་གྲས་སུ་འབྱུང་། ལས་སུ་རུང་བའི་ཕྱིར་གསུང་མཉེན་༡པའམ་སྣུམ་པ་དང་། ལྷ་རྫས་ཀྱི་གོས་ལ་སོགས་པའི་རེག་བྱ་འཇམ་པོས་ལུས་ལ་རེག་པ་ན་བདེ་བར་བྱེད་པ་བཞིན་གང་གིས་ཐོས་པའི་མོད་ནས་ཡིད་བདེ་བས་ཚིམས་པའི་ཕྱིར་འཇམ་༢པ་དང་། བདེན་བཞི་དང་། རྟེན་འབྲེལ་དང་། བྱང་ཆུབ་ཕྱོགས་ཀྱི་ཆོས་སོགས་དོན་བཟང་པོ་རིགས་ཅན་སོ་སོའི་ཡིད་ལ་འབབ་པར་སྟོན་པས་ན་ཡིད་དུ་འོང་བ་༣དང་། ཟུར་ཆག་ལ་སོགས་པའི་ཚིག་ཅལ་ཅོལ་མ་ཡིན་པར་ལྷ་དང་། འཕགས་པའི་སྐད་དང་ཡི་གེར་གསུངས་པའི་ཚིག་བཟང་བས་ན་ཡིད་དུ་འཐད་པ་༤དང་། སྒྲིབ་གཉིས་བག་ཆགས་བཅས་པ་སྤངས་པའི་ཇི་ལྟ་བ་མཁྱེན་པའི་མི་རྟོག་ཡེ་ཤེས་ཀྱི་རྗེས་ཐོབ་དག་པ་ཇི་སྙེད་པ་གཟིགས་པའི་ཡེ་ཤེས་ཀྱི་བདག་པོའི་རྐྱེན་ལས་བྱུང་བས་ན་རྣམ་པར་༥དག་པ་དང་། རྩ་བ་དང་ཉེ་བའི་ཉོན་མོངས་པ་བག་ཆགས་དང་བཅས་པ་སྤངས་ནས་གསུངས་པས་ན་དྲི་མ་མེད་པ་༦དང་། འཇིག་རྟེན་ན་མ་གྲགས་པའི་ཚིག་དང་ཡི་གེ་སྤངས་ཏེ། གྲགས་པའི་ཚིག་དང་ཡི་གེས་གསུངས་པས་ན་འོད་གསལ་བའམ་རབ་ཏུ་གསལ་བ་༧དང་། བདག་ཏུ་ལྟ་བ་སོགས་མུ་སྟེགས་ཅན་གྱི་ལྟ་ངན་རྣམས་འཇོམས་པར་བྱེད་པའི་ཕྱིར་སྙན་ཅིང་འཇེབས་པ་དང་། ཇི་ལྟར་གསུངས་པ་བཞིན་བསྒྲུབས་པས་འཁོར་བ་ལས་ངེས་པར་འབྱུང་པའི་དོན་གྱིས་ལྕི་བའི་ཕྱིར་མཉན་པར་འོས་པ་༩དང་། མུ་སྟེགས་སོགས་ཕས་རྒོལ་གྱི་ཟིལ་གྱིས་མི་ནོན་པ་དང་། སུན་འབྱིན་པར་མི་ནུས་པས་མི་ཚུགས་པ་༡༠དང་། གསུང་ཐོས་པ་རྣམས་ཀྱི་ཡིད་ལ་དགའ་བ་མི་ཟད་པ་འཆར་བས་སྙན་པ་༡༡དང་། དུག་གསུམ་གྱི་སྤྱོད་པ་རྣམས་ཀྱི་གཉེན་པོ་བསྟན་པའི་སྒོ་ནས་ཉོན་མོངས་པ་འདུལ་བས་ན་འདུལ་བའམ་དུལ་བ་༡༢དང་། མུ་སྟེགས་བྱེད་ཀྱི་དཀའ་ཐུབ་དང་བརྟུལ་ཞུགས་ཀྱི་བཅས་པ་ནི་འདི་ཕྱི་གཉིས་ཀར་གནོད་པས་རྩུབ་པ་ཡིན་ལ། སངས་རྒྱས་ཀྱིས་མཐའ་གཉིས་སྤངས་པའི་བསླབ་པ་བཅས་པས་འཕྲལ་དང་ཡུན་དུ་ཕན་བདེ་བསྐྱེད་པའི་ཐབས་སྟོན་པས་མི་རྩུབ་པ་༡༣དང་། གལ་ཏེ་བསླབ་ལས་འདས་ན་ལྟུང་བ་དེ་ལས་ལྡང་བའི་ཐབས་དང་སྒོ་གཞན་ནས་ཐར་པའི་ཐབས་མེད་པ་མ་ཡིན་པ་བཤགས་སྡོམ་སོགས་ཀྱི་སྒོ་ནས་ཕྱིར་བཅོས་པའི་ཐབས་དང་། དགེ་བའི་རྩ་བ་ལ་རྗེས་སུ་ཡི་རང་བ་སོགས་ཐར་པ་ཐོབ་པའི་ཐབས་གཞན་སྟོན་པས་ན་མི་བརླང་བ་༡༤དང་། རིགས་ཅན་གསུམ་གྱི་གདུལ་བྱ་ལ་རང་རང་གི་ངོ་སྐལ་དང་འཚམས་པའི་ཐེག་གསུམ་གྱི་ལམ་དུ་བཀྲི་བས་ན་རབ་ཏུ་དུལ་བའམ་རབ་ཏུ་འདུལ་བ་༡༥དང་། ཤིན་ཏུ་འཇམ་ཞིང་སྙན་པས་ཉན་པ་པོ་རྣམས་ཡིད་རྩེ་གཅིག་ཏུ་རྣ་བ་གཏད་དེ་ཉན་པར་བྱེད་པས་ན་རྣ་བར་སྙན་པ་༡༦དང་། སངས་རྒྱས་ཀྱི་གསུང་ཐོས་པ་ལས་སེམས་མཉམ་པར་འཇོག་པ་དང་། དེ་ལས་ཞི་གནས་དང་། དེ་ནས་ལུས་ལ་ཤིན་སྦྱང་གི་བདེ་བ་འབྱུང་བས་སིམ་པ་ཁྱད་པར་མྱོང་བའི་ཕྱིར་ལུས་ཚིམ་༡༧པར་བྱེད་པ་དང་། གསུང་དེས་བསྟན་པའི་ཆོས་རྣམས་རང་སྤྱིའི་མཚན་ཉིད་ལ་མཁས་པའི་ཤེས་རབ་བསྒོམས་པས་ལྷག་མཐོང་བསྐྱེད་ཅིང་། དེས་མི་ཤེས་པའི་མུན་པ་དང་བྲལ་ནས་ལྷག་པར་མཁས་པའི་དགའ་བ་བསྐྱེད་པས་ན་སེམས་ཚིམ་པར་༡༨བྱེད་པ་དང་། བློ་རྩེ་གཉིས་ཀྱི་ཐེ་ཚོམ་ལས་བྱུང་བའི་ཡིད་ཀྱི་བདེ་བ་གང་ཞིག །སངས་རྒྱས་ཀྱི་གསུང་དེས་ཐེ་ཚོམ་ཐམས་ཅད་བཅད་ནས་དོགས་པའི་གནས་དང་བྲལ་བའི་ཡིད་བདེ་བ་ལ་མཆོད་པས་ན་སྙིང་ཚིམ་པར་བྱེད་༡༩པ་དང་། ཆོས་ཀུན་གྱི་རང་སྤྱིའི་མཚན་ཉིད་ལེགས་པར་བསྟན་པའི་མཐུས་མ་རིག་པ་བསལ་ནས་ཤེས་རབ་ཀྱི་སྤོབས་པ་སྐྱེད་པར་བྱེད་པས་ན་དགའ་བ་༢༠བསྐྱེད་པ་དང་། བདེན་པ་གཉིས་ཀྱི་གནས་ལུགས་ཚུལ་བཞིན་བསྟན་པས་རྟག་ཆད་ཀྱི་ལྟ་བ་ངན་པ་བསལ་ནས་ཡང་དག་པའི་ཤེས་རབ་ཁྱད་པར་ཅན་ལ་འགོད་པས་ན་བདེ་བ་བསྐྱེད་༢༡པ་དང་། ཇི་ལྟར་གསུངས་པའི་དོན་ཐོས་ནས་བསམ་ཞིང་བསྒོམས་པས་འབྲས་བུ་ཐོབ་ནས་གནས་ལུགས་མངོན་སུམ་དུ་རྟོགས་པར་འགྱུར་པའི་ཕྱིར་བདག་གིས་སངས་རྒྱས་ཀྱི་གསུང་ཉན་པ་ལ་དོན་མ་བྱུང་ངོ་སྙམ་པའི་འགྱོད་པས་ནམ་ཡང་གདུང་བར་མི་འགྱུར་བས་ན་གདུང་བ་མེད་༢༢པ་དང་། གསུང་ཉན་ཅིང་ཐོས་པ་ལ་བརྟེན་ནས་ཐོས་བྱུང་གི་ཤེས་རབ་ཕུན་སུམ་ཚོགས་པ་སྐྱེ་བ་དང་གནས་པར་འགྱུར་བས་ན་ཀུན་ཏུ་ཤེས་པར་༢༣བྱ་བ་དང་། ཇི་ལྟར་ཐོས་པའི་དོན་དེ་ལ་རིགས་པ་བཞིའི་སྒོ་ནས་བསམས་ན་སྒྲོ་འདོགས་ལེགས་པར་ཆོད་ནས་དོན་ལ་ངེས་ཤེས་ལྷག་པར་རྙེད་པའི་བསམ་བྱུང་གི་ཤེས་རབ་ཕུན་སུམ་ཚོགས་པ་སྐྱེ་པའི་རྒྱུ་དང་གནས་སུ་གྱུར་པས་ན་རྣམ་པར་རིག་པའམ་ཤེས་པར་༢༤བྱ་བ་དང་། ཆོས་ཁ་ཅིག་ལ་འཆད་ནས་ཁ་ཅིག་ལ་མི་འཆད་པའམ། ཚིག་འཆད་ལ་དོན་མི་འཆད་པ་ལྟ་བུའི་འཆབ་པའམ་སྦེད་པའི་སྒོ་ནས་སློབ་དཔོན་གྱི་དཔེ་མཁྱུད་མེད་པར་རྣམ་གསལ་ལྷུག་པར་སྟོན་པས་རྣམ་༢༥པར་གསལ་བ་དང་། གསུང་ལ་བརྟེན་ནས་ཉན་རང་རྣམས་མྱང་འདས་དང་། བྱང་ཆུབ་སེམས་དཔའ་དག་སངས་རྒྱས་ཀྱི་སར་བཀོད་པས་རང་དོན་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་འགྲུབ་པ་ན་རང་གི་འདོད་དོན་གྱི་འབྲས་བུ་གྲུབ་པར་མཐོང་ནས་དགའ་བ་སྐྱེད་པར་བྱེད་པས་ན་དགའ་བར་༢༦བྱེད་པ་དང་། ལམ་མ་ཞུགས་པ་ནས་མོས་སྤྱོད་ལ་གཅུས་པའི་བར་གྱི་སོ་སྐྱེ་རྣམས་ཀྱང་བདག་དོན་གྱི་འབྲས་བུ་ཐོབ་ཕྱིར་འཇུག་འདོད་སྐྱེ་བར་བྱེད་པས་ན་མངོན་པར་དགའ་བའམ་མངོན་པར་འདོད་པར་བྱེད་པ་༢༧དང་། གནས་ལུགས་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་སོ་སོའི་རང་གིས་རིག་པར་བྱ་བ་བསམ་གྱིས་མི་ཁྱབ་པའི་དོན་ཡང་དག་པར་སྟོན་པའམ། ཡང་ན་ལས་དང་། རྣལ་འབྱོར་པའི་ཏིང་ངེ་འཛིན་དང་། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྤྱོད་ཡུལ་དང་། སྨན་དང་སྔགས་ཀྱི་མཐུ་བསམ་གྱིས་མི་ཁྱབ་པ་སྟེ་བསམ་དུ་མེད་པ་བཞི་སྟོན་པར་བྱེད་པས་ན་ཀུན་ཤེས་པར་བྱེད་པ་༢༨དང་། ཕུང་ཁམས་སྐྱེ་མཆེད་དང་ས་བཅུ་ལམ་ལྔ་ལོག་པར་བསམ་པར་བྱ་བའམ་བློའི་ཡུལ་གྱི་ཆོས་དེ་དག་ཕྱིན་ཅི་མ་ལོག་པར་སྟོན་པར་བྱེད་པས་ན་རྣམ་པར་རིག་པར་བྱེད་པ་དང་། ཇི་ལྟར་གསུངས་པ་དེ་ལ་མངོན་རྗེས་ཀྱི་ཚད་མ་གཉིས་དང་། རང་ཚིག་སྔ་ཕྱི་དངོས་ཤུགས་ཀྱིས་འགལ་བ་སོགས་ལུང་གི་གནོད་པ་མེད་པ་སྟེ་དཔྱད་པ་གསུམ་གྱིས་དག་པའི་ཕྱིར་འཐད་པའམ་རིགས་པ་༣༠དང་། ཉན་ཐོས་ཀྱི་རིགས་ཅན་ལ་ཐེག་ཆེན་གྱི་ཆོས་ལྟ་བུ་སྣོད་དང་ཆོས་མི་འཚམས་པར་མི་སྟོན་ཅིང་། སྣོད་གང་ལ་འོས་པའི་ཆོས་དེ་ཉིད་སྟོན་པའི་ཕྱིར་སྣོད་ཀྱི་བབས་དང་འབྲེལ་བའམ་མཐུན་པ་༣༡དང་། སྐབས་གཅིག་ཏུ་ཡང་དོན་གཅིག་ལ་ཚིག་ཤེར་ཕྱིན་ལྟ་བུ་རྣམ་གྲངས་མང་པོས་བསྟན་པ་ཟློས་པ་ལྟར་སྣང་ཡང་། དོན་དུ་ཆོས་ཉན་པ་རྣམས་ལ་བརྡ་དེ་དང་དེའི་སྒོ་ནས་བསྟན་ན་གོ་བར་འགྱུར་པའི་རིགས་ཅན་དུ་མ་ལ་ཕན་པར་འགྱུར་བ་སོགས་དགོས་པའི་དབང་གིས་གསུངས་པ་ཡིན་པས་ན་ཟློས་པའི་སྐྱོན་བྲལ་བ་༣༢དང་། སེང་གེའི་སྒྲས་རི་དྭགས་རྣམས་སྐྲག་པར་བྱེད་པ་བཞིན་བདག་མེད་པར་གསུངས་པའི་སྒྲ་ཡིས་སྨྲ་བ་ངན་པའི་མུ་སྟེགས་རྣམས་སྐྲག་པར་བྱེད་པས་ན་སེང་གེའི་སྒྲ་ལྟ་བུ་༣༣དང་། ལྷའི་གླང་པོ་ཆེའི་སྒྲ་ནི་སུབ་སུབ་པོ་སྟེ་དོགས་པ་དང་འཛེར་བ་མ་ཡིན་པར་ཡངས་པར་གྲགས་པ་བཞིན་དུ་སངས་རྒྱས་ཀྱི་གསུང་ཡང་དེ་དང་མཚུངས་པས་ན་གླང་པོ་ཆེའི་སྒྲ་ལྟ་བུ་༣༤དང་། འབྲུག་གི་སྒྲ་གཞན་ལས་ལྷག་པར་ཚོགས་ཆེ་བས་གཏིང་རིང་བའི་ཟབ་མོ་ཡིན་པ་བཞིན་སངས་རྒྱས་ཀྱི་གསུང་ཡང་ཤིན་ཏུ་དོན་ཆེ་བས་གཏིང་དཔག་པར་དཀའ་པའི་ཕྱིར་འབྲུག་གི་སྒྲ་ལྟ་བུ་༣༥དང་། ཀླུའི་གནས་ན་ཀླུའི་དབང་པོའི་ཚིག་འཇེབས་ཤིང་བཙུན་ལ་ཀླུ་ཀུན་གྱིས་ཉན་དུ་བཏུབ་པ་བཞིན་དེ་བཞིན་གཤེགས་པའི་གསུང་ཡང་འཇེབས་ཤིང་བཙུན་ལ་འགྲོ་བ་ཐམས་ཅད་ཀྱིས་ཉན་པར་བྱེད་པས་ན་ལག་འགྲོའི་དབང་པོ་སྟེ་ཀླུའི་རྒྱལ་པོའི་དབྱངས་ལྟ་བུ་༣༦དང་། འགྲོ་བ་ཕལ་པའི་སྐད་ཀྱི་ནང་ནས་དྲི་ཟ་སྟེ་ལྷའི་ཀླུ་མཁན་གྱི་དབྱངས་ལས་སྙན་པ་དང་འཇམ་པ་མེད་པ་བཞིན་དུ་སངས་རྒྱས་ཀྱི་གསུང་ཡང་སྙན་ཅིང་འཇམ་པས་དྲི་ཟའི་དབྱངས་ལྟ་བུ་༣༧དང་། རྒྱ་མཚོའི་གླིང་ན་གནས་པའི་བྱ་ཀ་ལ་པིངྐའི་སྐད་དེ་ཉིད་རྒྱུན་མི་གཅོད་བཞིན་དུ་སྒྲ་གཞན་དུ་འགྱུར་བ་ལྟར། སངས་རྒྱས་ཀྱི་གསུང་ཡང་རྒྱུན་མི་གཅོད་བཞིན་དུ་སྔ་མ་དང་ཕྱི་མ་མི་འདྲ་བའི་སྒྲ་སྙན་པ་གཞན་དང་གཞན་འབྱུང་བའམ། ཡང་ན་བྱ་ཀ་ལ་པིངྐའི་སྒྲ་དེ་ཉིད་ཤིན་ཏུ་སྙན་དྲགས་པས་རྒྱུན་བཅད་པའི་རྗེས་སུ་ཡང་ཉན་འདོད་སྐྱེ་བ་བཞིན། སངས་རྒྱས་ཀྱི་གསུང་ཡང་ཉན་པོའི་སྙིང་ལ་འབབ་དྲགས་པས་རྒྱུན་གཅོད་པའི་ཚུལ་བསྟན་པ་ན་སླར་ཡང་ཉན་འདོད་སྐྱེ་བས་ན་ཀ་ལ་པིངྐའི་དབྱངས་ལྟ་བུ་༣༨དང་། འཇིག་རྟེན་གྱི་མེས་པོ་ལྷ་ཚངས་པ་ཆེན་པོའི་དབྱངས་ནི་དུམ་བུ་དུམ་བུར་ཆད་པ་མ་ཡིན་པར་རྒྱུན་ཆགས་སུ་འབྱུང་བ་བཞིན་དེ་བཞིན་གཤེགས་པའི་གསུང་ཡང་ཡུན་རིང་དུ་ལྷང་ལྷང་གྲགས་པས་ན་ཚངས་པའི་དབྱངས་ལྟ་བུ་དང་། བཻཌཱུཪྻའི་མདོག་ཅན་འདབ་ཆགས་ཤང་ཤང་ཏེའུའི་སྒྲ་ནི་སེམས་ཅན་གང་གིས་དོན་གཉེར་དུ་འགྲོ་བའི་ཚེ་ཐོས་ན་དོན་ཐམས་ཅད་འགྲུབ་པར་འཇིག་རྟེན་ན་གྲགས་པས་བཀྲ་ཤིས་པ་ཡིན་པ་བཞིན། སངས་རྒྱས་ཀྱི་གསུང་ཡང་སྔར་ཐོས་པས་ཕྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་ལེགས་ཐམས་ཅད་འགྲུབ་པའི་ཕྱིར་བཀྲ་ཤིས་པའི་སྔ་ལྟས་ཡིན་པས་ན་ཤང་ཤང་ཏེའུའི་སྒྲ་དབྱངས་སུ་གྲགས་པ་ལྟ་བུ་༤༠དང་། འདིའི་དོན་ཉི་ཁྲི་ཉ་པར། དེ་ལ་སྒྲ་སྨྲོས་པ་ནི་དེ་དང་དེའི་སྒྲ་གོ་བར་བྱ་བའི་དོན་ཏོ། །དབྱངས་སྨོས་པ་ནི་དོན་རྟོགས་པའི་མཚན་ཉིད་ཀྱི་སྒྲ་ཡིན་པས་གོ་བར་བྱ་བའི་དོན་ཏོ། །གྲགས་པ་སྨོས་པ་ནི་སྒྲ་དེ་དང་དེའི་བརྡ་རྗེས་སུ་སྒྲོགས་པར་བྱེད་པའི་དོན་ཡིན་ནོ། །ཞེས་བཤད་དོ། །མཆན། ལྷ་ཡི་དབང་པོའི་ཚིག་ལྷ་གཞན་གྱིས་ཅུང་ཟད་ཀྱང་འདའ་ཞིང་བཀག་པར་མི་ནུས་པ་བཞིན་དེ་བཞིན་གཤེགས་པའི་གསུང་ལྷ་དང་བཅས་པའི་འཇིག་རྟེན་སུས་ཀྱང་འགལ་ཞིང་བཅག་པར་མི་ནུས་པས་ན་ལྷའི་དབང་པོའི་དབྱངས་ལྟར་༤༡སྙན་པ་དང་། འཇིག་རྟེན་ན་གཡུལ་འགྱེད་པ་ན་ཕས་རྒོལ་ཕམ་ནས་རང་ཕྱོགས་རྒྱལ་བར་གྱུར་པའི་ཚེ། དེའི་མཚན་མར་དང་པོར་རྔའི་སྒྲ་འབྱིན་པ་བཞིན་དུ་སངས་རྒྱས་ཀྱིས་ཀྱང་བདུད་དང་མུ་སྟེགས་སོགས་ལས་རྒྱལ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བའི་སྒྲ་ཕྱུང་བས་ན་རྔ་སྒྲ་ལྟ་བུ་༤༢དང་། དེ་བཞིན་གཤེགས་པས་ཆོས་གསུངས་པ་ན་གཞན་དག་གིས་ལེགས་པར་བཤད་དོ་ཞེས་སོགས་ཀྱིས་བསྟོད་དུ་ཟིན་ཀྱང་། དེ་ལ་བརྟེན་ནས་མཆོག་ཏུ་འཛིན་པའི་ཉོན་མོངས་ཅན་གྱི་སེམས་མེད་པས་ན་མ་ཁེངས་པ་༤༣དང་། དེ་བཞིན་དུ་གཞན་དག་གིས་ཉེས་པར་བཤད་པའོ། །ཞེས་བྱ་བ་ལ་སོགས་པས་སྨད་དུ་ཟིན་ཀྱང་འཕང་དམའ་བའམ་ཞུམ་པ་མེད་པས་ན་མི་དམའ་༤༤བ་དང་། མ་འོངས་པ་ན་སངས་རྒྱས་ཀྱི་བསྟན་པའམ། འཇིག་རྟེན་གྱི་བདེ་སྐྱིད་ལ་སོགས་པ་འདི་དང་འདི་ལྟ་བུ་འབྱུང་ངོ་ཞེས་ལུང་སྟོན་པ་སོགས་དུས་གསུམ་གྱི་དངོས་པོ་ཐམས་ཅད་བརྡ་སྤྲད་ནས་ལུང་སྟོན་པས་སམ། ལུང་སྟོན་པ་སྒྲའི་བསྟན་བཅོས་ཐམས་ཅད་ཀྱི་ཚུལ་དང་མཐུན་པར་ཞུགས་པས་ན་སྒྲ་ཀུན་གྱི་རྗེས་སུ་ཞུགས་པ་༤༥དང་། དེ་བཞིན་གཤེགས་པ་དུས་ནམ་ཡང་བསྙེལ་བ་མི་མངའ་བས་ཆོས་འདི་འདྲ་ཞིག་བརྗེད་པས་བཤད་དུ་མེད་དོ་ཞེས་པའམ། འདི་འདྲ་བ་བཤད་པར་བྱའོ་སྙམ་དུ་དགོངས་པ་ལ་བསྙེལ་ནས་མ་བཤད་པ་མེད་པས་ན་ཟུར་ཆག་པ་མེད་པར་ཚིག་ཟུར་ཕྱིན་པར་༤༦བཤད་པ་དང་། སེམས་ཅན་གང་ཞིག་དགེ་བའི་རྩ་བ་མ་སྐྱེས་པ་རྣམས་སྐྱེད། བསྐྱེད་པ་གོང་དུ་སྤེལ། འཕེལ་ཞིང་བརྟས་པ་རྣམ་གྲོལ་གྱི་སར་དབུགས་དབྱུང་བའི་གདུལ་བྱའི་དོན་ལ་སྐད་ཅིག་ཀྱང་མི་གཡེལ་བས་དེ་དག་ཐམས་ཅད་ཀྱི་དོན་དུས་ཐམས་ཅད་དུ་བྱེད་པས་ན་མ་ཚང་བ་མེད་༤༧པ་དང་། ཆོས་འཆད་པ་ན་མུ་སྟེགས་ལ་སོགས་པའི་རྒོལ་བ་གཞན་གྱིས་བརྒལ་ཞིང་བརྟག་པ་ལ་ནམ་ཡང་འཇིགས་པའི་སེམས་མི་སྐྱེ་བས་མ་ཞུམ་པ་༤༨དང་། ཆོས་བཤད་པའི་ཕྱིར་རྙེད་དང་བཀུར་སྟི་ལ་སོགས་པ་ལ་ཆགས་པ་མེད་པས་ན་མི་ཞེན་པ་དང་། ཆོས་ཇི་ཙམ་འཆད་ཀྱང་ཐུགས་སྐྱོ་བ་དང་སྐུ་ལ་མི་བདེ་བའི་ངལ་བ་མེད་པས་ན་རབ་ཏུ་དགའ་༤༩བ་དང་། རིག་པའི་གནས་ལྔ་ཐམས་ཅད་ལ་མཁས་པས་དེ་ལྔ་དང་ལེགས་པར་འབྲེལ་བའི་ཆོས་འཆད་པས་ན་ཁྱབ་པའམ་རྒྱས་པ་༥༠དང་། ཐ་བ་སྟེ་རེངས་པ་དང་བཅས་པའི་སེམས་ཅན་དགེ་བའི་རྩ་བ་མ་སྐྱེས་པ་རྣམས་ལ་དེ་གསར་དུ་བསྐྱེད་པ་དང་། ཐ་བ་མེད་པའི་སེམས་ཅན་དགེ་རྩ་སྐྱེས་པ་རྣམས་ཀྱི་དགེ་བ་འཕེལ་བར་བྱེད་པའམ་ཚགས་སུ་ཚུད་པར་བྱེད་པས་ན་ཆུབ་པ་༥༡དང་། སྐབས་འགར་ཆོས་བཤད་དམ་སྙམ་པའམ། སྐབས་འགར་མི་བཤད་དོ་སྙམ་པ་མེད་པར་རྒྱུན་དུ་འཆད་པར་མཛད་པའམ། ཆོས་འཆད་པའི་ཚེ་བཤད་པའི་རྒྱུན་གྱི་བར་ཐག་བཅད་ནས་ཡང་འཆད་པ་མ་ཡིན་པར་ཚིག་དང་གསུང་གི་རྒྱུན་མི་འཆད་པས་ན་རྒྱུན་ཆགས་པ་༥༢དང་། མིང་ཚིག་ཡི་གེ་གཅིག་ཁོ་ན་མ་ཡིན་པར་སྣ་ཚོགས་པའི་སྒོ་ནས་འཆད་པས་ན་འབྲེལ་བའམ་རོལ་པ་༥༣དང་། གསུང་གཅིག་ཁོ་ནར་ཕྱུང་ཡང་ལྷ་ཀླུ་དང་མི་དང་བྱོལ་སོང་ཡི་དྭགས་སོགས་རང་རང་སོ་སོའི་སྒྲ་སྐད་དང་མཐུན་པར་གོ་བས་ན་སྒྲ་ཐམས་ཅད་རྫོགས་པར་༥༤བྱེད་པ་དང་། དེ་བཞིན་དུ་མི་རྟག་པ་ལྟ་བུའི་དོན་གཅིག་སྟོན་པ་ན་སེམས་ཅན་རྣམས་ཀྱིས་རང་རང་གང་ལ་དད་པའི་དོན་དེ་དང་དེར་ཁོང་དུ་ཆུད་པས་ན་སེམས་ཅན་ཀུན་གྱི་དད་སོགས་ཀྱི་དབང་པོ་ཀུན་མགུ་བའམ་ཚིམ་པར་བྱེད་པས་ན་ཚིམ་པར་བྱེད་པ་༥༥དང་། ཇི་ལྟར་དམ་བཅས་པ་ལས་གཞན་དུ་འགྱུར་བར་མི་མཛད་པས་ན་དམ་བཅའ་ལས་ཉམས་སོ་ཞེས་གཞན་གྱིས་སྨད་དུ་མེད་བའམ། ཆོས་འདི་དང་འདི་ལྟ་བུ་བསྒྲུབས་ཀྱི། འབྲས་བུ་འདི་ལྟ་བུ་འབྱུང་ངོ་ཞེས་དམ་བཅས་པར་གདུལ་བྱ་གང་གིས་བཀའ་བཞིན་དུ་བསྒྲུབས་ཀྱང་དེ་ལས་མི་འདའ་བར་འབྲས་བུ་འབྱིན་པས་ན་མ་སྨད་པ་༥༦དང་། གནས་གང་དང་གང་དུ་དུས་ནམ་གྱི་ཚེ་སེམས་ཅན་གང་སྨིན་པར་བྱ་བའི་དུས་ལ་བབས་ན་སྐད་ཅིག་ཀྱང་མི་ཡོལ་བར་སྨིན་པར་མཛད་པས་ན་མི་འགྱུར་བ་༥༧དང་། ཆོས་འཆད་ལ་རིངས་པའི་སེམས་ཀྱིས་ཚིག་རྟབ་རྟབ་པོར་མི་གསུངས་པས་ན་མ་བརྟག་བའམ་བརྟན་པ་༥༨དང་། གང་གསུངས་པ་དེ་ཉིད་ཉེ་བ་དང་རིང་བ་མེད་པར་འཁོར་གྱི་དཀྱིལ་འཁོར་ཀུན་གྱི་དྲུང་ན་གནས་པ་ལྟར་ཐོས་པ་སྟེ། དཔེར་ན་བདག་ཅག་གི་སྟོན་པའི་གསུང་འཕགས་པ་མཽངྒལ་གྱི་བུས་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་དགུ་བཅུ་རྩ་དགུའི་བྱེ་མ་སྙེད་ཀྱི་ཕ་རོལ་ནས་ཉན་ཀྱང་དྲུང་དུ་གནས་པ་ལྟར་ཐོས་པ་ལྟ་བུ་དང་ལྡན་པའི་ཕྱིར་འཁོར་ཀུན་ཏུ་གྲགས་པ་༥༩དང་། དེ་བཞིན་གཤེགས་པས་ཆོས་བསྟན་པའི་མཐུས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་སྟེ་རྩ་བའི་ཀུན་དཀྲིས་ཆེན་པོ་གསུམ་སེལ་བར་བྱེད་པའི་ཕྱིར་འདོད་ཆགས་ཞི་བར་བྱེད་༦༠པ་དང་། ཞེ་སྡང་འདུལ་བ་༦༡དང་། གཏི་མུག་སེལ་བ་༦༢དང་། གསུང་གི་དོན་ཉམས་སུ་བླངས་པས་བདུད་བཞི་ལས་རྒྱལ་བར་བྱེད་ཅིང་ཆོས་ཀྱི་སྒྲས་ཀྱང་བདུད་རིགས་ཕམ་པར་བྱེད་པས་ན་བདུད་ཚར་གཅོད་པ་༦༣དང་། འཇིག་རྟེན་ན་གྲགས་པའི་ཆོས་རྣམ་པ་སྣ་ཚོགས་དཔེར་བཞག་ནས། དེ་དང་དེ་སྦྱོར་ཞིང་འཆད་པར་བྱེད་པས་ན་རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་སྟེ་དྲུག་ཅུ་རྩ་༦༤བཞིའོ། །སྐབས་འདིར་རྣམ་བཤད་རིག་པ་དང་མདོ་སྡེ་རྒྱན་རྩ་འགྲེལ་ཉི་ཁྲི་སྣང་བ་རྣམས་སུ་དུག་གསུམ་སེལ་བར་བྱེད་པ། བདུད་དཔུང་ཚར་གཅོད་པའི་ཡན་ལག་བཞི་མེད་པས་གྲངས་དྲུག་ཅུར་འབྱུང་ཞིང་། དེ་ཡང་གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལ་བརྟེན་པར་གསུངས་པས་མདོའི་དཔེ་ལ་རྒྱས་བསྡུས་ཀྱི་ཁྱད་འབྱུང་བར་སེམས་སོ། །གསུམ་པ་ནི། དེ་ལྟ་བུ་རྣམས་ལ་དབྱངས་ཀྱི་ཡན་ལག་ཅེས་བརྗོད་པ་ལ་རྒྱུ་མཚན་ཡོད་དེ། སངས་རྒྱས་ཀྱི་གསུང་གི་དཀྱིལ་འཁོར་རྣམ་པ་ཐམས་ཅད་པ་བརྗོད་པ་ཀུན་གྱི་རྒྱུར་གྱུར་པའི་དེ་ཁོ་ན་ཉིད་ནི་དབྱངས་ཏེ། དེ་ཡི་རྣམ་འགྱུར་རམ་ཡན་ལག་གི་ཆོས་ཁྱད་པར་བ་ཡིན་པའི་ཕྱིར་རོ། །བཞི་པ་ནི། འོ་ན་དེ་བཞིན་གཤེགས་པའི་གསུང་གི་ཡན་ལག་དེ་ཙམ་ལས་གཞན་མེད་དོ་སྙམ་ན། རེ་ཞིག་མདོར་བསྡུས་པའི་ཚུལ་གྱིས་སྟོན་པ་ཙམ་སྟེ་གཞན་དུ་ན་མཐའ་ཀླས་ཤིང་བསམ་གྱིས་མི་ཁྱབ་པའི་ཕྱིར་ཚད་བཟུང་ཡོད་པ་མ་ཡིན་ཏེ། དེ་སྐད་དུའང་མདོ་སྡེ་རྒྱན་ལས། བདེར་གཤེགས་གསུང་ནི་མཐའ་ཡས་ཏེ། །ཡན་ལག་དྲུག་ཅུ་བསམ་མི་ཁྱབ། ཅེས་གསུངས་པའི་ཕྱིར་རོ། །གསུམ་པ་དེ་བཞིན་གཤེགས་པའི་ཐུགས་ཀྱི་ཡོན་ཏན་ནི་ཟག་པ་མེད་པའི་ཆོས་སྡེ་ཚན་ཉེར་གཅིག་ཏུ་རྣམ་པར་བཞག་པ་སྟེ། དེ་ཉིད་འཆད་པ་ལ་གསུམ། རྒྱུ་སྤྱིར་སྨོས། སྡེ་ཚན་བྱེ་བྲག་ཏུ་བཤད། ཁྱད་པར་བསམ་གྱིས་མི་ཁྱབ་པར་བསྟན་པའོ། །དང་པོ་ནི། སྤྱིར་ལམ་ལྔ་དང་ས་བཅུ་ལ་སོགས་པའི་མངོན་རྟོགས་གོང་ནས་གོང་དུ་ཡོངས་སུ་རྫོགས་པ་ལ་བརྟེན་ནས། ཐེག་གསུམ་རང་རང་གི་མྱང་འདས་དང་། ཁྱད་པར་དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རླབས་པོ་ཆེ་བསྐལ་པ་གྲངས་མེད་པ་གསུམ་ལ་སོགས་པར་ཡོངས་སུ་རྫོགས་པར་བསགས་ཏེ། ཐ་མར་མཐའ་གཉིས་ལས་མི་གནས་པའི་བྱང་ཆུབ་ཆེན་པོ་མངོན་དུ་མཛད་པའི་ཡེ་ཤེས་ཆོས་ཀྱི་སྐུ་ཉིད་ནི་གཙོ་བོར་ཡེ་ཤེས་ཀྱི་འབྲས་བུར་གྲུབ་པས། སྤངས་རྟོགས་མཛད་པ་དང་བཅས་པའི་ཆེན་པོ་གསུམ་དེ་ཡི་བདག་ཉིད་ཅན་ཏེ། མངོན་རྟོགས་རྒྱན་ལས། སེམས་ཅན་ཀུན་མཆོག་ཉིད་སེམས་དང་། །སྤངས་དང་རྟོགས་དང་གསུམ་པོ་ལ། །ཆེན་པོ་གསུམ་གྱིས་རང་བྱུང་གི །ཆེད་དུ་བྱ་བ་འདི་ཤེས་བྱ། །ཞེས་སོ། །གཞན་ཡང་ཟག་པ་མེད་པའི་ཡོན་ཏན་ཐམས་ཅད་དང་ལྡན་པའི་ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ཉིད་གློ་བུར་གྱི་དྲི་མ་མཐའ་དག་དང་བྲལ་ནས་དག་པ་གཉིས་ལྡན་གྱི་ངོ་བོ་ཉིད་སྐུའམ་ཆོས་སྐུ་སྟེ། མངོན་རྟོགས་རྒྱན་ལས། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཟག་པ་མེད་པའི་ཆོས་གང་དག །ཐོབ་གྱུར་རྣམ་ཀུན་རྣམ་དག་པ། །དེ་དག་རང་བཞིན་མཚན་ཉིད་ཅན། །ཅེས་དང་། ཐེག་བསྡུས་ལས། དེ་ལ་ངོ་བོ་ཉིད་ཀྱི་སྐུ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་སྐུ་སྟེ་ཆོས་ཐམས་ཅད་ལ་དབང་བསྒྱུར་བའི་གནས་ཡིན་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར་ཡེ་ཤེས་ཆོས་སྐུའི་ཡོན་ཏན་བྲལ་སྨིན་གྱིས་བསྡུས་པ་མཐའ་དག་དེ་ལས་བྱུང་ཞིང་ཟག་མེད་ཀྱི་ཆོས་ཐམས་ཅད་ཀྱི་འབྱུང་གནས་ཉིད་ཡིན་ནོ། །གཉིས་པ་དོན་དམ་ཆོས་སྐུའི་བདག་རྐྱེན་ལས་བྱུང་བའམ་དེའི་ཡོན་ཏན་མདོ་སྡེ་སོ་སོའི་དགོངས་པ་ཐེག་ཆེན་རྒྱུད་བླ་མའི་བསྟན་བཅོས་དང་ཤེར་ཕྱིན་རྒྱན་གཉིས་ལས་སོ་སོར་བཤད་པ་ལས། འདིར་མངོན་རྟོགས་རྒྱན་འབྲས་བུ་ཆོས་སྐུ་བསྟན་པའི་སྐབས་སུ་ཟག་མེད་སྡེ་ཚན་ཉེར་གཅིག་ཏུ་གསུངས་པ་ལྟར་བཤད་པར་བྱ་སྟེ། དེ་ལ་སྡེ་ཚན་དང་པོ་དེ་བཞིན་གཤེགས་པ་རང་ཉིད་ཀྱི་སྐུས་བསྡུས་པའི་དྲན་པ་ཉེ་བར་བཞག་པ་ནས་བཟུང་སྟེ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་གྱི་བྱང་ཆུབ་ཀྱི་ཕྱོགས་རྣམས་སེམས་ཅན་གྱི་དུས་བྲལ་སྟོབས་ཀྱི་ཆ་ཤས་ཡོངས་སུ་མ་རྫོགས་པས་མི་གསལ་བ་ལྟ་བུ་མིན་པ་ཡོངས་སུ་རྫོགས་པ་དྲི་མ་དང་བྲལ་བ། ཟག་པ་མེད་པའི་ཡེ་ཤེས་ཆོས་ཀྱི་དབྱིངས་ཀྱིས་བསྡུས་པ་ཡིན་ནོ། །ཟག་མེད་ཡེ་ཤེས་ཀྱི་སྡེ་ཚན་ཐམས་ཅད་ལ་འདི་བཞིན་དུ་སྦྱར་རོ། །གཉིས་པ་བྱམས་པ་ལ་སོགས་པ་ཚད་མེད་པ་སྐྱེ་བོ་གཞན་རྣམས་ཚངས་པའི་གནས་བཞིར་སྐྱེ་བར་བྱེད་པ་རྣམས་དང་། གསུམ་པ་ནི། ནང་ཤེས་པ་གཟུགས་ཅན་དུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ལ་བལྟ་བ་དང་། ནང་གཟུགས་ཅན་མ་ཡིན་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ལ་ལྟ་བ་ནི་གཟུགས་ཅན་མིན་པ་གཟུགས་ལ་ལྟ་བའི་རྣམ་ཐར་ཞེས་བྱ་བ་གཉིས་དང་། སྡུག་པའི་རྣམ་ཐར་ཏེ་ཡིད་དུ་འོང་བའི་རང་བཞིན་ལུས་ཀྱིས་མངོན་སུམ་དུ་བྱས་ཏེ་རྫོགས་པར་གནས་པ་ཞེས་བྱ་བ་གཅིག་དང་། ནམ་མཁའ་དང་རྣམ་ཤེས་དང་ཅི་ཡང་མེད་པ་དང་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཅེས་བྱ་བ་བཞི་དང་། འདུ་ཤེས་དང་ཚོར་བ་འགོག་པ་ཞེས་བྱ་བ་གཅིག་སྟེ། དེ་ལྟར་རྣམ་པར་ཐར་པ་བརྒྱད་དང་། སྡེ་ཚན་བཞི་པ་གཟུགས་ཁམས་ཀྱི་བསམ་གཏན་བཞིའི་སྙོམས་འཇུག་དང་། གཟུགས་མེད་པའི་སྙོམས་འཇུག་བཞི་དང་། འགོག་པའི་སྙོམས་པར་འཇུག་པ་ཞེས་བྱ་བ་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། ལྔ་པ་ཟད་པར་ས་དང་། ཆུ་དང་། མེ་དང་། རླུང་དང་། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ནམ་མཁའ་མཐའ་ཡས་དང་། རྣམ་པར་ཤེས་པ་མཐའ་ཡས་ཞེས་བྱ་བ་ཟད་པར་རྣམ་པ་བཅུ་དང་། སྡེ་ཚན་དྲུག་པ་ནང་ཤེས་པ་གཟུགས་ཅན་དུ་འདུ་ཤེས་ནས་ཕྱི་རོལ་གྱི་རྣམ་པ་ཐམས་ཅད་སོ་སོར་ཆུང་ངུ་དང་ཆེན་པོའི་རྣམ་པ་དག་ཏུ་ཕྱི་རོལ་གྱི་གཟུགས་རྣམས་ལ་བལྟ་ཞིང་དེ་དག་ཟིལ་གྱིས་མནན་ནས་ཞེས་བྱ་བ་གཉིས་དང་། ནང་གཟུགས་མེད་པར་འདུ་ཤེས་པ་དག་གིས་སོ་སོར་ཆུང་ངུ་དང་ཆེན་པོའི་རྣམ་པ་དག་ཏུ་ཕྱི་རོལ་གྱི་གཟུགས་རྣམས་ལ་བལྟ་ཞིང་དེ་དག་ཟིལ་གྱིས་མནན་ནས་ཞེས་བྱ་བ་གཉིས་ཏེ་བཞི་དང་། ནང་གཟུགས་མེད་པར་འདུ་ཤེས་པ་དག་ཁོ་ནས་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དག་ཟིལ་གྱིས་མནན་ནས་མཐོང་བ་ཞེས་བྱ་བ་རྣམ་པ་བཞི་སྟེ། མདོར་ན་སྐལ་བ་མཉམ་པ་ལ་འབྱུང་བ་བཞི་ཁ་དོག་བཞིར་སྣང་བ་དེ་དག་འགོག་པ་ལ་མཐུ་ཐོབ་སྟེ་མི་སྣང་བར་བྱས་ནས། ཡུལ་ཐམས་ཅད་གསེར་ལྟ་བུ་ཁོ་ནའམ་འབའ་ཞིག་གམ་ཟད་པར་སྣང་བར་བྱེད་པའི་ཏིང་ངེ་འཛིན་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་རྣམ་པ་བརྒྱད་དང་། བདུན་པ་ཕ་རོལ་གྱི་རྒྱུད་དུ་གཏོགས་པའི་ཉོན་མོངས་པའི་དགྲའི་རྒྱུན་དྲུང་འབྱིན་པའི་ཏིང་ངེ་འཛིན་ཞེས་བྱ་བ་གང་ཡིན་པ་ཉོན་མོངས་པ་མེད་པ་དང་། བརྒྱད་པ་ཡང་དག་པ་སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་ཞིང་དེ་ལྟ་བུའི་རང་བཞིན་ལས་མ་འདས་ཀྱང་། གདུལ་བྱ་སྤྲོས་མཚན་དུ་ལྟ་བ་དག་གི་འདོད་ཆགས་ལ་སོགས་པ་བཅོམ་པར་བྱེད་ཅིང་ཐེ་ཚོམ་སེལ་བར་མཛད་པའི་སྨོན་ལམ་གྲུབ་པས་དེ་བཞིན་གཤེགས་པའི་ཡེ་ཤེས་འཁོར་བ་ཇི་སྲིད་པའི་གནས་སྐབས་སུ་འགྲོ་བའི་དོན་ལ་འཇུག་པ་དང་། རྣམ་པར་གྲོལ་བ་ཇི་སྲིད་པའི་གནས་སྐབས་སུའང་མཁྱེན་པ་དེ་སེམས་ཅན་ལ་འཇུག་པ་ཞེས་བྱ་བ་སྨོན་ནས་མཁྱེན་པ། དགུ་པ་ད་ལྟར་གྱི་ལུས་ཉེ་རིང་ཇི་སྙེད་པ་ཤི་ནས་གར་སྐྱེས་པའི་གཟུགས་ཐམས་ཅད་མཐོང་བ་ལྷའི་མིག་དང་། སྒྲ་དང་སྐད་དང་ བརྡ་སྣ་ཚོགས་ཐོས་ཤིང་གོ་བ་ལྷའི་རྣ་བ་དང་། སེམས་ཅན་གྱི་བསམ་པ་དང་བག་ལ་ཉལ་ཤས་ཆེ་ཆུང་ཀུན་ཤེས་པ་སེམས་ཀྱི་རྣམ་གྲངས་ཤེས་པ་དང་། འབར་བ་དང་། འཕུར་བ་དང་། མང་ཉུང་དང་། བཟང་ངན་དང་། ཆུ་ལ་འགྲོ་ཞིང་ས་ལ་བྱིང་བ་དག་ཤེས་པ་ལུས་ཀྱི་རྫུ་འཕྲུལ་ཤེས་པ་དང་། ད་ལྟར་གྱི་ལུས་ནས་བཟུང་སྟེ། ཚེ་རབས་སྔ་མ་ལ་གནས་གང་ན་གནས། ལས་ཅི་བྱེད་པའི་ལོ་རྒྱུས་དྲན་པ་ནི་སྔོན་གྱི་གནས་རྗེས་སུ་དྲན་པ་དང་། མཐོང་བ་དང་སྒོམ་པས་སྤང་བའི་ཉོན་མོངས་པ་གང་ཞིག་སྤངས། གང་ཞིག་མ་སྤངས་པའི་རིམ་པ་ཤེས་བཞིན་ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་ཐོབ་པ་ཤེས་པ་དག་ཟག་པ་ཟད་པ་ཤེས་པ་སྟེ་མངོན་པར་ཤེས་པ་དྲུག་དང་། བཅུ་པ་སེམས་ཅན་བསམ་པ་ཐ་དད་དང་འཚམས་པར་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ནི་གཉེན་པོའི་ཐབས་སྣ་ཚོགས་སུ་སྟོན་པ་ཆོས་སོ་སོ་ཡང་དག་པར་རིག་པ། མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པ་སྟེ་ཆོས་སྤྱིའི་མཚན་ཉིད་དང་། སྐྱེ་འགག་མེད་པ་དོན་གྱི་མཚན་ཉིད་དེ་མིང་ཚིག་གི་བརྗོད་དོན་ཤེས་པ་དོན་སོ་སོ་ཡང་དག་པར་རིག་པ། འགྲོ་བ་ཐམས་ཅད་ཀྱི་བརྡ་དང་སྐད་དང་དེ་དག་གི་དོན་ལ་མ་རྨོངས་པ་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ། ཆོས་སྟོན་ཅིང་ཐེ་ཚོམ་གཅོད་པ་ལ་ཐོགས་པ་མེད་པ་སྤོབས་པ་སོ་སོ་ཡང་དག་པར་རིག་པ་བཞི་དང་། བཅུ་གཅིག་པ་རྟེན་དང་། དམིགས་པ་དང་། ཐུགས་དང་། ཡེ་ཤེས་ཡོངས་སུ་དག་པ་ཞེས་བྱ་བ་དག་པ་བཞི་དང་། བཅུ་གཉིས་པ། ཚེ་དང་སེམས་དང་ཡོ་བྱད་ལས། །སྐྱེ་བ་མོས་པ་སྨོན་ལམ་དང་། །རྫུ་འཕྲུལ་ཡེ་ཤེས་ཆོས་ལ་དབང་། །ཞེས་པའི་དབང་བཅུ་དང་སོ་གསུམ་ནི་སྦྱིན་པའི་འབྲས་བུ་དང་། ལས་དང་སྐྱེ་བ་ནི་ཚུལ་ཁྲིམས་ཀྱི་དང་། མོས་པ་ནི་བཟོད་པའི་དང་། སྨོན་ལམ་ནི་བརྩོན་འགྲུས་ཀྱི་དང་། རྫུ་འཕྲུལ་ནི་བསམ་གཏན་གྱི་དང་། ཐ་མ་གཉིས་ནི་ཤེས་རབ་ཀྱི་སྟེ་སློབ་པའི་གནས་སྐབས་སུ་ཆ་མཐུན་དང་། དངོས་ནི་སངས་རྒྱས་ཀྱི་ས་ཁོ་ནའོ། །བཅུ་གསུམ་པ་སྟོབས་བཅུ་དང་། བཅུ་བཞི་པ་མི་འཇིགས་པ་བཞི་དང་། བཅོ་ལྔ་པ་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་སྤྱོད་པ་ལ་འཁྲུལ་པ་ཡོངས་སུ་དག་པ་སྟེ། སངས་རྒྱས་ཀྱི་རང་བཞིན་འདི་ལ་ཕྱིན་ཅི་ལོག་གི་ཀུན་ཏུ་སྤྱོད་པ་གཞན་གྱིས་ཡོངས་སུ་ཤེས་པར་དོགས་པའི་ངོ་ཚའམ་བག་ཚ་བས་མི་གསལ་བར་བཅབ་པར་བྱའོ་སྙམ་པའི་དགོངས་པ་མི་མངའ་བ་བསྲུང་བ་མེད་པ་རྣམ་པ་གསུམ་དང་། བཅུ་དྲུག་པ་དེ་བཞིན་གཤེགས་པས་ཆོས་སྟོན་པ་ན་གུས་པས་མཉན་པར་འདོད་པ་དང་། ཉན་པར་མི་འདོད་པ་དང་། རེས་གུས། རེས་མི་གུས་པ་གཉིས་ཀ་དག་ལ་གོ་རིམ་བཞིན་དུ་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་དང་། ཆགས་སྡང་གཉིས་ཀ་ཆ་མཉམ་པར་སྐྱེ་བ་གཉིས་ཀས་དབེན་པ་ཁོ་ནར་བཏང་སྙོམས་སུ་དྲན་པ་དང་ལྡན་པར་གནས་པ་ཞེས་བྱ་བ་དྲན་པ་ཉེ་བར་བཞག་པ་གསུམ། བཅུ་བདུན་པ་སེམས་ཅན་གྱི་དོན་མཛད་པའི་དུས་ལས་མི་འདའ་བར་གང་ལ་གང་འདུལ་དུ་སྟོན་པས་སྐབས་དེར་མཛད་པ་ཡོལ་མི་སྲིད་པའི་མཚན་ཉིད་ཅེས་བྱ་བ་བསྙེལ་བ་སྟེ། བརྗེད་པ་མི་མངའ་བའི་ཆོས་ཉིད་དང་། བཅོ་བརྒྱད་པ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་བག་ལ་ཉལ་གྱི་ངོ་བོའི་ས་བོན་སྤངས་པས་བག་ཆགས་ཡང་དག་པར་བཅོམ་པ་དང་། བཅུ་དགུ་པ་སྐྱེ་བོ་མཐའ་དག་ལ་ཕན་པའི་བསམ་པ་ཉིད་ཅེས་བྱ་བ་སྐྱེ་བོ་ལ་ཐུགས་རྗེ་ཆེན་པོ་ཉིད་དང་། ཉི་ཤུ་པ་འཕགས་ཆུང་འོག་མ་རྣམས་དང་མ་འདྲེས་པའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། ཉེར་གཅིག་པ་རྣམ་མཁྱེན་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ། འབྲས་བུའི་རྣམ་མཁྱེན་རྣམས་སྤང་བྱའི་གནས་ཐམས་ཅད་ལས་རྣམ་པར་གྲོལ་བའི་ཆོས་ཀྱི་སྐུའི་རང་བཞིན་ཉིད་ཡིན་ནོ། །གསུམ་པ་ནི། ཐེག་པ་ཆེན་པོ་དབུ་མ་ལ་འཇུག་པ་ལས། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །བསྲེགས་པས་ཞི་དེ་རྒྱལ་རྣམས་ཆོས་སྐུ་སྟེ། །དེ་ཚེ་སྐྱེ་བ་མེད་ཅིང་འགག་པ་མེད། །སེམས་འགག་པ་དེ་སྐུ་ཡིས་མངོན་སུམ་མཛད། །ཅེས་གསུངས་པ་ལྟར་ཤེས་དང་ཤེས་བྱ་མཐའ་དག་རོ་གཅིག་ཏུ་གཉིས་མེད་མཉམ་པ་ཆེན་པོའི་དབྱིངས་སུ་སྤྲོས་པའི་དྲྭ་བ་མ་ལུས་པ་ནུབ་སྟེ་ལྷག་པའི་བདེན་པ་དབྱེར་མེད་འོད་གསལ་ཆོས་ཀྱི་སྐུའི་ཟག་པ་མེད་པའི་ཡོན་ཏན་མདོ་ཙམ་དུ་དྲིལ་བས་གོང་སྨོས་ཟག་མེད་སྡེ་ཚན་ཉེར་གཅིག་ཏུ་རྒྱལ་བ་ཉིད་ཀྱི་དགོངས་པ་འགྲེལ་པ་ལ་རྒྱལ་ཚབ་ཀྱི་ལུང་དང་དབང་བརྙེས་པ་མགོན་པོ་མ་ཕམ་པས་བསྟན་པ་ལྟར་གྱིས་དད་པའི་མིག་བསྒྲུབ་ཅིང་། དེ་བཞིན་གཤེགས་པའི་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་གསང་བ་ཟབ་མོའི་ཚུལ་ཕྱོགས་མཚོན་པའི་སྒོར་འགྱུར་བར་ཤེས་པར་བྱ་ཞིང་། གཞན་དུ་རྒྱལ་བའི་ཐུགས་ཡེ་ཤེས་ཆོས་སྐུའི་རང་བཞིན་ནི་བློའི་ར་བ་ལས་འདས་པས། ཕྱོགས་ཙམ་འཕགས་ཆེན་ས་བཅུ་པ་རྣམས་དང་། ཇི་བཞིན་པ་ནི་དེ་བཞིན་གཤེགས་པ་ཉིད་ཀྱི་སྤྱོད་ཡུལ་ལས་གཞན་དག་གིས་བསམ་གྱིས་མི་ཁྱབ་པར་ཤེས་པར་བྱ་སྟེ། ཐེག་པ་ཆེན་པོ་རྒྱུད་བླ་མ་ལས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡུལ། །སངས་རྒྱས་ཤེས་གསུམ་ཡུལ་མིན་ཕྱིར། །ཡེ་ཤེས་ལུས་ཅན་རྣམས་ཀྱིས་ནི། །བསམ་མི་ཁྱབ་པར་རྟོགས་པར་བྱ། །ཕྲ་ཕྱིར་ཐོས་པའི་ཡུལ་མིན་ཏེ། །དོན་དམ་ཡིན་ཕྱིར་བསམ་བྱའི་མིན། །ཆོས་ཉིད་ཟབ་ཕྱིར་འཇིག་རྟེན་པའི། །བསྒོམ་པ་ལ་སོགས་ཡུལ་མ་ཡིན། །གང་ཕྱིར་གཟུགས་ལ་དམུས་ལོང་བཞིན། །བྱིས་པས་དེ་སྔོན་མཐོང་མ་མྱོང་། །བཙས་པའི་ཁྱིམ་གནས་བུ་ཆུང་གིས། །ཉི་མའི་གཟུགས་བཞིན་འཕགས་པས་ཀྱང་། །ཞེས་གསུངས་པ་ལྟར་ངེས་སོ། །བཞི་པ་ཡོན་ཏན་མི་ཟད་པ་རྒྱན་གྱི་འཁོར་ལོ་བཤད་པ་ལ་དངོས་དང་། ཕྱོགས་མཐུན་མདོར་བསྡུས་ཏེ་བསྟན་པ་གཉིས། དང་པོ་ལ་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ནམ་ཆེ་བ་གསུམ་ལས་སྐུའི་ཡོན་ཏན་ནི། དཔེ་ལ་བསྟོད་པ་ལས། ཁྱོད་སྐུ་མཚན་གྱིས་སྤྲས་གྱུར་པ། །མཛེས་གྱུར་མིག་གི་བདུད་རྩི་ནི། །སྤྲིན་མེད་སྟོན་གྱི་ནམ་མཁའ་ལ། །སྐར་མའི་ཚོགས་ཀྱིས་སྤྲས་པ་འདྲ། །ཐུབ་པ་གསེར་གྱི་མདོག་ལྡན་པ། །ཆོས་གོས་ཀྱིས་གཡོགས་མཛེས་གྱུར་པ། །གསེར་གྱི་རི་བོའི་རྩེ་མོ་ནི། །མཚམས་ཀྱི་སྤྲིན་གྱིས་དཀྲིས་པ་འདྲ། །མགོན་ཁྱོད་རྒྱན་གྱིས་མ་བརྒྱན་ཡང་། །ཞལ་གྱི་དཀྱིལ་འཁོར་མདངས་གང་ཡིན། །ཟླ་བའི་དཀྱིལ་འཁོར་རྒྱས་གྱུར་པ། །སྤྲིན་དང་བྲལ་ལའང་དེ་མ་མཆིས། །ཁྱོད་ཀྱི་ཞལ་གྱི་པདྨ་དང་། །པདྨ་ཉི་མས་ཁ་བྱེ་བ། །བུང་བས་མཐོང་ནས་པདྨ་ནི། །ཐེ་ཚོམ་དཔྱང་ཐག་ལ་འཇུག་འགྱུར། །ཁྱོད་ཞལ་གསེར་གྱི་མདོག་ལྡན་པར། །ཚེམས་དཀར་མཛེས་པར་གྱུར་པ་ནི། །གསེར་གྱི་རི་གསེབ་སྟོན་ཀ་ཡི། །ཟླ་ཟེར་དྲི་མེད་ཞུགས་པ་འདྲ། །མཆོད་འོས་ཁྱོད་ཀྱི་ཕྱག་གཡས་ནི། །འཁོར་ལོའི་མཚན་གྱིས་མཛེས་གྱུར་པ། །འཁོར་བས་སྐྲག་པའི་མི་རྣམས་ལ། །ཕྱག་གིས་དབུགས་འབྱིན་མཛད་པ་ལགས། །ཐུབ་ཁྱོད་གཤེགས་པར་གྱུར་པའི་ཚེ། །ཞབས་གཉིས་དཔལ་གྱི་པདྨ་ལས། །ས་གཞི་འདི་ནི་བྲིས་གྱུར་པ། །པདྨ་ཅན་གྱིས་ཇི་ལྟར་མཛེས། །ཞེས་གསུངས་པ་ལྟར་རོ། །གསུང་གི་ཡོན་ཏན་ནི། འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གང་ཡོད་པས་དུས་གཅིག་ཅར་དུ་དྲི་བ་མི་འདྲ་བ་ཁོ་ན་རེ་རེ་ནས་དྲིས་ཀྱང་སེམས་ཀྱི་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་བཟུང་ནས་གསུང་གཅིག་གིས་དྲི་བ་ཐམས་ཅད་ཀྱི་ལན་མཛད་ཅིང་དེ་རྣམས་ཀྱིས་ཀྱང་རང་རང་གི་སྐད་དུ་གོ་བར་འགྱུར་བ་ཤིན་ཏུ་རྨད་དུ་བྱུང་པའི་ཚུལ་མངའ་བ་སྟེ། བདེན་པ་པོའི་ལེའུ་ལས། འདི་ལྟར་སེམས་ཅན་ཀུན་གྱིས་ངེས་པའི་ཚིག །མང་པོ་དག་གིས་དུས་གཅིག་ཞུ་ཞུས་ན། །སེམས་ཀྱི་སྐད་ཅིག་གཅིག་ལ་ཐུགས་ཆུད་ནས། །གསུང་དབྱངས་གཅིག་གིས་སོ་སོར་ལན་ཀྱང་འདེབས། །དེ་ལྟ་བས་ན་འདྲེན་པ་འཇིག་རྟེན་ན། །ཚངས་པའི་སྒྲ་དབྱངས་གསུང་སྒྲོག་མཁྱེན་པར་མཛོད། །དེ་ནི་ལྷ་མི་སྡུག་བསྔལ་མཐར་འབྱིན་པའི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་མཛད། །ཅེས་དང་། གཞན་ཡང་བརྒྱ་ལྔ་བཅུ་པ་ལས། ཁྱོད་ཞལ་བལྟ་ན་རབ་སྡུག་པ། །དེ་ལས་མཉན་ན་སྙན་པ་ཡི། །གསུང་འདི་དག་ནི་ཟླ་བ་ལས། །བདུད་རྩི་འཛག་པ་བཞིན་དུ་འབྱུང་། །ཁྱོད་ཀྱི་གསུང་ནི་འདོད་ཆགས་ཀྱི། །རྡུལ་རབ་ཞི་མཛད་ཆར་སྤྲིན་འདྲ། །ཞེ་སྡང་སྦྲུལ་ནི་དབྱུང་བ་ལ། །ནམ་མཁའ་ལྡིང་དང་འདྲ་བ་ལགས། །ཡང་དང་ཡང་དུ་མི་ཤེས་པའི། །རབ་རིབ་འཇོམས་པས་གདུགས་དང་འདྲ། །ང་རྒྱལ་རི་བོ་རྣམ་འཇོམས་པས། །རྡོ་རྗེ་དང་ཡང་འདྲ་བ་ལགས། །དོན་གཟིགས་པས་ནི་མི་སླུ་བ། །ནོངས་མི་མངའ་ཕྱིར་རྗེས་སུ་མཐུན། །ལེགས་པར་སྦྱར་བས་གོ་སླ་སྟེ། །ཁྱོད་ཀྱི་གསུང་ནི་ལེགས་གསུང་ལྡན། །རེ་ཞིག་དང་པོར་ཁྱོད་ཀྱི་གསུང་། །ཉན་པ་རྣམས་ཀྱི་ཡིད་འཕྲོག་མཛད། །དེ་ནས་ཡིད་ལ་བསམ་བགྱིས་ན། །འདོད་ཆགས་གཏི་མུག་རྣམས་ཀྱང་སེལ། །ཕོངས་པ་རྣམས་ཀྱི་དབུགས་འབྱིན་ཅིང་། །བག་མེད་རྣམས་ཀྱི་སྐྱབས་ཀྱང་མཛད། །བདེ་བ་ཅན་དག་སྐྱོ་བགྱིད་པས། །ཁྱོད་གསུང་ཀུན་དང་འཚམས་པར་འཇུག །མཁས་པ་རྣམས་ཀྱི་དགའ་བ་སྐྱེད། །བར་མ་རྣམས་ཀྱི་བློ་ཡང་སྤེལ། །ཐ་མའི་རབ་རིབ་རྣམ་འཇོམས་པས། །གསུང་འདི་སྐྱེ་བོ་ཀུན་ལ་སྨན། །ཞེས་གསུངས་པ་ལྟར་རོ། །ཐུགས་ཀྱི་ཡོན་ཏན་ལ་གཉིས་ལས། མཁྱེན་པའི་ཡོན་ཏན་ནི་ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་ཐམས་ཅད་ལ་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་ལྟར་མཁྱེན་པ་ཐོགས་པ་མི་མངའ་བར་འཇུག་པས་ཤེས་བྱ་མཐའ་དག་ལ་ཐུབ་པའི་མཁྱེན་པས་ཁྱབ་ཀྱི། དེ་ལས་གཞན་པ་རྣམས་ཀྱི་ནི་ཤེས་བྱ་རྒྱ་ཆེ་ལ་ཤེས་པ་རྒྱ་ཆུང་བས་མ་ཁྱབ་པ་ཡིན་ནོ། །དེ་ཡང་བསྔགས་འོས་བསྔགས་བསྟོད་ལས། ཁྱོད་འབའ་ཞིག་གི་ཡེ་ཤེས་ཀྱིས། །ཤེས་བྱ་མཐའ་དག་ཁྱབ་ལགས་ཀྱི། །ཁྱེད་ལས་གཞན་པ་ཐམས་ཅད་ཀྱི། །ཤེས་བྱ་ཁོ་ན་ལྷག་པ་ལགས། །ཞེས་དང་། བཅོམ་ལྡན་དུས་ཀུན་གཏོགས་པའི་ཆོས། །རྣམ་ཀུན་འབྱུང་གནས་ཐམས་ཅད་ནི། །ལག་མཐིལ་སྐྱུ་རུ་ར་ལྟ་བུར། །ཁྱོད་ཀྱི་ཐུགས་ཀྱི་སྤྱོད་ཡུལ་གྱུར། །ཆོས་རྣམས་གཡོ་དང་མི་གཡོར་བཅས། །གཅིག་དང་སྣ་ཚོགས་སོ་སོ་ལ། །མཁའ་ལ་རླུང་དག་རྒྱུ་བ་བཞིན། །ཁྱོད་ཀྱི་ཐུགས་དག་ཐོགས་མི་མངའ། །ཞེས་གསུངས་པ་ལྟར་དང་། བརྩེ་བའི་ཡོན་ཏན་ནི། སེམས་ཅན་རྣམས་ཉོན་མོངས་ཀྱིས་རང་དབང་མེད་པར་བཅིངས་པ་བཞིན་དུ་ཐུབ་པ་ཡང་སྙིང་རྗེ་ཆེན་པོས་རང་དབང་མེད་པར་བཅིངས་པས་འགྲོ་བ་རྣམས་སྡུག་བསྔལ་བར་གཟིགས་པ་ན་ཐུགས་རྗེ་ཆེན་པོ་རྒྱུན་ཆད་མེད་པར་སྐྱེ་སྟེ། བརྒྱ་ལྔ་བཅུ་པ་ལས། འགྲོ་བ་འདི་དག་ཐམས་ཅད་ནི། །ཁྱད་མེད་ཉོན་མོངས་རྣམས་ཀྱིས་བཅིངས། །ཁྱོད་ནི་འགྲོ་བའི་ཉོན་མོངས་དག །དགྲོལ་སླད་ཡུན་རིང་ཐུགས་རྗེས་བསྡམས། །དང་པོར་ཁྱོད་ལ་ཕྱག་བགྱིའམ། །འོན་ཏེ་གང་གིས་འཁོར་བར་ཁྱོད། །སྐྱོན་མཁྱེན་ཡུན་རིང་དེ་ལྟ་བུར། །བཞུགས་མཛད་ཐུགས་རྗེ་ཅན་ལ་བགྱི། །ཞེས་དང་། བདེན་པ་པོའི་ལེའུ་ལས་ཀྱང་། གཏི་མུག་མུན་པ་མུན་ནག་གིས་རྟག་ཏུ། །སེམས་ནི་བསྒྲིབས་པར་གྱུར་པའི་སྐྱེ་རྒུ་དང་། །འཁོར་བའི་བཙོན་རར་ཆུད་པ་རྣམ་གཟིགས་ན། །དྲང་སྲོང་དམ་པ་དེ་ནི་ཐུགས་རྗེ་སྐྱེ། །ཞེས་དང་། འདོད་པས་ཟིལ་གྱིས་ནོན་པའི་ཡིད་ལྡན་དང་། །སྲེད་པ་ཆེ་ཞིང་རྟག་ཏུ་ཡུལ་བརྐམ་དང་། །སྲེད་པའི་འདོད་ཆགས་རྒྱ་མཚོར་ལྷུང་བ་རྣམས། །གཟིགས་ན་རྒྱལ་བའི་ཐུགས་རྗེ་ཆེན་པོ་སྐྱེ། །ནད་དང་མྱ་ངན་རྣམ་པ་མང་དག་གིས། །ཤིན་ཏུ་གཙེས་པའི་སྐྱེ་རྒུ་ཉོན་མོངས་རྣམས། །གཟིགས་ན་སྡུག་བསྔལ་མ་ལུས་བསལ་སླད་དུ། །སྟོབས་བཅུ་མངའ་བའི་ཐུགས་རྗེ་རབ་ཏུ་སྐྱེ། །ཐུབ་པའི་ཐུགས་རྗེ་ཆེན་པོ་རྟག་འབྱུང་སྟེ། །དེ་མི་འབྱུང་བ་ནམ་ཡང་སྲིད་མི་འགྱུར། །འགྲོ་བ་ཀུན་གྱི་བསམ་པར་གནས་པ་སྟེ། །དེ་བས་སངས་རྒྱས་དེ་ལ་སྐྱོན་མི་མངའ། །ཞེས་གསུངས་པ་ལྟར་ངེས་ཤིང་། ཕྲིན་ལས་ཀྱི་ཡོན་ཏན་རྒྱས་པར་འོག་ནས་འབྱུང་སྟེ་འདིར་ཡང་མདོ་ཙམ་སྨོས་ན། རྒྱལ་བའི་སྐུ་གསུང་ཐུགས་ཀྱི་ཕྲིན་ལས་ལྷུན་གྱིས་གྲུབ་པ་དང་རྒྱུན་མི་འཆད་པ་གཉིས་ཀྱིས་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པར་མཛད་པ་སྟེ། དེ་ཡང་གདུལ་བྱའི་ངོས་ནས་དཀྲིར་རུང་ན་ཐུབ་པས་གདུལ་བྱ་དེ་ཕུན་ཚོགས་དང་མ་སྤྲད་པ་དང་། རྒུད་པ་ལས་མ་དྲངས་པ་ཅུང་ཟད་ཀྱང་མེད་པས་བགྱི་པར་འོས་པ་ཐམས་ཅད་ངེས་པར་མཛད་པ་ཡིན་ཏེ། བརྒྱ་ལྔ་བཅུ་པ་ལས། ཁྱོད་ཀྱིས་ཉོན་མོངས་གཞོམ་པ་བཤད། །བདུད་ཀྱི་གཡོ་དག་བསྟན་པ་མཛད། །འཁོར་བའི་རང་བཞིན་མི་བཟད་བརྗོད། །འཇིགས་པ་མེད་པའི་ཕྱོགས་ཀྱང་བསྟན། །ཕན་དགོངས་ཐུགས་རྗེ་ཅན་གྱིས་ནི། །སེམས་ཅན་རྣམས་ལ་བགྱི་འཚལ་བ། །གང་ཞིག་ཁྱོད་ཀྱིས་མ་མཛད་པ། །གཞན་ཀོ་ཅི་ཞིག་མཆིས་ལགས་ཀྱེ། །ཞེས་དང་། བསྔགས་འོས་བསྔགས་བསྟོད་ལས། ཁྱོད་ཀྱིས་གང་ལས་འགྲོ་བ་དག །མ་དྲངས་རྒུད་པ་དེ་གང་མཆིས། །གང་དང་འཇིག་རྟེན་མ་སྤྲད་པའི། །ཕུན་ཚོགས་དེ་ཡང་གང་ཞིག་མཆིས། །ཞེས་གསུངས་པ་ལྟར་ཤེས་པར་བྱའོ། །གཉིས་པ་ཡོན་ཏན་མདོར་བསྡུས་ཏེ་བསྟན་པ་ནི། སྤྱིར་སྤངས་རྟོགས་མ་ལུས་པ་མཐར་ཕྱིན་པའི་བདག་ཉིད་ལ་སངས་རྒྱས་ཞེས་པའི་ངེས་ཚིག་དང་བཅས་པས་ཡོན་ཏན་མཐའ་དག་ཀྱང་བསྡུས་པ་ཡིན་ཅིང་། རྒྱུད་བླ་མ་ལས། སངས་རྒྱས་ཉིད་ནི་དབྱེར་མེད་པ། །དག་པའི་ཆོས་ཀྱིས་རབ་ཕྱེ་བ། །ཉི་མཁའ་བཞིན་ཏེ་སྤངས་པ་དང་། །ཡེ་ཤེས་གཉིས་ཀྱི་མཚན་ཉིད་དོ། །ཞེས་གསུངས་པ་དང་། མདོ་སྡེ་རྒྱན་ལས་ཀྱང་། གང་ལ་ཉོན་མོངས་ཤེས་བྱའི་སྒྲིབ་པའི་ས་བོན་དུས་རིང་རྟག་ལྡན་པ། །སྤོང་བ་ཤིན་ཏུ་རྒྱ་ཆེན་རྣམ་པ་ཀུན་གྱི་བཅོམ་གྱུར་ཅིང་། །གནས་གྱུར་ཆོས་དཀར་ཡོན་ཏན་མཆོག་ལྡན་ཐོབ་པ་སངས་རྒྱས་ཉིད། །ཅེས་དང་། གཞན་ཡང་། མ་རིག་གཉིད་ལས་སངས་ཕྱིར་དང་། །བློ་རྒྱས་གཉིས་ཕྱིར་སངས་རྒྱས་ཡིན། །ཞེས་པ་ལྟར་རོ། །བྱེ་བྲག་ཏུ་ཆོས་སྐུའི་ཡོན་ཏན་མཚན་ཉིད་བརྒྱད་དང་ལྡན་ཏེ། མཉམ་པ་དང་། ཟབ་པ་དང་། རྟག་པ་དང་། གཅིག་པ་དང་། ཡང་དག་པ་དང་། གཙང་བ་དང་། འོད་གསལ་བ་དང་། ལོངས་སྤྱོད་རྫོགས་པ་དང་འབྲེལ་བ་སྟེ། རྒྱུད་བླ་མ་ལས། ཐོག་མ་དབུས་མཐའ་མེད་ཅིང་རྣམ་དབྱེར་མེད། །གཉིས་མེད་གསུམ་བྲལ་དྲི་མེད་རྣམ་རྟོག་མེད། །ཆོས་དབྱིངས་རང་བཞིན་གང་ཡིན་དེ་རྟོགས་པ། །མཉམ་པར་བཞག་པའི་རྣལ་འབྱོར་པ་ཡིས་མཐོང་། །ཞེས་དང་། མདོ་སྡེ་རྒྱན་ལས་ཀྱང་། རང་བཞིན་སྐུ་ནི་མཉམ་པ་དང་། །ཕྲ་ཞིང་ལོངས་སྤྱོད་རྫོགས་འབྲེལ་དང་། །ཞེས་གསུངས་སོ། །ལོངས་སྤྱོད་རྫོགས་པའི་སྐུ་ཡང་ཡོན་ཏན་བརྒྱད་དང་ལྡན་ཏེ། འཁོར་དང་། ཞིང་དང་། སྐུ་དང་། མཚན་དང་། ཆོས་དང་། མཛད་པ་དང་། ལྷུན་གྱིས་གྲུབ་པ་དང་། རང་བཞིན་མེད་པ་རྣམས་ཏེ། མདོ་སྡེ་རྒྱན་ལས། ལོངས་སྤྱོད་རྫོགས་པ་ཁམས་ཀུན་ཏུ། །འཁོར་ཡོངས་སྡུད་དང་ཞིང་དང་མཚན། །སྐུ་དང་ཆོས་རྫོགས་ལོངས་སྤྱོད་དང་། །མཛད་པ་དག་གིས་ཐ་དད་དོ། །ཞེས་དང་། མངོན་རྟོགས་རྒྱན་ལས། མཚན་ནི་སུམ་ཅུ་རྩ་གཉིས་དང་། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་ནི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །ཅེས་པ་ལྟར་རོ། །སྤྲུལ་པའི་སྐུ་ཡང་ཡོན་ཏན་བརྒྱད་དང་ལྡན་པ་ཡིན་ཏེ། རྟེན་དང་། རྒྱུ་དང་། ཞིང་དང་། དུས་དང་། རང་བཞིན་དང་། འཇུག་པར་བྱེད་པ་དང་། སྨིན་པར་བྱེད་པ་དང་། གྲོལ་བར་བྱེད་པའོ། །མདོ་སྡེ་རྒྱན་ལས། །བཟོ་དང་སྐྱེ་དང་བྱང་ཆུབ་ཆེ། །མྱ་ངན་འདས་པ་རྟག་སྟོན་པས། །སངས་རྒྱས་སྤྲུལ་པའི་སྐུ་འདི་ནི། །རྣམ་པར་གྲོལ་བའི་ཐབས་ཆེན་པོ། །ཞེས་དང་། རྒྱུད་བླ་མ་ལས་ཀྱང་། སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་འཇུག་དང་བལྟམས་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་མོའི་འཁོར་ལ་དགྱེས་རོལ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །བདུད་སྡེ་འཇོམས་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། །མྱ་ངན་འདས་པར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་དང་། ཡང་དེ་ཉིད་ལས། འཇིག་རྟེན་ཞི་བའི་ལམ་ལ་འཇུག་པ་དང་། །རབ་ཏུ་སྨིན་དང་ལུང་སྟོན་རྒྱུ་ཡི་གཟུགས། །ཞེས་དང་། མངོན་རྟོགས་རྒྱན་ལས། གང་གིས་སྲིད་པ་ཇི་སྲིད་པར། །འགྲོ་ལ་ཕན་པ་སྣ་ཚོགས་པ། །མཉམ་དུ་མཛད་པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་འཆད། །ཅེས་དང་། གཞན་ཡང་མདོ་སྡེ་རྒྱན་ལས། དེ་དག་རྟེན་དང་དགོངས་པ་དང་། །ཕྲིན་ལས་ཀྱིས་ནི་མཉམ་པ་ཉིད། །ཅེས་དང་། རང་བཞིན་དང་ནི་རྒྱུན་མི་ཆད། །རྒྱུན་གྱིས་དེ་དག་རྟག་པ་ཉིད། །ཅེས་གསུངས་སོ། །དེ་ལྟར་ན་སྐུ་དང་ཡེ་ཤེས་ཕྲིན་ལས་དང་བཅས་པའི་སྤངས་རྟོགས་ཐམས་ཅད་སངས་རྒྱས་ཀྱི་ཡོན་ཏན་ཡིན་ལ། མདོར་ན་ཐེག་གསུམ་ཡོངས་ཀྱི་ལམ་དང་འབྲས་བུ་མཐའ་དག་དེ་བཞིན་གཤེགས་པའི་ཡོན་ཏན་ཁོ་ན་ལས་ནམ་ཡང་མ་འདས་ཤིང་། དེ་ཡང་དྲིལ་ན་སྤང་བྱ་མ་ལུས་པ་སྤངས་ཤིང་རྟོགས་བྱ་མཐའ་དག་ཡོངས་སུ་རྫོགས་ཏེ་མཁྱེན་བརྩེ་ནུས་གསུམ་གྱི་རང་བཞིན་དུ་གྱུར་པ་སངས་རྒྱས་ཀྱི་ཡོན་ཏན་ཡིན་པས། ཡོན་ཏན་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཁོངས་སུ་གཞན་བཞི་པོ་འདུ་བའང་ཡིན་ལ། འདིར་རྒྱས་པར་སྤྲོར་མ་ལོངས་པས་མདོ་ཙམ་སྨོས་ཀྱི། ཞིབ་པར་ཤིང་རྟ་ཆེན་པོ་རྗེས་འབྲངས་དང་བཅས་པ་རྣམས་ཀྱིས་བཀྲལ་བའི་ལེགས་བཤད་ཀྱི་གཞུང་ཆེན་པོ་འགྲེལ་པ་དང་བཅས་པའི་དགོངས་པ་གུང་བསྒྲིགས་ཏེ་བློ་གྲོས་དང་དད་པའི་མིག་བསྒྲུབ་པར་བྱ་བ་ཁོ་ནའོ། །ལྔ་པ་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་རྣམ་གཞག་ལས་བརྩམས་ཏེ་ཅུང་ཟད་སྨོས་པ་ལ་གཉིས། མཛད་པའི་དོན་བདུན་རྒྱས་པར་བཤད། གཉིས་ཀྱིས་དོན་བསྡུ་བའོ། །དང་པོ་ནི། རྫོགས་པའི་སངས་རྒྱས་རྣམས་ཀྱི་ཕྲིན་ལས་ནི་འདི་དང་འདི་ལྟ་བུ་བྱའོ་སྙམ་པའི་རྣམ་པར་རྟོག་པ་དང་འབད་རྩོལ་གྱི་མཚན་མ་ཅུང་ཟད་ཀྱང་མི་མངའ་བཞིན་དུ་སྔོན་གྱི་ཐུགས་བསྐྱེད་དང་སྨོན་ལམ་རྒྱ་ཆེན་པོའི་མཐུས་ཡིད་བཞིན་གྱི་ནོར་བུས་འབད་རྩོལ་མེད་བཞིན་དུ་འོད་ཟེར་སྤྲོ་བ་དང་། དགོས་འདོད་འབྱུང་བ་དང་། ལྷའི་རྔ་བོ་ཆེས་རྟོག་པ་མེད་བཞིན་དུ་ཆོས་ཀྱི་སྡོམ་བཞི་སྟོན་པ་དང་མཐུན་པར། རང་རང་གི་ཁམས་དང་བསམ་པ་དང་དབང་པོ་དང་བག་ལ་ཉལ་ཅི་ལྟ་བ་བཞིན་དུ་སྐུ་གསུང་ཐུགས་ཀྱི་ཆོ་འཕྲུལ་མཐའ་ཡས་པས་གདུལ་བྱ་བསམ་གྱིས་མི་ཁྱབ་པའི་དོན་འབད་༡མེད་ལྷུན་གྱིས་གྲུབ་པར་འབྱུང་བ་དང་། ཉི་མའི་དཀྱིལ་འཁོར་ལ་འཆར་དང་མི་འཆར་གྱི་ཕྱོགས་རིས་མེད་པར་ཆུའི་སྣོད་དྭངས་པ་དང་མི་དྭངས་པ་ཐམས་ཅད་དུ་རང་རང་དང་འཚམས་པར་གཅིག་ཅར་དུ་འཆར་བ་བཞིན་དུ། སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་མཛད་པའང་འདི་ལ་སྣང་འདི་ལ་མི་སྣང་ཞེས་ཕྱོགས་༢རིས་ཅུང་ཟད་ཀྱང་མེད་པར་གདུལ་བྱ་རྣམས་རང་རང་གི་སྐལ་པ་མཆོག་དམན་དང་འཚམས་པར་གཅིག་ཅར་དུ་སྣང་བ་དང་། ཉི་མའི་འོད་ཟེར་དཔག་ཏུ་མེད་པའང་འདྲེས་ནས་པདྨ་ཁ་འབྱེད་པ་ལྟ་བུའི་བྱ་བ་གཅིག་ལ་འཇུག་པ་བཞིན་དུ་སེམས་ཅན་རེ་རེ་འདུལ་བ་ལའང་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་དང་ཕྲིན་ལས་གཅིག་༣ཏུ་འདྲེས་ནས་འཇུག་པ་དང་། འདུས་མ་བྱས་ཀྱི་ནམ་མཁའི་དབྱིངས་སུ་འདུས་བྱས་ཀྱི་དངོས་པོ་སྐྱེ་བ་དང་འཇིག་པ་རྒྱུན་མི་འཆད་པ་བཞིན་དུ་ཟག་པ་མེད་པའི་དབྱིངས་སུ་མངོན་པར་རྫོགས་སངས་རྒྱས་ནས་ཀྱང་། གདུལ་བྱ་དུས་ལ་བབ་པ་ན་ཕྲིན་ལས་འཇུག་ཅིང་། མ་བབ་ན་མི་འཇུག་པའི་ཚུལ་གྱིས་སངས་རྒྱས་ཀྱི་མཛད་པ་ནམ་ཡང་རྒྱུན་༤མི་འཆད་པ་དང་། ཕྱོགས་བཅུའི་ཞིང་ཁམས་མཐའ་ཡས་པར་འཁོར་བ་ཇི་སྲིད་ཀྱི་བར་དུ་ལ་ལར་མངོན་པར་བྱང་ཆུབ་པ་དང་། ལ་ལར་ཆོས་འཁོར་བསྐོར་བ་དང་། ལ་ལར་མྱ་ངན་ལས་འདའ་བར་སྟོན་པ་སོགས་ཐབས་༥སྣ་ཚོགས་པའི་སྒོ་ནས་ཇི་ལྟར་རིགས་པར་གདུལ་བྱའི་དོན་མཛད་པ་དང་། རི་མཐོ་དམན་གྱི་ཁྱད་པར་ལས་ཉི་མའི་འོད་ཟེར་རིམ་གྱིས་འཆར་བ་བཞིན་དུ་གདུལ་བྱ་སྐལ་པ་མཆོག་དང་བར་མ་དང་དམན་པ་རྣམས་ལའང་སངས་རྒྱས་ཀྱི་ཕྲིན་ལས་རང་རང་དང་འཚམས་༦པར་རིམ་གྱིས་འཇུག་པ་དང་། སངས་རྒྱས་མཐོང་བ་ཙམ་གྱིས་འཚེ་བ་དང་། ངན་སོང་དང་། ཐབས་མ་ཡིན་པ་དང་། ཁམས་གསུམ་གྱི་སྡུག་བསྔལ་དང་། ཐེག་པ་དམན་པ་ལས་སྐྱོབ་པ་སྟེ་ཡོངས་སུ་སྐྱོབ་པ་༧རྣམ་པ་ལྔས་སེམས་ཅན་གྱི་དོན་མཛད་པའོ། །གཉིས་པ་ནི། རྒྱལ་བའི་ཕྲིན་ལས་ཀྱི་ངོ་བོ་རྒྱུན་མི་འཆད་པར་གང་ལ་གང་འདུལ་གྱི་བཀོད་པ་ནམ་མཁའ་དང་མཉམ་པ་དང་། བྱེད་ལས་གདུལ་བྱ་མཐའ་ཡས་པ་ཆོ་འཕྲུལ་གསུམ་གྱིས་ལམ་གྱི་རྟེན་མཐོ་རིས་ལྷ་དང་ཚངས་པའི་ཐེག་པ། ལམ་དངོས་ཚོགས་སྦྱོར་ལ་སོགས་པ། མཐར་ཕྱིན་ཐེག་པ་གསུམ་གྱི་འབྲས་བུ་ལ་འགོད་པར་མཛད་པའི་ཕྱིར་མདོར་བསྡུ་ན་ལྷུན་གྱིས་གྲུབ་པ་དང་རྒྱུན་མི་འཆད་པ་གཉིས་སུ་འདུས་པའི་སྔ་མ་ནི། རྒྱུད་བླ་མ་ལས། གང་ཞིག་གང་གིས་གདུལ་བ་ཡི། །བྱ་གང་གང་དུ་གང་གི་ཚེ། །དེ་ཡི་རྣམ་རྟོག་སྐྱེ་མེད་ཕྱིར། །ཐུབ་པ་རྟག་ཏུ་ལྷུན་གྱིས་གྲུབ། །ཅེས་དང་། ཕྱི་མ་ནི། དེ་ཉིད་ལས། གཞན་གྱི་དབང་གིས་ངེས་འབྱུང་དང་། །བདག་དང་སེམས་ཅན་མཚུངས་གཟིགས་དང་། །མཛད་པ་ཡོངས་སུ་མ་རྫོགས་ཕྱིར། །འཁོར་བ་སྲིད་དུ་མཛད་མི་འཆད། །ཅེས་གསུངས་པ་ལྟར་རོ། །དེ་ལྟར་སྐུ་གསུང་ཐུགས་ཀྱི་མཛད་པའམ་ཕྲིན་ལས་ཀྱི་འཇུག་པ་ཐམས་ཅད་འབད་རྩོལ་རྟོག་པའི་འདུ་བྱེད་དང་བྲལ་ཡང་གདུལ་བྱ་སོ་སོའི་སྣང་བ་ལ་ཇི་ལྟར་འཆར་བའི་ཚུལ་ཡང་། ཇི་སྐད་དུ་ཐེག་པ་ཆེན་པོ་རྒྱུད་བླ་མ་ལས། བརྒྱ་བྱིན་རྔ་སྤྲིན་ཚངས་པ་དང་། །ཉི་མ་ནོར་བུ་རིན་ཆེན་བཞིན། །དེ་བཞིན་གཤེགས་པ་སྒྲ་བརྙན་བཞིན། །ནམ་མཁའ་དང་ནི་ས་བཞིན་ནོ། །ཞེས་དང་། ཇི་ལྟར་བཻ་ཌཱུར་ས་གཞི་གཙང་མ་ལ། །སོགས་དང་། དེ་བཞིན་དུ། ཇི་ལྟར་ལྷ་ནང་ལྷ་རྣམས་ཀྱི། །སྔོན་གྱི་དཀར་པོའི་མཐུ་ཡིས་ནི། །འབད་དང་གནས་དང་ཡིད་གཟུགས་དང་། །རྣམ་པར་རྟོག་པ་མེད་བཞིན་དུ། །མི་རྟག་སྡུག་བསྔལ་བདག་མེད་དང་། །ཞི་བའི་སྒྲ་ཡིས་བག་མེད་པའི། །ལྷ་རྣམས་ཐམས་ཅད་ཡང་ནས་ཡང་། །ཆོས་ཀྱི་རྔས་ནི་སྐུལ་བྱེད་ལྟར། །དེ་བཞིན་ཁྱབ་བདག་འབད་སོགས་དང་། །བྲལ་ཡང་འགྲོ་བ་མ་ལུས་པ། །སངས་རྒྱས་ཆོས་ཀྱིས་ཁྱབ་མཛད་དེ། །སྐལ་ལྡན་རྣམས་ལ་ཆོས་སྟོན་ཏོ། །ཇི་ལྟར་དབྱར་གྱི་དུས་ན་སྤྲིན། །ལོ་ཐོག་ཕུན་སུམ་ཚོགས་པའི་རྒྱུ། །ཆུ་ཡི་ཕུང་པོ་འབད་མེད་པ། །ས་ལ་མངོན་པར་འབབ་པ་ལྟར། །དེ་བཞིན་ཐུགས་རྗེའི་སྤྲིན་ལས་ནི། །རྒྱལ་བའི་དམ་ཆོས་ཆུ་ཡི་ཆར། །འགྲོ་བའི་དགེ་བའི་ལོ་ཏོག་རྒྱུ། །རྣམ་པར་རྟོག་པ་མེད་པར་འབེབས། །ཇི་ལྟར་ཚངས་པ་ཚངས་པ་ཡི། །སོགས་ནས། དེ་ནི་དེ་ལ་རྣམ་མི་རྟོག །ཅེས་པའི་བར་གྱིས་ཞིབ་ཏུ་བསྟན་པ་ལྟར་ལུང་རྣམ་དག་དང་། གཞན་ཡང་རིགས་པའི་དབང་ཕྱུག་རྣམ་གཉིས་ཀྱི་གཞུང་གིས་བསྟན་པའི་རིགས་པ་དྲི་མ་མེད་པ་དང་བཅས་པའི་ལམ་ནས་ཚུལ་འདི་དག་ལེགས་པར་བསྒྲུབས་ཏེ། སངས་རྒྱས་བཅོམ་ལྡན་འདས་ཉིད་སྲིད་དང་ཞི་བའི་ཁོངས་ན་ཆེ་བར་གྲགས་པ་གང་གིས་ཀྱང་སྐུའི་བ་སྤུ་ཉག་གཅིག་ལ་འགྲན་པར་མི་བཟོད་པ་ཟླ་མེད་པའི་སྟོན་པ་ཚད་མར་མཐོང་བའི་ངེས་ཤེས་ཐེ་ཚོམ་གྱི་སྨགས་དང་བྲལ་བ་རྙེད་དེ། གཞན་གྱིས་མི་འཕྲོག་པའི་དད་པ་རྒྱ་མཚོའི་དབུས་ན་གནས་པར་བྱ་བ་ནི་བློ་དང་ལྡན་པའི་སྐྱེས་བུས་དོན་དུ་གཉེར་བྱ་ཉག་གཅིག་པུ་པ་ཡིན་ནོ། །འདི་ལས་འཕྲོས་ཏེ་དེ་བཞིན་གཤེགས་པའི་གསང་གསུམ་ཕྲིན་ལས་དང་བཅས་པ་རྗེས་སུ་དྲན་པའི་དགོས་ཆེད་དང་ཕན་ཡོན་ལས་བརྩམས་ཏེ་སྨྲ་བར་འོས་པ་མང་དུ་མཆིས་ཀྱང་མདོ་དང་བསྟན་བཅོས་རྒྱ་མཚོ་ལྟ་བུ་ལས་འབྱམས་ཀླས་པར་གསུངས་པས་དེ་དང་དེ་དག་ཏུ་ཤེས་པར་བྱའོ། །རྒྱལ་བའི་གསང་གསུམ་ཡོན་ཏན་ཕྲིན་ལས་བཅས། །མི་ཟད་རྒྱན་གྱི་འཁོར་ལོ་རྣམ་ལྔའི་གཏམ། །སྙིང་པོར་དྲིལ་བའི་ལེགས་བཤད་ཟླ་ཤེལ་ཁམས། །རང་གཞན་གདུང་བ་བཅིལ་པའི་དཔལ་དུ་གྲུབ། །དད་གསུམ་འཆི་བ་མེད་པའི་ལམ་ཡངས་དེར། །བདེ་གཤེགས་ཆེ་བ་སྤྲིན་ཕུང་འཛུམ་པ་ལས། །བྱིན་རླབས་སྦྲང་ཆར་བསྙིལ་པའི་ཟིལ་དངར་གྱིས། །ཕན་བདེའི་ལོ་འབྲས་གཡུར་དུ་ཟ་གྱུར་ཅིག །བརྗོད་བྱ་ཟབ་དང་རྒྱ་ཆེའི་དོན་གྱིས་སྤུངས། །རྗོད་བྱེད་ཉུང་ངུའི་ངག་ཏུ་དྲིལ་འདིས་ཀྱང་། །ཕུན་ཚོགས་མཐའ་དག་རྫོགས་པའི་ཐུབ་རྣམས་ཀྱི། །ངོ་མཚར་བདག་གཞན་རྒྱུད་ལ་འབྱོར་གྱུར་ཅིག །ཅེས་པའང་བདེ་བར་གཤེགས་པ་རྗེས་སུ་དྲན་པའི་བསོད་ནམས་རླབས་པོ་ཆེ་འདུ་བྱ་བའི་སྐོར་དམིགས་ནས་ཐེག་པ་མཆོག་གི་བཀའ་དང་བསྟན་བཅོས་དྲི་མ་མེད་པ་རྣམས་ཀྱི་དགོངས་པ་ལྟར་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་ཉུང་གསལ་སྙིང་པོར་དྲིལ་བའི་ཚུལ་གྱིས་སྦྱར་བ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །། | |||
}} | }} | ||
</onlyinclude> | </onlyinclude> |
Revision as of 13:45, 3 August 2021
Wylie title | de bzhin gshegs pa'i sku gsung thugs yon tan phrin las mi zad rgyan 'khor lnga yi rnam par bzhag pa'i gtam dpyod ldan rna ba'i bcud len | |
---|---|---|
Location | mkhyen brtse'i bka' 'bum Volume 2, sde tshan 1, Text 43, Pages (Folios to ) | |
Author | འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | |
Less details More details | ||
Citation | 'jam dbyangs mkhyen brtse'i dbang po. de bzhin gshegs pa'i sku gsung thugs yon tan phrin las mi zad rgyan 'khor lnga yi rnam par bzhag pa'i gtam dpyod ldan rna ba'i bcud len. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 2: . Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020. | |
Genre | Detailed Classification - rnam bzhag; Discourses - gtam | |
Colophon |
།ཅེས་པའང་བདེ་བར་གཤེགས་པ་རྗེས་སུ་དྲན་པའི་བསོད་ནམས་རླབས་པོ་ཆེ་འདུ་བྱ་བའི་སྐོར་དམིགས་ནས་ཐེག་པ་མཆོག་གི་བཀའ་དང་བསྟན་བཅོས་དྲི་མ་མེད་པ་རྣམས་ཀྱི་དགོངས་པ་ལྟར་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་ཉུང་གསལ་སྙིང་པོར་དྲིལ་བའི་ཚུལ་གྱིས་སྦྱར་བ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། | |
ces pa'ang bde bar gshegs pa rjes su dran pa'i bsod nams rlabs po che 'du bya ba'i skor dmigs nas theg pa mchog gi bka' dang bstan bcos dri ma med pa rnams kyi dgongs pa ltar 'jam dbyangs bla ma dgyes pa'i 'bangs mkhyen brtse'i dbang pos nyung gsal snying por dril ba'i tshul gyis sbyar ba phyogs dus gnas skabs kun tu dar zhing rgyas la yun ring du gnas pa'i rgyur gyur cig__/sarba dA ka l+yA NaM b+ha ba tu |
1 Texts in this Section (sde tshan or chos tshan)